སྐྱོ་བྲག་དགའ་དབང་།
ད་ལོའི་བཀའ་བློན་ཁྲི་པ་དེ། གོང་ས་སྐྱབས་མགོན་ཆེན་པོས་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་གཅམ་འཇོག་གནང་བ་ དང་། དགའ་ལྡན་ཕོ་བྲང་བོད་གཞུང་གི་ལོགས་སུ་བྱས་པ་ལ་བརྟེན་ནས། འཛམ་གླིང་ཐོག་སྔར་དང་མ་འདྲ་བའི་གླེང་སློང་བྱུང་ཡོད། ཐ་མའི་བཀའ་ཁྲིའི་འགྲན་རྩོད་ཁྲོད་མི་གསུམ་བྱུང་བ་བོད་མི་འདུས་སྡོད་རྣམས་སུ་ ཕེབས་ནས་གཏམ་བཤད་སྤེལ་བ་ན། ད་ལོའི་བཀའ་ཁྲི་སྔར་དང་མི་འདྲ་བའི་གལ་ཆེན་ཡིན་པ་རྒྱུ་མཚན་དུ་བཀོད་ནས། སོ་སོའི་གཙོར་འདོན་བྱ་ས་ནི། བཀའ་ཟུར་བཀྲ་ཤིས་དབང་འདུས་ཀྱིས། འོས་མི་འཕྱུགས་མི་ཉེན་དང་། ཁྲི་ཟུར་བསྟན་འཛིན་རྣམ་རྒྱལ་གྱིས། སྔར་གྱི་བྱས་རབས་དང་། མཁས་དབང་བློ་བཟང་སེང་གེས། འབྱུང་འགྱུར་བྱ་རབས་དག་བཤད་ཅིང་། གཞོན་སྐྱེས་མང་ཆེ་བས་བློ་སེང་གི་ན་ཚོད་དང་། གྲྭ་བཙུན་མང་ཆེ་བས་བློ་སེང་གི་ཁ་ལྕེ་དང་། འགའ་ཤས་ཤིག་གིས་བློ་སེང་གི་སློབ་སྦྱོང་ལ་བལྟས་ནས་རྒྱལ་ཁ་ཐོབ་ཡོད། ད་ནི་ང་ཚོས་ཁོང་གི་བྱ་རབས་ལ་རེ་བཅོལ་ནས་སྒུག་རྒྱུ་ཙམ་ཡིན། ཁོང་ལ་ང་ཚོའི་གནས་སྟངས་ཀྱིས་སྤྲད་པའི་འགན་ཆེ་ཤོས་ནི་བོད་དོན་བདེན་མཐའ་གསལ་ རྒྱུ་དེ་རེད། གཞན་བོད་གཞིས་པའི་རེ་སྐོང་སྐུ་མདུན་བོད་ལ་གདན་འདྲེན་ཞུ་བ་སོགས་ཀྱང་ཡོད། ཡིན་ནའང་། དེ་ཚོ་དབང་མི་ལག་ཅོ་ཏོ་ཤིང་ཁ་ཞེས་པའི་དཔེ་ལྟར་ཡིན་ཕྱིར་ཁོང་གི་དབང་ནུས་འོག་ སླེབ་ཐུབ་པ་ཁག་པོ་རེད་ལ། ལས་དོན་གཞན་དག་ཀྱང་ང་ཚོའི་གནས་སྟངས་ཀྱི་དབང་གིས་ཁོང་གི་ཤེས་འཇོན་གྱི་རྐང་ ལག་རྐྱོང་སའི་ཁོར་ཡུག་ཅིག་མེད། དེར་བརྟེན་བརྒྱ་བཤད་སྟོང་ལ་གཏུག་ནའང་ཡོས་ལ་འབབས་པའི་རྩམ་པ་ནི། ན་གཞོན་ཚོའི་དེང་དུས་ཀྱི་ཤེས་ཡོན་གོང་འཕེལ་དུ་གཏོང་བ་དང་། ཉིན་རེའི་འཚོ་བར་དཀའ་ངལ་ཡོད་པའི་གསར་འབྱོར་སོགས་རང་རིགས་མི་ཉུང་བ་ཞིག་ ཕྱིའི་འབྱོར་ལྡན་གྱི་རྒྱལ་ཁབ་དག་ཏུ་གཏོང་ཐུབ་པ་སོགས་ཁོང་གི་ཆབ་སྲིད་ལང་ཕྱོགས་རང་ཁ་རང་གསོར་གཏོགས་པའི་ལས་རིགས་ཁ་ཤས་ཤིག་ཡིན། ང་ཚོས་ཀྱང་འདི་དག་ལ་རེ་སྨོན་བྱས་ན་བྱ་བ་འབྲས་བུ་དང་བཅས་པ་ཡིན་གྱི། གཞན་ཆེན་པོ་དང་མང་པོ་ཞིག་ལ་ཁ་གདངས་པ་ནི་སོ་སོ་ཡི་ཐང་ཆད་བྱེད་ཙམ་རེད།
༼ད་ནི་ང་ཚོས་ཁོང་གི་བྱ་རབས་ལ་རེ་བཅོལ་ནས་སྒུག་རྒྱུ་ཙམ་ཡིན།༽
མི་ལོ་ ༥༠ ལྷག་བོད་མི་མང་ནས་བོད་སྤྱིའི་འགན་དེ་༧གོང་ས་མཆོག་ལ་སྤུངས་ཏེ་ངས་ཅི་མི་ཤེས་ཟེར་ནས་རང་ཉིད་སྐྱིད་ཉལ་རྒྱབས་ནས་སྒུག་ ད་དུང་ཡང་ བོད་སྤྱི་པའི་འགན་དེར་མང་ཚོགས་ནས་འཆར་གྲུ་མཉམ་སྟེག་མ་བྱས་པར་བཀའ་བློན་གསར་པ་མི་གཅིག་གི་མགོ་བོའི་སྟེང་དུ་བཞག་སྟེ་རེ་བ་བཅོལ་ནས་སྒུག་བསྡད་ན་ མི་རིགས་གཅིག་དང་རྒྱལ་ཁབ་གཅིག་གི་རྩ་དོན་ཇི་ལྟར་འགྲུབས་ཐུབ་།