འདྲེ་མགོ་རྡོ།
ལེའུ་གཉིས་པ།
བསམ་ཚུལ་མང་པོ་ཞིག་ད་བར་སྤྱི་ཚོགས་ཁྲོད་རླུང་གཡུག་པ་ལྟར་གྱུར་ཏེ། རྩ་དོན་མདུན་བསྐྱོད་ལ་གནོད་གཞིའི་ངོ་བོར་འགྲོ་བཞིན་པའི་ནང་ནས། གཅིག་ནི་” དབུ་མ་དང་རང་བཙན་ ” ཞེས་པའི་སྐད་ཆ་འདི་རེད། རང་བཙན་པར་བཏགས་པ་དག་གིས་སྔོན་དུ་གླེང་བ་བཞིན། སྤྱི་ཚོགས་འདི་མེ་ཞིག་ཡིན་དབང་དུ་བཏང་ན། དེར་སྣུམ་སྣོན་རྒྱུ་ལ་ཅི་མི་སྙམ་པའི་ལས་བྱེད་ཀྱི་ཡོད་ལ། དེ་དག་གི་ཁྲོད་ཀྱི་མི་རྣམས་ཀྱི་ཁ་དང་རྣ་རུ་ལྷང་ལྷང་གྲགས་བཞིན་པ་ནི་ཀླུ་མཁར་བྱམས་ལགས་རེད། རང་བཙན་རྩོད་མཁན་མེད་པ་མིན་ཏེ། སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེ་ནས་ཁོང་གི་བུ་རབས་ཚ་བརྒྱུད་དང་། དེ་བཞིན་སྟག་རྣ་འཇིགས་བཟང་དང་ཕུན་ཚོགས་ཉི་སྒྲོལ་སོགས་དེང་རྒྱལ་སྤྱིར་གྲགས་པའི་ཆབ་སྲིད་བཙོན་པ་རྣམས་ཀྱང་ཡོད་ལ། དཔའ་བོ་ཐུབ་བསྟན་དངོས་གྲུབ་གཙོས་ཞིང་གཤེགས་དཔའ་བོའང་བགྲང་གིས་མི་ལོང་བ་ཞིག་ཡོད། དེའི་ནང་དུ་ངའི་སྤོ་ལགས་རྨོ་ལགས་དེ་ཚོའང་ཡོད། ང་སིད་སིར་བསྐྱོད་ཐེངས་ཤིག་ལ། ངས་གོང་གི་ཆབ་སྲིད་བཙོན་པ་དེ་གཉིས་མཇལ་བ་ཡིན། ཡིན་ནའང་། ཁོང་ཚོས་བཤད་རྒྱུར། ” མི་རིགས་དང་རྒྱལ་ཁབ་ཀྱི་ལར་ཞེན་སྲོག་ལ་བརྗེ་ཐུབ་ཀྱང་། ༧གོང་ས་མཆོག་གི་ལམ་སྟོན་ནི་བོད་ཀྱི་ཕུགས་འདུན་གོང་ན་མེད་པ་དེ་ཡིན། རྒྱལ་སྤྱིའི་འགུལ་བསྐྱོད་མཐོང་རྗེས་དངོས་ཡོད་གནས་ཚུལ་ནང་ཆབ་སྲིད་ཀྱི་གོམ་པ་སྤོ་མ་ཐུབ་ན། ལས་ཀ་མེད་པའི་ཟོལ་འདྲ་བོ་ཞིག་འདུག་ ” ཅེས་གསུངས་སོང་།
ངས་མཚམས་དེར། ཁོང་ཚོ་དག་གི་རང་བཙན་ལ་༧གོང་ས་མཆོག་གི་དགོངས་གཞིའི་ཞགས་རྩི་ཡོད་པ་མཐོང་སོང་ལ། དེས་བོད་ཀྱི་འཕེལ་རྒྱས་ལའང་མཐའ་མཚམས་གཏན་འབེབས་བྱས་འདུག མཐའ་མཚམས་དེ་སླེབས་པར་བྱེད་པ་ལ་བོད་ཀྱི་རིག་གནས་ཉམས་མེད་ཐོག་དེང་དུས་ཤེས་ཡོན་དགོས་ངེས་ཅན་ཁག་ཅིག་ཟུང་སྦྲེལ་བྱས་ནས་བསྐྱོད་རྒྱུ་དེ་རེད། ལྟ་ཚུལ་དེས་ནི་དོན་དངོས་བོའི་ཆ་ནས་བོད་ཀྱི་རྩ་དོན་བཤད་ཀྱི་འདུག་མ་གཏོགས། ཐོབ་ཐང་ཙམ་དང་ཚོར་སྣང་ཙམ་ཡེ་ནས་བཤད་ཀྱི་མེད་པ་རེད།
འོན་ཀྱང་། དེང་གི་ན་གཞོན་རང་བཙན་པ་འདི་དག་གིས་བོད་ཀྱི་མདུན་ལྗོངས་ལ་ཚད་ཤིང་འཕེན་སྐབས། གཏན་དུ་བརྒྱུད་ནས་ཡོང་བའི་༧རྒྱལ་བ་རིན་པོ་ཆེའི་སྒྲིག་འཛུགས་ལ་ད་བར་ཟུར་ཟ་བྱས་ཡོད་ལ། བོད་ནི་ཟུར་བཏོན་གྱི་རྣམ་པ་ཞིག་གི་སྟེང་གནས་རྒྱུ་ལས། དེ་འཚོ་སྟངས་འཚོ་ལུགས་གང་འདྲ་ཡིན་མིན་ཟུར་ཙམ་ཡང་གསལ་ཁ་བྱེད་ཐུབ་མེད། དེས་དཔེ་མཚོན་གསལ་ཤོས་ཤིག་ནི། ད་བར་གཞོན་ནུ་ལྷན་ཚོགས་དང་། ཡང་ན་དེའི་ལག་རྡོ་ཀླུ་མཁར་བྱམས་སོགས་ཀྱིས་བོད་ཀྱི་ལོ་རྒྱུས་ཀྱི་གནས་སྟངས་གསལ་བོ་ཞིག་ཀྱང་ཡིད་ལ་བླངས་མེད། རང་བཙན་ནི་ལོ་རྒྱུས་ཡོད་མིན་གྱིས་རྩོད་དགོས་མིན་དང་། ཐོབ་དགོས་མིན་ཆ་མ་འཚལ་ཡང་། ལོ་རྒྱུས་ཀྱི་ཤེས་བྱའི་ཐད་ནས་བཤད་ན། ད་ཡོད་གཞོན་ནུ་དང་དེའི་ལག་རྡོ་ཀླུ་མཁར་བྱམས་གཉིས་ནི་དབུ་མའི་ལས་འགུལ་ཁང་གི་ཚོགས་མི་རྣམས་དང་བསྡུར་ས་ཁྱོན་ནས་མི་འགྲོ་བ་ཞིག་ཡིན། འོན་ཀྱང་། ཀླུ་བྱམས་ཀྱིས་རང་ལུགས་མཆོག་འཛིན་གྱིས། གཟས་ནས་ལས་འགུལ་བ་དེ་དག་གི་བྱ་སྤྱོད་གཞན་ལ་སུན་འབྱིན་བྱེད་པ་ནི་ལངས་ཕྱོགས་ནང་འཁྲུག་ནང་གི་བྱ་སྤྱོད་ཆེས་སྡུག་ཤོས་དེ་རེད། ལངས་ཕྱོགས་སམ། སྲིད་བྱུས་ཐད་ཀྱི་འདོད་ཚུལ་བཤད་རྒྱུར་མི་སུ་ལའང་རང་དབང་ཡོད་ལ། ནག་ཉེས་ཕོག་པའི་བྱ་སྤྱོད་ཡོད་ན་ཁྲིམས་ཁ་ནས་ཐག་གཅོད་བྱེད་རྒྱུ་ལས། མིའི་ཆབ་སྲིད་ཐད་ཀྱི་རང་དབང་འཕྲོག་མི་ཆོག དེ་ནི། བོད་མི་བསམ་མེད་རེ་ཤོས་ཀྱིས་བཤད་པའི་དོལ་རྒྱལ་བསྟེན་ན་བོད་ཀྱི་ཆབ་སྲིད་ནང་ཞུགས་མི་ཆོག་པའི་འདོད་ཚུལ་འཛིན་པ་དང་གཅིག་མཚུངས་རེད། བཤད་སྟངས་འདིས། ཀླུ་མཁར་བྱམས་ཀྱི་རང་བཙན་བཤད་པའི་ཚིག་དོན་རྣམས་གོང་འོག་མི་མཐུན་པ་དང་། བསམ་བློ་གཟབ་མནན་བཏང་མེད་པ། འོལ་ཚོད་མང་དྲགས་པ་གསལ་བཤད་བྱས་ཡོད། འདི་ནི་ཆབ་སྲིད་པ་ངོ་མ་ཞིག་ལ་འབྱུང་མི་སྲིད་པའི་གནས་སྟངས་ཤིག་ཀྱང་ཡིན། དེའི་དཔེ་མཚོན་ནི་བཙུན་པ་ཟམ་གདོང་ལྟ་བུ་རེད།
ངས་མཚམས་འདིར་སྒྲུང་ཞིག་བཤད་ན། ཡུན་རིང་མ་ལོན་པར་དབུ་མའི་ལས་འགུལ་བ་དག་དང་གཞོན་ནུ་མཉམ་དུ་༧གོང་ས་མཆོག་ལ་མཇལ་བ་རེད། སྐབས་དེར་མཇལ་བཅར་སར་མཐུན་སྣང་དུ་གྲུབ་ཡོད་པའི་དོན་དག་གཅིག་ནི། རང་བཙན་པ་ཞིག་ཏུ་རློམ་པ་ཞིག་གིས༧གོང་ས་མཆོག་གི་གསལ་ཞིང་གསལ་བའི་བཀའ་སློབ་ཀྱི་དོན་དག་ལ་ལྟོས་མེད་ཀྱིས་དྲི་བ་གླེན་རྟགས་ཅན་བཏང་འབྲས། ༧གོང་ས་མཆོག་སྐུ་རླུང་གིས་བཞེངས་ནས་ཕེབས་སོང་བ་རེད། གནད་དོན་དེས་ཅི་ཞིག་གསལ་བཤད་བྱས་ཡོད་པ་རེད་དམ་ཅེ་ན། གཞོན་ནུའི་ཚོགས་མི་ཚོས་ཞེན་ཁོག་གཅིག་པུས་རང་བཙན་ཞེས་པའི་ཚིག་འདི་འདོར་ཐུབ་ཀྱི་མེད་པ་བསྟན་ཡོད་ཁར། དངོས་ཡོད་ཕྱོགས་ཡོངས་ཀྱི་གནས་སྟངས་ལ་རྦད་དེ་ནག་ཁུངས་ཡིན་ཁར། སློབ་སྦྱོང་ཀྱང་བྱེད་འདོད་མེད་པའི་རྣམ་པ་གསལ་བོར་བསྟན་ཡོད་པ་རེད།
དེང་སྐབས་ཀྱི་གཞོན་ལྷན་དབུས་རྒྱུན་ལ་ཆགས་བཞག་ན། སློབ་སྦྱོང་ཚད་ལྡན་མཐུན་སྣང་དུ་གྲུབ་པ་གཅིག་ཀྱང་ཡོད་སྐད་མ་ཐོས། ཁོང་ཚོ་རྣམས་ཀྱིས་བོད་ནང་གི་རིག་གནས་དང་རིག་གཞུང་གི་གནས་བབ་ཉམས་ཆགས་འགྲོ་བཞིན་པ་འདི་དང་། བོད་མི་རྣམས་ཀྱང་རིམ་བཞིན་རིགས་བསྒྱུར་དང་། གཤིས་བསྒྱུར་གྱིས་རྒྱ་ནག་གི་ངན་ཇུས་རྟིང་ནག་པོ་སྤུ་གྲིའི་སོ་ཁ་བཞིན་བཙངས་ནས་ཡོང་བཞིན་པ་གཉིས་ཀྱི་ཁ་གཏད་དུ་གནས་སྟངས་གང་ཆགས་མཁྱེན་གྱི་ཡོད་མེད་དེ་རེད། གནས་སྟངས་འདི་མ་མཁྱེན་པའི་དོན་དག་ཅིག་རྩ་བ་ནས་མིན་ཡང་། མ་མཁྱེན་ཚུལ་བཞེས་དགོས་པ་དང་། ཡང་ན་རང་གི་ལངས་ཕྱོགས་དང་ཐད་ཀར་འབྲེལ་བ་མེད་པ་ལྟ་བུས་ཁོང་ཚོ་དག་གིས་བག་ལ་ཞ་བའི་ཚུལ་དུ་བཞག་ཡོད།
དབུ་མ་པ་དངོས་མ་དེས། གནས་སྟངས་འདི་ཛ་དྲག་ཆེན་པོས་མྱུར་སྐྱོབ་ཁང་དུ་གདན་འདྲེན་ཞུ་བཞིན་ཡོད་ཀྱང་། རང་བཙན་པར་བཏགས་པ་ཀླུ་མཁར་བྱམས་སོགས་པ་རེ་ཟུང་གིས། རྔམ་རྫིག་གིས་བོད་ཀྱི་ད་ཡོད་ཉམས་ཆག་དེ་དག་རྒྱལ་ཁབ་ཅིག་གི་རང་དབང་སླར་གསོའི་ནང་གཏོང་དགོས་པའི་འགྲོ་གྲོན་ཞིག་ཏུ་ཚིག་གི་ཤུགས་ན་བཤད་ཀྱི་ཡོད། འོན་ཀྱང་རང་ངོ་མཛུབ་མོ་བཙུགས་ནས་དྲི་བ་རེ་གཏོང་ཐུབ་པ་ཡིན་ན། ཁོའི་ཚེ་སྲོག་ངའི་ཆེད་དུ་ཤོར་ཀྱང་སྐྱོན་མི་འདུག་བསམས་པ་ནི་ཕལ་ཆེར་མའོ་ཙེ་ཏུང་ལ་བསམ་བློར་ཐེངས་འགར་འཁོར་མྱོང་བས་མ་ཚད། རང་གི་མི་སེར་གྱི་ཤ་ཁྲག་གི་འགྲོ་གྲོན་གཏོང་རྒྱུའི་འཇིགས་སྐུལ་འཐེན་པའི་སྐྱུག་བྲོ་བའི་བྱེད་ཕྱོགས་ལོ་རྒྱུས་ཀྱིས་གསལ་བཤད་བྱེད་བཞིན་པ་རེད། གལ་སྲིད་བོད་ནང་དུ་བོད་མི་ཚོས་ང་ཚོའི་རང་བཙན་པ་དག་གི་ཆོད་སེམས་འདི་ཤེས་པ་ཡིན་ན། བསམ་བློ་ཅི་ཞིག་འཁོར་ངེས་སམ།
བོད་མི་རྣམས་ཀྱིས་ཡིན་གཅིག་མིན་གཅིག་གདམ་ག་བྱེད་པའམ། བསམ་བློ་གཏོང་དགོས་པ་གཅིག་ནི། བོད་ཀྱི་ད་ལྟའི་ནད་རོ་དེ་དག་སངས་དྲག་གིས་རང་དབང་གི་འཚོ་བ་གདམ་ན་དགའ་འམ། ཡང་ན། ཁྲག་དང་རིག་གནས། མི་རྒྱུ། བརྩེ་དུངས། ལར་ཞེན་བཅས་ཀྱི་འགྲོ་གྲོན་ཅི་ཙམ་བཏང་དགོས་ཀྱང་། རྦད་དེ་ཁ་འཐོར་ནའང་། དབུ་མའི་ལམ་དུ་བསྐྱོད་རྒྱུ་མིན་པའི་རང་ངོས་ཀྱི་ཆོད་སེམས་སྟོན་དགོས་པ་རེད། འདི་ནི་ངས་ལྟོས་ན་དབུ་མ་དང་རང་བཙན་གཉིས་ཀའི་གཞི་མདོ་ལྟ་བུ་ཡིན་ཁར། མིའི་གཤིས་ལུགས་སུ་གྲུབ་ཚུལ་ལ་ལྟ་སྟངས་དང། ཉམས་ལེན་བྱེད་ཀྱི་ཡོད་མེད་ཀྱང་མཚམས་འདི་ནས་དབྱེ་འབྱེད་བྱེད་ཐུབ་པ་ཞིག་ཀྱང་རེད་འདོད།
འོན་ཀྱང་། རང་བཙན་པ་དག་གིས་ད་ལྟ་བྱུང་བཞིན་པའི་ནད་རྙིང་འདིར་ཤི་གསོན་གྱི་ཁེགས་ཐག་གང་ཡང་མེད་པར། མཐའ་གཅིག་ཏུ་རྒྱལ་བ་རིན་པོ་ཆེ་ནས་བརྩིས་ཏེ་དབུ་མ་སྨྲ་བ་ཡོད་ཚད། ཨ་བུ་རག་སྡིས་སོགས་ཀྱི་རྒྱལ་བཙོང་བའི་མིང་བྱང་གི་མཇུག་ཏུ་བཀོད་རྒྱུ་ཡིན་ཟེར་བ་ནི། ཀླུ་མཁར་བྱམས་ཀྱི་སྐད་ཆ་རིག་འཚོ་ཟིན་པ་ཞིག་རེད་འདུག་གམ། སྐད་ཆ་འདི་ནི་ནང་དོན་གྱིས་སྟོང་ཞིང་། ཐད་ཀར་གང་ཟག་ལ་འཇིགས་སྐུལ་གཏོང་བ་རེད་འདུག་པས། རང་བཙན་པས་དབུ་མ་པར་རྒོལ་སྟངས་འདི་ནི་རྡ་རམ་ས་ལའི་ཆབ་སྲིད་པ་ཐབས་ཆག་ཚོའི་ལས་ཀ་མིན་ན་གང་ཡིན།
མུ་འགོད།
མདོར་བསྡུས་ན་གཞན་ཡུལ་འདིར་བཙན་བྱོལ་གྱི་གནས་སྐབས་སུ་གཅིག་སྐྱོན་གཅིག་སྒྲོག་གིས་དབུ་མ་པས་རང་བཙན་པར་དབང་སྒྱུར་བྱས་ལུགས་དང་།རང་བཙན་པས་དབུ་མ་པར་ཟུར་ཟ་་དང་ཁྱད་གསོད་བྱས་ལུགས་སོགས་གླེང་ནས་དྲིལ་བསྒྲགས་ཏེ་འགོག་ཐབས་དང་དགག་པརྒྱག་བྱེད་པ་ནི་རང་རང་སོ་སོ་ཡང་དག་པརསྒྲུབ་ཆེད་དུཙམ་གྱི་དོན་དུ་ཆུང་ཆུང་བློ་ཡིས་མ་གཏོང་།།ཆེན་པོ་གར་སོང་མ་ཤེས་ཞེས་པ་ལས་མ་འདས་
མི་ཚང་མ་བསམ་བློ་གཅིག་པ་དང་ལྟ་གྲུབ་གཅིག་ཏུ་གནས་ཐབས་བྱེད་པའམ་ལྷ་ཁང་ནང་དུ་ལྷ་བསྒྲིགས་པ་ལྟར་ཕན་ཚུན་རྒྱུ་མཚན་བགྲངས་རེས་དང་ཀུན་སློང་རྣམ་དག་གི་ངང་རང་རང་གི་སྒྲུབ་བྱ་ལ་འཚོར་བ་གང་ཡང་མེད་པར་ཕོ་རོག་གིས་གཏོར་མ་སྒུག་པ་ལྟར་གནས་དགོས་་འདོད་བྱེད་པ་ནི།སྟོན་སངས་རྒྱས་ཤཀྱ་ཐུབ་པ་ལས་ཀྱང་ནུས་མཐུ་ཆེ་བར་རློམ་པ་ཞིག་ཡིན་པ་ལས་སྟོན་པ་མཆོག་གིས་གྲུབ་མཐའ་རང་རང་གི་འདོད་པ་རང་གི་ཁམས་དང་མོས་པ་ལྟར་རང་སོར་བཞག་ནས་དེ་དག་གི་ལྟ་སྤྱོད་ཐབས་མཁས་ཐུགས་རྗེས་གོང་འཕེལ་དུ་གཏོང་ཐབས་མཛད་པ་ལས་གཞན་གང་ཟག་བྱེ་བྲག་པ་འགའ་ཞིག་ལོགས་སུ་བགར་ནས་བརྩེ་བཌྷི་རྒྱ་ལས་འདོར་བར་བར་མི་བྱེད་དོ།
ཐོག་མར་རང་བཙན་གཙང་མར་ཉི་ཤུ་་འདས།།
དེ་ནས་ཏེང་ཞོའོ་ཕིང་གིས་ཚུར་ལ་རེ།།
གང་དེའི་གཡོ་ཡིས་རང་བཙན་ཕྱེད་ཙམ་ཤོར།།
དེ་རྗེས་དབུ་ལམ་ཉུང་ངུས་འབྲེལ་ལམ་བཙུགས།།
ད་ཆ་སྒོ་ཕར་བརྡུང་ཀྱང་ཡ་ལེན་མེད།།
སྔོན་མ་༸རྒྱལ་བས་དབུ་ལམ་གླེང་རྒྱུར་སྐྲག
གཞན་ཡུལ་གྱར་བའི་མི་ལོ་ལྔ་བཅུའི་རིང་།།
ཐོག་མར་དབུ་མ་གླེང་ན་སྲོག་ཉེན་ཆེ།།
བར་དུ་རང་བཙན་གླེང་ན་གཟི་བརྗིད་ཆེ།།
དེང་འདིར་རང་བཙན་བསྒྲགས་ན་དམོད་ཅིང་བརྡེག
བོད་དོན་མི་རྟག་རང་མཚང་འདི་ནས་སྟོན།།
དོན་དུ་རང་བཙན་བརྩོད་ན་དབུ་མར་ཕན།།
དབུ་མ་རྩོད་ནའང་རང་བཙན་གཉེན་འགྱུར་སྲིད།།
འདི་ཀུན་བསམ་ཚེ་རང་བཙན་རིན་ཐང་འཕར།།
ཞིབ་ཏུ་བརྟག་ན་་གཅིག་ཕན་གཅིག་ཉིད།།
འོན་ཀྱང་བྱིས་བློར་དེ་ཉིད་མེ་ཆུའི་གྲོགས།།
དེ་ཕྱིར་མེ་ཆུ་མཐུན་པའི་མཐུ་གཏད་སྒྲུབས།།
ཇི་ཙམ་ངར་རུང་རང་དོན་མ་ཡིན་པས།།
འཁོན་དུ་བཟུང་ནས་དགག་པ་ཅི་ལ་འཐད།།
མའོ་ཙེ་ཏུང་གིས་མི་མང་ནང་ཁུལ་གྱི་འགལ་བ་དེ་གནད་འགག་ཆེན་པོར་མཐོང་ནས་ཐབས་ཤེས་གང་མང་བྱས་ཡོད། གཅིག་བྱས་ན་འགལ་བ་དེ་རིགས་ནི་ཕྱི་ནང་སྟེ་དགྲ་གྲོགས་བར་གྱི་འགལ་བ་ལས་ཀྱང་ཉེན་ཁ་ཆེ་བས་རེད། འགལ་བ་དེ་ད་རག་བར་དུ་བསལ་ཐུབ་མེད། དེ་བས་དེང་སང་ཡང་གྲངས་ཉུང་མི་རིགས་ཁག་གི་གནད་དོན་ཚབས་ཆེ་རུ་འགྲོ་བཞིན་ཡོད། མང་པོ་ཞིག་གིས་དམངས་གཙོ་ཡང་དག་དགོས་ན་འགལ་བ་དགོས་པར་མ་ཟད། འགལ་བ་ཆེད་དུ་བཟོ་དགོས་སྙམ་མཁན་ཡོད་ལ་བཟོ་མཁན་ཡང་ཡོད།
འདྲེ་མགོ་རྡོས་བརྗོད་ཀྱིན་པ་འདི་དག་ཀྱང་བོད་མི་ནང་ཁུལ་གྱི་འགལ་བ་རྣོ་ངར་ཅན་དེ་ཆགས་ཡོད། འགལ་བ་ཇི་ལྟར་སེལ་རྒྱུ་དང་སེལ་ཐུབ་མིན་ནི་འགལ་བ་དེ་ངོ་བོ་ཅི་ལྟ་བུ་དང་རྣམ་པ་ཅི་ལྟ་བུ། ཆེད་བཟོས་སམ་ནོར་འཁྲུལ། མགོ་འཐོམས་གང་ཡིན། མཇུག་འབྲས་ཅི་ཡོང་སོགས་ནས་བསམ་ཞིབ་དང་གླེང་སློང་བྱེད་རྒྱུ་ཧ་ཅང་གལ་ཆེ་བས། འགལ་བ་འདིར་གཟིགས་ཚུལ་མི་འདྲ་བ་རྣམ་པས་ཀྱང་བློ་མིག་དང་ཁོག་རྒྱ་གཉི་ག་ཆེར་ཕྱེ་ནས་གནས་ལུགས་རེ་ཤོད་ཐུབ་པའི་རེ་བ་ཡོད།
མི་ལ་ལས་བདག་ནི་དབུ་མའི་ལམ་གྱི་རྒྱུག་ཁྱི་ཞིག་ཏུ་མཐོང་གིན་ཡོད་པ་འདྲ། ང་ཁ་ཞེ་གཉིས་མེད་ཀྱི་དབུ་མའི་ལམ་གྱི་རྒྱུག་ཁྱི་ཡག་ཤོས་ཤིག་བྱེད་འདོད་ཡོད། རྒྱུ་མཚན་གཅིག་རང་སྟེ། ང་རྒྱུག་སའི་སྦྱིན་བདག་ནི་ངའི་ཚེ་འདི་ཕྱིའི་མགོན་སྐྱབས་དང་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་ཡིན་པས་སོ།
དེས་ན་ང་ལ་དབུ་མའི་རྒྱུག་ཁྱི་ཞེས་པའི་མཚན་གནས་འདི་གནང་བར་བཀའ་དྲིན་ཆེ། ང་ལ་དེ་ལས་ལྷག་པའི་བསྟོད་ར་ཞིག་མེད།
སྤྱིར་རང་བཙན་འདོན་མཁན་དང་དབུ་འདོད་མཁན་སུ་ཡིན་ཀྱང་བོད་མི་རིགས་འདིའི་ཆེད་དུ་ཡིན་པས་སུ་ལའང་བཤད་རྒྱུ་ཅང་མེད་མོད། མི་རེ་ཟུང་གིས་རང་གིས་རྩོད་དགོས་པའི་དབུ་མ་དང་རང་བཙན་མི་རྩོད་པར་ཁ་ནང་དུ་འཁོར་ནས་གཅིག་གཅིག་གི་ལྟ་བ་ལངས་ཕྱོགས་ལ་གཞི་མེད་གྱི་སྐྱོན་འདོགས་སྣ་ཚོགས་བྱེད་པ་དང་ཕན་ཚུན་དགྲ་མཐོང་མཐོང་བྱེད་པ་དག་ནི་ཕུ་ནུའི་ཕམ་ཁ་ནང་ཞེས་པ་ལྟར་ཡིན་པས་རང་གི་མི་རིགས་ལ་ཤ་ཚ་ཅུང་ཡོད་མཁན་ཞིག་ཡིན་ན་འདི་རིགས་ལ་རྒྱུན་དུ་གཟབ་དགོས་ལ་དེ་དག་གི་ཚུལ་མིན་གྱི་སྤྱོད་ཚུལ་ངན་པ་རྣམས་ཐེར་འདོན་ཡང་བྱེད་དགོས་ངེས་ཡིན།
དྲ་གྲོགས་ཁ་ཤས་ཀྱིས་བསམ་ཚུལ་ཞིབ་ལྷུག་བྱེད་ཀྱི་འདུག་པས་དགའ་བྱུང་ལ། མི་གཞི་དང་ཤེས་ཡོན་གང་གི་ཆ་ནས་ཚད་མཐོར་སླེབས་པའི་སྐུ་ཞབས་རྩོམ་པ་པོ་ཆབ་བྲག་ལྷ་མོ་སྐྱབས་ཕེབས་པ་དེ་བས་ཀྱང་དགའ།
མི་ཟེར་མཁན་འདི། སྐྱག་ལངས་ལ་ཅིག་ཤོར་ཚར་དུས་ད་དྲང་ལམ་དུ་འབུད་རྒྱུ་ཁག་པོ་རེད། དེ་བཞིན་ང་ཚོའི་སྨྲ་སྒོ་ཁ་འདི་ཉིད་ཀྱང་། སྲང་བར་གྱི་མཐོང་ཐོས་དང་བཤད་ཡམས། རང་གི་ཚོར་སྣང་བཅས་ཀྱི་འོག་དང་གཡོག་ཏུ་ཕྱིན་པ་ཡིན་ན། ད་གཟོད་རང་མགོ་གཏུབ་བྱེད་ཀྱི་སྐད་ཆའང་བཤད་ངེས་པས། ང་ཚོས་དེ་དག་ཉི་མ་ཁ་དཀར་ངོ་དཀར་ལ་མ་མཐོང་མདོག་མདོག་གིས་སྔར་བཞིན་བཏང་སྙོམས་སུ་བཞག་པ་ཡིན་ན། རང་སྣང་རང་དག་གི་ལྒང་བུ་གནམ་ལ་འཕུར་རྒྱུ་དང་། སྐབས་མཚམས་ཤིག་ནས། མིག་གི་མཐོང་ཚད་ལ་གླེན་པ་གླེན་ནག་ཤེས་མེད་འཇོན་མེད་ཀྱང་འདོག་སྲིད་པ་འདྲ་བས། དབུ་མ་པ་ཡོད་ཚད་ཁྱི་དང་རྒྱལ་བཙོང་བའི་གྲས་སུ་མ་བྲིས་གོང་། རང་བཙན་པ་དག་གི་བཤད་ཡམས་སྤེལ་སྟངས་ལ་མི་རྣམས་ཀྱིས་དཔྱད་ཞིབ་ཅིག་བྱས་ན་མི་དགའ་འམ་བསམས་ནས། ངས་ལས་ཞོར་ནས། ཁོང་ཚོར་ཀུན་སློང་རྣམ་དག་གིས། མི་གཞི་སོགས་ཀྱི་ཟུར་ལའང་སེན་འབྲེད་ཙམ་མ་བྱས་པར། རིག་པ་དང་མཐུན་པའི་གླེང་སློང་འདི་མ་འབྲི་རང་འབྲི་ཆགས་སོང་།
དེས་ན། སུས་ཀྱང་། གནད་དོན་རང་གི་སྒང་ལ་ཅི་ཙམ་བགྲོ་གླེང་དང་དོགས་འདྲི་བྱེད་ཐུབ་པ་དེ་སྲིད་དུ་ངས་ཀྱང་དབང་རྟུལ་འདི་བེད་སྤྱོད་བཏང་ནས་མ་ཚར་བར་བཏང་རྩིས་ཡོད་ལགས་པས། སྐད་ཆ་ཆེན་པོ་བཤད་ནས། མི་མང་འུར་ལ་དཀྲོག་པ་ཚོས་ཀྱང་མ་གསན་མདོག་མདོག་གིས་ཡིབས་ནས་མ་འདུག་རོགས་ཞུ་རྒྱུ་ཡིན།
འདྲེ་མགོ་རྡོ་ལགས་་་་་ཁམས་བཟང་།
སྤྱིའི་ཆ་ནས་དུས་ཚོད་ཉུང་བ་དང་དངོས་མིང་མེད་པའི་དྲ་རྩོམ་བ་ཞིག་ལ་ཅིག་བཤད་ཀྱི་དགའ་པོ་མེད། ཡིན་ནའང་ཁྱེད་ཀྱི་དམིགས་ཡུལ་ངོ་མ་བཙན་བྱོལ་སྤྱི་ཚོགས་ནང་དུ་བོད་མི་རྒྱལ་གཅེས་བ་རྣམས་མགོ་བོ་ཡར་འདེབས་མི་བཅུག་པའི་གསར་བརྗེ་ཡ་ང་བ་ཞིག་སྒྲུབ་ཀྱི་ཡིན་པར་འདྲ། རྒྱལ་གཅེར་པ་ཨ་ཚོགས་ཀླུ་མཁར་བྱམས་ལགས་སུ་ཆ་རྒྱུས་ཡོད་ཀྱི་རེད། ཁོང་མི་ལོ་༡༣རིང་གོང་ཁྲན་ཏང་གི་བཙོན་ཁང་དུ་བཅུག་ནས་ཀ་ངལ་ག་ཚོད་བྱུང་ཡོད་མེད་དང་ལུས་ཀྱི་ཟུངས་ཁྲག་ཟད་ནས་ཤ་སྐོམ་རུས་སུ་ཐུག་མྱངས་ཡོད་པར་མཁྱེན་ངེས་ཡིན་ཆ་ཡིན།
བྱུང་ན་དངོས་མིང་དང་རང་ཉིད་ངོ་སྤྲོད་ཡོད་པའི་ཐོག་ནས་སྐད་ཆ་བཤད་ན་རིན་ཐང་ལྡན་པ་མ་ཟད་ང་ཚོ་ཉན་མཁན་ཚོ་ལ་ཁྱད་པ་ཆེན་པོ་འདུག གོང་དུ་བྲག་ཆབ་ལྷ་མོ་སྐྱབས་ཀྱིས་གསུངས་པ་ལྟར་ལམ་དབུས་མའི་རྒྱུགས་ཁྱི་བྱེད་ཀྱི་བྱུང་ན་༧གོང་ས་མཆོག་གི་དགོངས་པ་སྒྲུབ་ཀྱི་ཡོད་བསམ་བསྡད་མཁན་དང་རྨོགས་དད་ཀྱི་དྲི་མ་ཅན་ཚོ་ལ་དུས་ནམ་ཡང་གོ་བརྡ་འཕྲད་ཐུབ་ཀྱི་མེད་པ་ཡང་ཤེས་ཀྱི་ཡོད།
ང་ཅོ་རིས་ངོ་ནས་ཞུས་པ་ཡིན་ན་་་་ལམ་དབུ་མའི་དགོངས་དོན་ཡང་ཟམ་གདོང་བཀའ་ཤག་གི་ལྟ་གྲུབ་ལྟར་འདོད་ཀྱི་མེད་ལ་དབུ་མའི་ལམ་གྱི་དགོངས་དོན་མཐའ་ཐུག་བོད་ཀྱི་བདག་དབང་ཐག་གཅོད་བྱེད་དབང་བོད་རྒྱ་ཆེ་མི་དམངས་སུ་ཡོད་པར་འདོད་ཀྱི་ཡོད། གཅིག་རེད།
གཉིས་ནས་གནད་འགག་ཆེ་ཤོས་བོད་ཀྱི་རྒྱལ་ཁང་ཕོ་བྲང་པོ་ལའི་ནང་དུ་མང་གཙོ་ཚད་དང་ལྡན་པའི་སྲིད་གཞུང་ཞིག་འཛུགས་ཐུབ་དགོས་པ་ནི་༧གོང་ས་མཆོག་གི་རིང་ནས་སྙིང་ལ་མནར་བའི་འདོད་དོན་ཡིན་པ་ཁ་ཞེ་གཉིས་མེད་ཀྱི་བསམ་གྱི་ཡོད། འདིར་ནོར་མེད་སྙམ་མོ།།།།
སྤྱིའི་ཆ་ནས་༧གོང་ས་མཆོག་དེང་སང་གི་བཙན་བྱོལ་ཆབ་སྲིད་པ་ཚོས་ལག་ཆ་ཞིག་ཆགས་ཀྱི་ཡོད་པ་ལས་ཁོང་རང་རང་གིས་འདོད་དོན་ཇི་བཞིན་སྤྱི་ཚོགས་ནང་དུ་ཁྱབ་ཐུབ་ཀྱི་མེད་པར་མཐོང་གི་ཡོད། བྱས་ཙང་་་་་ཁྱེད་འདྲ་བའི་བཙན་བྱོལ་བ་ཚོས་བོད་མི་བརྒྱ་ཆ་དགུ་ཅུ་ཐམ་པས་༧གོང་ས་མཆོག་ལ་དད་པ་ཡོད་པར་ཤེས་ཀྱི་ཡོད་རེད། བོད་མི་བརྒྱ་ཆ་དགུ་བཅུ་ཁ་ལོ་ག་བསྒྱུར་ཡིན་པ་ཡང་ཤེས་ཀྱི་ཡོད་རེད།
དེས་རྒྱུ་མཚན་གྱིས་དབུ་མའི་ལམ་གྱི་དགོངས་འགྲེལ་གང་བརྒྱབ་ལ་མ་བལྟས་པར་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་ན་བོད་མི་བརྒྱ་ཆ་དགུ་ཅུ་རང་གི་ཕྱོགས་སུ་ཡོད་བསམ་པ་དང་བཙན་བྱོལ་ནང་གི་མཐོ་རིམ་དཔོན་རིགས་ཚོའི་ངོ་ལེན་པ་བཅས་ཡོང་གི་རེད་དྲན་གྱི་ཡོད་རེད། ཁྱེད་རང་ཉིད་ལ་ཡང་མིང་གཉེན་པོ་ཞིག་རག་ཐབས་དང་སྤྱི་ཚོགས་ནང་དུ་ཆ་བཞག་སར་ཞིག་ཆགས་པའི་ཆེད་དུ་མིན་ནམ་སྙམ། དེ་མ་གཏོགས་བོད་རྒྱ་ཆེན་མི་དམངས་ཀྱི་ཕུང་རྒྱངས་རིང་པོའི་མདུན་ལམ་དང་བདེ་སྡུག་རང་དབང་བཅས་སུ་ཐུགས་བསམ་བཞེས་ཀྱི་མེད་པ་འདོད་ཀྱི་ཡོད།
མདོ་བསྡུས་ན།
༡་་་བོད་ལ་ཕྱེད་རང་བཙན་དང་རྣམ་པ་འགྱུར་བའི་རང་བཙན་ཞིག་ལྷག་བསྡད་ཡོད།
༢་་་བོད་ལ་རང་བཙན་ལེན་ཐུབ་པའི་ཆ་རྐྱེན་ཡོད།
༣་་་བོད་ལ་རང་བཙན་གྱི་ཐོབ་ཐང་ཡོད་པ་འདི་ནི་དྲང་བདེན་ངོ་མ་ཡིན།
༤་་་བོད་ལ་ཆིག་སྒྲིལ་ཡོང་ས་རྒྱལ་གཅེས་ཀྱི་བསམ་བློ་འདིའི་ཐོག་ནས་ཡིན།
ཨོ་ཡ་་་་་ད་ལན་དེ་ཙམ་མོ།། ཡིག་ནོར་དང་ཚིག་ནོར་་་་ཡོད་ན་བཟོད་གསོལ་ཞུ་རྒྱུ་ཡིན་་་་ཞིབ་དག་བྱེད་ཁོམ་མ་བྱུང་སོང་།
འདྲེ་མགོ་རྡོ་ལགས།
༡་་་་་ཁྱེད་རང་གི་ངོས་ནས་གོང་ཁྲན་ཏང་གི་རྩ་ཁྲིམས་སུ་ངོས་ལེན་ཞུ་ཐུབ་ཀྱི་ཡོད་པས།
༢་་་་གོང་ཁྲན་དམར་གཞུང་གི་མི་སེར་སྤེལ་པའི་ལམ་ལུགས་ཀྱི་འོག་ཏུ་བོད་ཀྱི་རིག་གནས་དང་ཁོར་ཡུག་བཅས་སྐྱོབ་ཐུབ་ཀྱི་ཡོད་པས།
༣་་་་བོད་མི་རིགས་འདི་རང་རིགས་ནང་ཁུལ་དུ་འཆམ་མཐུན་ཡག་པོ་ཞིག་ཡོང་ཁ་བའི་སྐབས་སུ་རྒྱ་མི་རིགས་ཀྱི་དབང་ཡོད་དང་གཉའ་གནོན་འོག་ཏུ་འཆམ་མཐུན་གྱི་འཚོ་བ་ཞིག་ཡོང་སྲིད་ཀྱི་རེད་པས།
༤་་་་་མི་ལོ་ཉེ་ཤུའི་རིང་དུ་དབུ་མ་པ་ཚོས་བོད་མི་རིགས་ཀྱི་རིག་གནས་དང་ཁོར་ཡུག་བོད་མིའི་ཚེ་སྲོག་བཅས་སྲུང་སྐྱོབ་བྱས་ཐུབ་ཡོད་པས།
༥་་་་་བོད་རང་བཙན་པ་ཚོ་ངོ་མ་དོར་རྒྱལ་བརྟེན་མཁན་ལས་ཀྱང་སྡུག་པ་ཞིག་དང་བོད་པའི་སྤྱི་ཚོགས་ནས་ཁ་བྲལ་དགོས་པར་ངོས་ལེན་ཡོད་པས།
༦་་་གལ་སྲིད་ཀླུ་མཁར་བྱམས་ཀྱིས་ལམ་དབུ་མ་འདོད་ཀྱི་ཡོད་པ་དང་༧གོང་ས་མཆོག་གིས་རང་བཙན་འདོད་ཀྱི་ཡོད་ན་སུ་ཡི་རྒྱབ་སྐྱོར་བྱེད་ཀྱི་ཡིན་ནམ།
དགེ་ཆོས་མཆོག་གིས།
རི་བོ་རྩྭ་གཟན་སྤྱང་ཀི་ཤ་གཟན་གཉིས།
ཟས་ཀྱི་དོན་དུ་གྲོས་ཁ་བསྡུ་བ་ལས།
རེ་ཞིག་རང་རིགས་མཐུན་པའི་འཁོར་ནང་དུ།
རང་རང་སོ་སོའི་སྤྱོད་པ་སྐྱོང་ན་ལེགས།།།།ཞེས་དང་།
ཕྲག་དོགས་ཁྲག་གིས་སྨྱོན་པའི་ཨུ་ཚུགས་སྟག
འཇིགས་པའི་ངར་རོ་སྒྲོགས་པའི་ཚང་ཚིང་ན།
གཅིག་པོ་ལུས་པའི་བདེན་པའི་བུ་ཆུང་ལ།
ཤེས་རབ་ཅན་གྱི་སྙིང་རྗེའི་ཡུལ་དུ་དགོངས།
ཞེས་པའི་སྙན་ཚིག་འདི་ཚོ་རང་དབང་མེད་པ་ཡིད་ལ་འཁོར་ཡོང་ཡང་དེང་སང་གི་རྒྱལ་གཅེས་པ་ཚོའི་མི་ཚེ་མདུན་ལམ་དང་སྐད་ཆ་ཡི་ནུས་ཤུགས་བཅས་སྤྱི་ཚོགས་ནང་དུ་ནག་ཉེས་ཅན་དུ་བསྒྱུར་བཞིན་ཡོད་པས་རེད་དོ།
སྐྱབས་དང་མགོན་དགེ་ཆོས་དམ་པ་གང་ཉིད་ཀྱི་གསུང་ཚིག་ཅིག་དྲངས་བ་ལ་རྐྱེན་བྱས་ཏེ། ཅོ་རི་ཉི་མར་འབོད་པར་ཆེད་དོན། རང་བཙན་པ་དག་གི་མགོ་བོ་གཅོག་ཐུབ་ཅིག་རང་ངོས་ན་དོགས་པ་ཕྲ་མོ་ཙམ་ཡང་མེད་དབང་གིས། ནོངས་འཛིན་རང་ལུགས་པའི་བཤད་ཡམས་དེ་འདྲ་ཁྱེད་ལ་འཁོར་བ་ནི་ཅིས་ཀྱང་དཔྱད་བྱ་ཡིན་མོད་ཀྱང་། ངེད་ལ་དེ་གང་ཡིན་ཞིབ་རྒྱུའི་དང་ག་མེད།
གཉིས་ནས། ངས་ད་ལྟ་བྲིས་པ་དག་ལངས་ཕྱོགས་འཐབ་རྩོད་ནང་གི་ལས་གཉེར་ཉི་འཚེ་བ་དག་གི་བྱ་སྤྱོད་ཞིབ་འབྲི་ཡིན་པས། རང་བཙན་དང་དབུ་མའི་འཕྲལ་ཕུགས་ཀྱི་དགེ་སྐྱོན་དང་ངོ་སོ་རྩད་ནས་གླེང་མེད་སྟབས། སྐབས་མཚམས་དེ་འདྲའི་རྗོད་དོན་སླེབས་མཚམས་དྲིས་ལན་བཏབས་ཆོག
འོ་ད་དུང་ཁྱེད་ནས་གོ་མེད་པ་ཞིག་ནི། དབུ་མ་པས་རང་བཙན་པར་འཇིགས་སྐུལ་བྱེད་སྟངས་བྱུང་རབས་ཞིབ་རྒྱས་རྗེས་སུ་ཡོང་གི་རེད། དེ་དོན་དབྱིངས་མངའ་ཞུ།
ངའི་ལངས་ཕྱོགས་ཀྱི་ཆ་ནས་དྲི་བ་གཏོང་མཁན་བྱུང་བ་དུས་བབ་ནང་གི་ཟིན་བྲིས་སུ་ལན་འདེབས་བྱས་ཡོད། རྒན་ཆབ་བྲག་པ་མཆོག་དང་ངེད་རང་མི་འདྲ། ངེད་དཀྱུས་མར་སྡོད་པའི་སྤྱི་ཚོགས་ཁྲོད་ཀྱི་ཡི་གེ་བ་ཞིག་ཡིན་གཤིས། ལས་སྣེར་མ་སླེབས་པར་ལངས་ཕྱོགས་གསལ་བཏོན་བྱེད་དགོས་པའི་གནས་སྟངས་མེད།