ལྷག་བསམ།
ཁ་ནས་བཤད་པའི་གནས་དོན་ཞིག་དང་ལག་ལེན་འགལ་བའི་བུ་མོ་ལགས།།
སྐབས་རེ་ངུ་ངག་འདྲེས་མའི་ཚིག་གིས་དམག་མི་ལྷན་དུ་དཀའ་རབས་བཤད།།
སྐབས་རེ་འདས་དོན་མང་པོ་གླེང་ཞིང་འགྱོད་སེམས་མཚོན་པའི་མིག་ཆུ་བཏང།།
ཁ་ཞེ་མི་མཚུངས་བུ་མོ་ཁྱེད་ཀྱི་རྟེན་འབྲེལ་ཉིན་མོར་དགའ་བསུ་ཞུ།།
དེ་རིང་ནི་ངའི་གྲོགས་མོ་ཞིག་གི་འཇིག་རྟེན་མཐུན་འཇུག་རྟེན་འབྲེལ་གྱི་ཉིན་མོ་ཡིན་པས་ངས་ཁོ་མོར་རྟེན་རྟེན་འབྲེལ་ཞུ་རྒྱུ་མིན། གཅིག་བྱས་ན་ངས་དེ་སྔ་ནས་ཞུས་ཟིན་པས་སོ། བསམ་བློ་གཏོང་སྐབས་ང་གཉིས་ངོ་ཤེས་ནསད་བར་ལོ་ངོ་མང་པོ་སོང་འདུག་ཀྱང། ཕན་ཚུན་སྐད་ཆ་བཤད་པ་ཙམ་ལས་ལུས་ཀྱི་འབྲེལ་བ་རྩ་བ་ནས་བྱེད་མ་མྱོང། ང་གཉིས་ཐོག་མར་ཕྱི་ལོ་ ༢༠༠༥ ལོར་མཐོ་སློབ་ནས་ངོ་ཤེས་པ་དང་དེ་ནས་ད་བར་ང་གཉིས་ཀྱི་འབྲེལ་བ་མ་ཆད་པར་བསྡད་པ་རེད། མཐོ་སློབ་ཐོན་རྗེས་ངས་ཁོ་མོར་འབྲེལ་བ་བྱ་རྒྱུའི་འབད་བརྩོན་ལན་མང་བྱས་ཀྱང་སྐབས་ཤིག་
རིང་དོན་ཐོག་ལ་སོན་མ་སོང། དེ་རྗེས་ང་རང་གཞུང་འབྲེལ་ཐོག་མོ་རང་བསྡད་སའི་ས་ཁུལ་ལ་ཟབ་སྦྱོང་སྤྲོད་པར་འགྲོ་སྐབས་མོ་རང་དང་ངོ་འཕྲད་བྱུང། ཐོག་མར་ཐུག་སྐབས་མོ་རང་གི་རྣམ་འགྱུར་བཤད་མི་ཤེས་པ་ཞིག་ཏུ་གྱུར་སོང། ཕལ་ཆེར་ངས་མོ་ལ་ང་རང་དེར་ཕྱོགས་སུ་ཡོང་གི་ཡོད་སྐོར་བཤད་མེད་པས་རེད་སྙམ། སྐབས་དེ་དུས་ངས་མོ་རང་ལ་དགའ་རོགས་ཡོད་པ་དང་མི་རིང་བར་ཆང་ས་རྒྱག་རྒྱུ་ཡིན་པ་ཐོག་མར་གོ་ཐོས་བྱུང། འོན་ཀྱང་ངས་བུ་སུ་ཡིན་མིན་དང་། ལས་ཀ་ག་རེ་བྱེད་མཁན་ཡིན་མིན་སོགས་ལ་དོ་སྣང་བྱས་མེད། ངས་སྔར་གྱི་གྲོགས་པོ་རྙིང་པ་ཞིག་གི་ངོ་བོའི་ཐོག་ནས་ཕན་ཚུན་ཐུག་སྐབས་སྐད་ཆ་བཤད་པ་ཡིན་ལ། མོ་རང་གི་གདོང་པར་སྐྱིད་སྣང་མངོན་རྒྱུ་མེད་པར་དེ་བས་གཟུགས་པོ་དང་གདོང་པར་རྒས་ཉམས་ཆེན་པོ་མངོན་འདུག ཕལ་ཆེར་དེ་ལས་གསལ་པོ་ཤེས་པ་ནི་མོ་རང་ལ་དཀའ་ངལ་ཆེན་པོ་ཞིག་འཕྲད་པ་གསལ་པོར་ཤེས། ངོ་མ་རེད། མོ་རང་མཐོ་སློབ་ཐོན་རྗེས་ཨ་ཕ་གཅིག་པུ་དེ་ཡང་རང་སྲོག་རང་གིས་བཅད་ནས་ཕྱི་མའི་ཡུལ་དུ་ཕྱིན་འདུག དེ་ནས་བཟུང་ད་བར་ང་གཉིས་བར་ལ་འབྲེལ་བ་མ་ཆད་པར་བསྡད་པ་ཡིན། སྐབས་རེ་མོ་རང་གིས་ཁ་པར་བརྒྱུད་སེམས་ཚོར་མ་ལུས་པ་གསལ་སྟོན་བྱས་མྱོང་ལ། སྐབས་རེ་མིག་ཆུ་དང་བཅས་མང་པོ་མང་པོ་ཞིག་བཤད་མྱོང། དེ་བས་མདོར་བསྡུས་ན། མོ་རང་ད་ལྟའི་དགའ་རོགས་དམག་མི་དེ་དང་མཉམ་དུ་སྡོད་དགོས་པ་ནི་ངས་མོ་རང་ལ་སྐབས་ཤིག་རིང་སྣང་མེད་བཏང་བས་ལན་ཚུལ་དང་། ད་དུང་ཡང་ང་རང་ལ་བརྩེ་བ་ཆེ་ཚུལ་བཤད་པ་བཅས་རེད། ད་ལྟ་ནས་རྩིས་པའི་ཟླ་བ་གཅིག་གཉིས་སྔོན་ལ་མོས་ང་རང་ལ་ཐུག་འདོད་ཡོད་ཚུལ་དང་། གལ་ཏེ་ངས་ཁས་ལེན་བྱས་ཚེ་ད་ལྟའི་དགའ་རོགས་དང་ཁ་བྲལ་ཏེ་ང་དང་ལྷན་དུ་བསྡད་རྒྱུ་ཡིན་སྐོར་གསལ་པོར་བརྗོད་སོང། སྐབས་དེ་དུས་ངས་ལན་འདེབས་བྱེད་མ་ཕོད། གང་ཡིན་ཟེར་ན་ཕར་ཕྱོགས་ཀྱི་བུ་དེའི་གནས་སྟངས་དང་ཕྱིས་འབྱུང་གི་མོའི་མི་ཚེའི་ནང་གཏམ་ངན་བཟོ་འདོདམེད་པས་སོ། དེ་རིང་ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས ༡༡་ཉིན་ངའི་བརྩེ་བའི་གྲོགས་མོ་ཁོང་གི་ཆང་སའི་རྟེན་འབྲེལ་ཉིན་མོ་ཡིན་མོད། ངས་མོ་ལ་རྟེན་འབྲེལ་གཤིས་ཚིག་ཞུ་ཐུབ་མ་སོང་ལ། ཞུ་འདོད་ཀྱང་མི་འདུག