ཀརྨ་རིན་ཆེན།
ཆེས་སྔ་མོ་ནས་གངས་ཅན་བོད་ཀྱི་ལྗོངས་སུ་བོད་རིགས་འདི་དང་འབྲེལ་བའི་ཆོས་ལུགས་ཤིག་ཡོད་པ་དེ་ནི་བོན་ཆོས་དེ་ཡིན་མོད། དེའི་བརྒྱུད་འཛིན་རྣམས་ལ་བོད་མི་མང་པོ་ཞིག་གིས་ངན་པ་ལྟ་བུར་བརྩིས་ཏེ་བོན་ཆོས་ཀྱི་ཟབ་ཅིང་རྒྱ་ཆེ་བའི་བསྐོར་ལ་གོ་རྟོགས་མི་བྱེད་ཅིང་དེའི་གྲས་ནས་ཅིག་ངའི་ཕ་མ་གཉིས་ཀྱང་རེད། དེས་བོན་པོ་ལ་མི་དད་པའི་བགས་ཆགས་ཤིག་ང་ལ་བཞག་ཡོད་པ་མ་ཟད་བོན་ཆོས་ནི་ལྷ་ཀླུ་གཉན་གསུམ་གསོལ་མཆོད་ཙམ་ཞིག་ལ་བརྟེན་ནས་བྱུང་བ་ས་དགེ་བཀའ་རྙིང་རྒྱུན་འཛིན་པ་ཁ་ཤས་དང་རྒན་རབས་རྣམས་ཀྱི་ཁ་སྒྲུང་རིང་པོ་དེ་ཚོའི་རྗེས་སུ་འབྲངས་ནས་ངས་བོན་གྱི་གསུང་རབ་བཀླགས་མ་མྱོང་ལ། དེ་བཞིན་བོན་གྱི་དགོན་ཁག་ནང་དུ་མཆོད་མཇལ་ག་ལ་འགྲོ་མྱོང་། དེ་བས་གུས་པ་སློབ་གྲྭར་བསྐྱོད་པའི་སྐབས་སུ་བོན་གྱི་གསུང་རབ་བལྟ་ཀློག་ག་ལ་བྱེད་མྱོང་། འོན་ཀྱང་སྟབས་ལེགས་པ་ཞིག་ལ་གུས་ཨ་རིའི་ཡུལ་དུ་འབྱོར་ནས་ཉིན་ཤས་རྗེས་སུ་དབྱིན་ཇི་སློབ་གྲྭར་འགྲོ་བའི་དུས་སུ་བོན་གྱི་དགེ་བཤེས་ཤིག་ཐུག་པ་ཁོང་གི་མཚན་ལ་བྱ་འཕུར་དགེ་བཤེས་ལྷུན་འགྲུབ་རྒྱ་མཚོ་ཞུ་བཞིན་འདུག་དེ་ནས་རིམ་གྱིས་སྙིང་ཉེ་བའི་གྲོགས་མཆོག་ཏུ་གྱུར་པ་དེ་ནི་ངའི་ཚེ་ཚད་ནང་ནས་བོན་ཆོས་རྣམ་དག་ཤེས་མཁན་གྲོགས་པོ་ཐོག་མ་དེ་ཡིན་ལ་དུས་ཚད་སྟོང་པ་སྐབས་སུ་ང་ཁོང་གི་ཆོས་ཚོགས་ལ་བསྐྱོད་དེ་གཏམ་གླེང་སྣ་ཚོགས་བྱེད་སྐབས་ཁོང་དངོས་གནས་ཁ་མཚར་ལྡན་པའི་གྲྭ་རྐྱང་ཞིག་ཀྱང་རེད། ཁོང་གི་མཆོད་ཁང་ནང་དུ་ཆོས་སྐུ་ཀུན་ཏུ་བཟང་པོ་དང་འཕགས་པ་སྤྱན་རས་གཟིགས་བླ་མ་སྟོན་པ་གཤེན་རབ་སོགས་ཀྱི་སྐུ་ཐང་མདུན་དུ་མེ་ཏོག་དང་བདུག་སྤོས་དྲི་ཞལ་སོགས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་སྣ་ཚོགས་བཤམས་པ་དེ་དག་ནི་རང་རེ་ས་དགེ་བཀའ་རྙིང་གཅིག་མཚུངས་མཆོད་པ་ཞིག་ཕུལ་བ་ལས་བོན་པོའི་དམར་མཆོད་དང་ཁྲག་མཆོད་འུར་གཏམ་ཞིག་ལས་དེ་དག་སྒྲ་ཙམ་ཡང་མི་འདུག་པས་འཇིག་རྟེན་འདིའི་སྟེང་དུ་མ་གོ་མ་ཤེས་པའི་གཏམ་ཅི་འདྲ་ཞིག་མང་ཨང་དེ་བཞིན་རི་བོང་ཅལ་འདྲོགས་ག་ཚད་ཡོད་དམ་ཞེས་རང་གིས་རང་ལ་དྲིས་རྗེས་གཞན་གྱི་དགེ་བ་རྗེས་སུ་ཡི་རང་གི་བསོད་ནམས་བདག་ལ་ཐོབ་གསུངས་པའི་ཀོང་སྤྲུལ་གྱི་གསུངས་དེ་ཡིད་ལ་འཁོར་གྱིན། སྔར་མ་དད་པ་བྱས་པ་ལ་འགྱོད་གནང་ཞིག་བྱུང་། ཁོང་ནི་སྙན་དངགས་ལ་མཁས་ཤིང་རིག་གནས་སྤྱི་ལ་རྣམ་དཔྱོད་ཀྱི་ནར་སོན་པའི་དན་རྟགས་སུ་ཁོང་གིས་བྲིས་པའི་དེབ་ཁ་ཤས་གུས་ཀྱིས་མིག་ལམ་དུ་གྱུར། དེ་ནས་ཁོང་གི་སྐད་བསྒྱུར་བ་དང་ཁོང་གཉིས་ཀྱིས་བོན་གྱི་ཆོས་ཚན་ཁ་ཤས་ཤིག་དབྱིན་སྐད་དུ་བསྒྱུར་བཞིན་འདུག་པ་དེ་ནི་བོན་གྱི་བླ་མ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་མཛད་པའི་རྩ་རླུང་སྐོར་ཞིག་རེད་འདུག ངས་ཤོག་ངོས་གཅིག་འཁྱུག་ཙམ་ཀློག་པས་རྒྱུད་སྡེ་ནང་གི་རྩ་གནད་དང་ལུས་གནད་བཤད་ཚུལ་མཐུན་པོ་འདུག་པས་ཧ་ཅང་གི་ཀློག་འདོད་བྱུང་། ངས་ཁོང་ལ་དྲ་ཐོག་ནས་བསྐུར་བའི་རེ་བསྐུལ་ཞུས། ཉིན་ཤས་རྗེས་སུ་ཁོང་གིས་དྲ་ཐོག་ལས་བཏང་འདུག ཤོག་གྲངས་དེ་ཙམ་མང་པོ་མི་འདུག་པས་ངས་མགྱོགས་པོ་ཀློག་འགོ་བརྩམ། སྤྱི་འགྲོས་བཞིན་ཐོག་མཐའ་བར་གསུམ་གྱི་དགེ་བ་ལས། དང་པོ་མཆོད་བརྗོད་ནི། རྫོགས་པ་ཆེན་པོ་སྐུ་གསུམ་རང་ཤར་ལས། མི་གཡོ་དབྱིངས་ན་བོན་སྐུ་ཀུན་བཟང་མ་སོགས་གསུངས་ཏེ། དཀོན་མཆོག་གསུམ་དང་རྩ་བ་གསུམ་མདོར་ན་རྒྱལ་སྲས་ལག་ལེན་སོ་བདུན་མ་ལས། དཀོན་མཆོག་སྐྱབས་འགྲོ་རྒྱས་སྲས་ལག་ལེན་གསུངས་པ་ནང་བཞིན་མཆོད་བརྗོད་དེའི་ནང་དུ་འཇིག་རྟེན་པའི་ལྷ་སུ་གང་ལ་ཡང་ཕྱག་བྱས་མི་འདུག་པས་སྐྱབས་སུ་མཆི་སྙམ། བར་གྱི་གཞུང་དོན་འཆད་པའི་དུས་སུ་གཙོ་བོ་རྩ་ཐིག་རླུང་གསུམ་དང་རྩ་འཁོར་གང་ལ་ཞི་བའི་དཀྱིལ་འཁོར་གང་དུ་དྲག་པོ་ལྷ་ཚོགས་གསུངས་སྐབས་སུ་ཀླད་པ་དུང་ཁང་ཁྲག་འཐུང་བཞུགས་པའི་རང་སྒྲ་གསུངས་འདུག དེ་འདྲ་ཞིག་ཞི་ཁྲོ་ནས་བར་དོ་ངོ་སྤྲོད་བྱས་དུས་གསུངས་ཡོད། ཕྱོགས་མེད་ཀྱི་ཐོས་བསམ་མ་བྱས་པའི་སྐྱོན་གྱིས་ད་བར་དུ་གྲུབ་མཐའ་ལ་སྨོད་པའི་ལས་ངན་བསགས་འདུག་ཨང་བསམ་གྱིན་སེམས་ཅན་རྣམས་ཀྱི་བསམ་པ་དང་། བློ་ཡི་བྱེ་བྲག་དབང་གིས་རྒྱལ་བ་རྣམས་ཀྱིས་ཀྱང་སྒོ་གསུམ་གྱི་རྫུ་འཕྲུལ་བསམ་གྱིས་མི་ཁྱབ། ལོས་བདེན་རྒྱལ་བས་རྫུན་ག་ལ་གསུངས་དད་པའི་དང་བ་ཞིག་ཡིད་ལ་བསུ། ཡང་མཇུག་བསྔོ་སྨོན་དེ་ཇི་འདྲ་ཞིག་ཡོད་ན་སྙམ་གྱིན་མུ་འཐུད་ནས་བཀླག་དངོས་གཞི་ཡོངས་སུ་རྫོགས་མཚམས་སུ་བསྔོ་བ་འགོ་བརྩམ་སོང་བས་འདི་འདྲ་ཞིག་གསུངས་ཤིང་། འུ་ཅག་ས་དགེ་བཀའ་རྙིང་གང་གིས་ཀྱང་བསྔོ་བ་སྐབས་ལ་མ་གྱུར་དོན་དུ་དགེ་བ་འདི་གསུངས་པ་ཇི་བཞིན་གཞུང་འདི་ལ་ཡང་འདིར་བྱུང་དགེ་བ་མཁའ་མཉམ་འགྲོ་བ་རྣམས། ཞེས་བརྩེ་བ་སྙིང་རྗེ་ཆེན་པོས་མ་གྱུར་འགྲོ་བའི་དོན་དུ་གཞན་ཕན་གྱིས་བློ་ཡོངས་སུ་འཁྱུད་ནས་བསྔོས་པ་ཚིགས་བཅད་དེ་ལས་རྟོགས་ཐུབ་པ་མ་ཟད་དགེ་བ་ལ་རྗེས་སུ་ཡི་རང་གི་བློ་ཞིག་ངང་གིས་སྐྱེས། མདོར་ན་བོན་གཞུང་ཚད་ལྡན་རྣམས་ཀྱི་ནང་ནས་ལྷ་ཀླུ་སྐྱབས་གནས་སུ་བྱས་མེད་པ་གསལ་བོ་ཤེས་ཐུབ། འོན་ཀྱང་བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་སོགས་ལ་བསང་གསོལ་བྱེད་སྲོལ་ཡོད་པ་དེ་དག་ནི་་གངས་ཅན་པའི་ཆོས་བརྒྱུད་ཀུན་ལ་ཁྱབ་པ་ཞིག་ལས་བོན་གྱི་གྲུབ་མཐའ་གཅིག་པུར་ཡོད་པ་མ་ཡིན་པར་བོད་ཀྱི་དུས་ཆེན་ཁག་དང་དགོན་སྡེ་རྣམས་ཀྱི་འཕྲིན་བཅོལ་ཁང་བསྐྱོད་མྱོང་མཁན་ཀུན་གྱིས་མཁྱེན་མངའ་ལྟར། མཐའ་མར་གུས་ཀྱིས་རེ་འབོད་ཞུ་རྒྱུ་དེ་ནི་ཆོས་ལུགས་ཕྱོགས་རེ་དང་གྲུབ་མཐའ་ལ་སྨོད་མྱོང་བའི་རང་དང་འདྲ་བ་རྣམས་ལ་རང་རེ་གངས་ཅན་པའི་ཆོས་བརྒྱུད་ཆེན་མོ་གཡུང་དྲུང་བོན་གྱི་བསྟན་པ་ལ་སྡང་སེམས་རྒྱང་རིང་དུ་འདོར་ཏེ། སྤྱོད་འཇུག་ལས། རྒྱལ་སྲས་རྣམས་ཀྱི་མི་སློབ་པ། དངོས་དེ་གང་ཡང་གསུངས་པ་ཇི་བཞིན་གཡུང་དྲུང་བོན་གྱི་ཚད་ལྡན་གཞུང་ལུགས་དག་ལའང་བལྟ་ཀློག་རེ་གནོངས་དང་། ད་གཟོད་ཆོས་བརྒྱུད་དེའི་ཡོན་ཏན་རྣམས་དངོས་སུ་ཤེས་ཡོང་ལ། གཞན་ཡང་སྔ་རབས་བོད་ཀྱི་ལོ་རྒྱུས་དང་མི་ལོ་སྟོང་ཕྲག་དུ་མ་སོང་བའི་ང་ཚོའི་ཡབ་མེས་ཚོས་མཐོ་སྒང་གི་ཁ་ཆར་ཁྲོད་ནས་སྒོ་གསུམ་གྱི་རྣམ་ཐར་ཟབ་མོ་ཇི་ལྟར་བསྐྱང་བའང་མཇལ་རྒྱུ་འདུག ཞེས་ཉམས་མྱོང་དྲོད་མ་ཡལ་པ་བདག་འདྲ་གྲོགས་པོ་རྣམས་ལ། ཟླ་ ཚེས་ ༧ ༢༩ ཉིན་ཁ་ལི་ཕོ་ནི་ཡ་ནས་ཀརྨ་རིན་ཆེན་གྱིས་ཕུལ།
ངའི་”སངས་རྒྱས་གཡུང་དྲུང་བོན་ལ་འཇུག་པའི་སྒོ་ལོག་རྟོག་ས་རྡུལ་སྤྲུག་པའི་རྔ་ཡབ་’ཀྱང་གང་མགྱོགས་དྲ་ངོས་སུ་འཇོག་གི་ཡིན།
ཁོ་རེ་གྲོགས་པོ་ཀརྨ་རིན་ཆེན་ལགས། མ་མཇལ་ཡིན་རིང་སོང་བས་སྐུ་ཁམས་བཟང་བའི་མཚམས་འདྲི་བཅས་ཞུ་རྒྱུ། སྐུ་ཉིད་ཨ་རིར་ཕེབས་ནས་བོན་ཆོས་ལ་མཇལ་བ་ཙམ་དུ་མ་ཟད་དད་པ་དག་སྣང་དེ་འདྲ་ཞིག་བྱུང་ཡོད་ཡིད་ལའང་མ་ཤར། ཁྱོད་ནང་ཆོས་སྦྱངས་མྱོང་བ་མ་ཟད་ཉམས་ལེན་ཡང་གང་འཚམ་མཛད་ནས་རྒྱུད་སྡེ་ནས་གསུངས་པའི་རྩ་ཐིག་རླུང་གསུམ་སོགས་ལ་ཉམས་མྱོང་ཅུང་ཡོད་མཁན་ཞིག་གི་ངོས་ནས་འདི་ལྟར་རང་རེ་མེས་པོའི་ཆོས་ལུགས་གཡུང་དྲུང་བོན་ལ་མཐོང་དང་གདེངས་འཇོག་ཆེན་པོ་གནང་ན་ཉམས་ལེན་ཆུང་ཞིང་སྦྱངས་པ་མེད་མཁན་དག་ཨ་ཅང་ཅང་སྨྲོས་ཀྱང་ཅི་འཚལ། སྤྱིར་བཏང་བན་བོན་གཉིས་ཀྱིས་ཕར་བཤུ་ཚུར་བཤུ་མང་པོ་བྱས་ཡོད་ཚོད་འདུག་ག ཐུའུ་བཀན་ཆོས་ཀྱི་ཉི་མས་ཀྱང་། ཆོས་ལ་བོན་འདྲེས་བོན་ལ་ཆོས་འདྲེས་པས། ཞེས་སོགས་གསུངས་ནས་སྐད་ཤར་ཡོད། ད་ཁྱོད་ཉིད་ཀྱང་ཚེ་སྨད་བོན་ལ་ཞུགས་ནས་སྟོན་པ་གཤེན་རབ་མི་བོ་ཆེའི་རྗེས་འཇུག་རྣལ་མ་ཞིག་བྱེད་འདོད་པ་མིན་ནམ། ཧ་ཧ་ཧ་ ཨ་ལ་སྐུ་རྩེད་ཡིན། དགོངས་པ་གུ་ཡངས་པོ་བཞེས་པར་ཡི་རང་ཡོད།
ཨ་ཨ་དཔེ་བསགས་འདུག བླ་མ་ཀླུ་སྨྱོན་དང་གྲུབ་ཐོབ་ཀརྨ་གཉིས་ཀ་ཆོས་པ་ཚོ་འགྲོ་མི་ཉན་སའི་ཨ་རི་ལ་སླེབས་རྗེས་བན་གཡུག་ནས་བོན་ལ་ཞུགས་པ་འདྲ། སྐུ་མཁྱེན་རྗེས་སུ་བན་ལ་ཤ་ཞེན་ཅན་གྱི་ཆོས་པ་ཚོ་ཨ་རི་ལ་མ་ཕེབས་རོགས། ཧཧཧ
ཀརྨ་རིན་ཆེན་ལགས་ཀྱིས་བཤད་པ་ལ་མངོན་པར་བསྟོད་དོ། །བསྟོད་དགོས་པའི་རྒྱུ་མཚན་ནི། ཁོང་གིས་བོན་ལུགས་ནི་ང་ཚོའི་གདོད་མའི་ཆོས་ལུགས་ཡིན་པ་དང་། སྡང་ཞུགས་དོར་ནས་བརྩི་སྲུང་དགོས་པ། མཆོག་གསུམ་ལ་སྐྱབས་སུ་འགྲོ་བ། བྱམས་སྙིང་རྗེ་ཡོད་པའི་བོན་གཞུང་དེ་ཚོ་རེད། ཡིན་ཡང་ཁོང་གིས་བཤད་པ་ནི་ཕྱོགས་ཡོངས་ཀྱི་བོན་པོའི་ལོ་རྒྱུས་དང་མཐུན་གྱི་མི་འདུག བྱ་འཕུར་ལྷུན་འགྲུབ་ཀྱི་རྩོམ་ཡིག་ཐར་ཐོར་ཞིག་ལ་བལྟས་ནས་སྤྱི་ཡོངས་ཀྱི་ལོ་རྒྱུས་ལ་བསྡོམས་ཚིག་བརྒྱབ་ན་ཅུང་ཁག་པོ་མིན་འགྲོ །གཏན་ཚིགས་ཀྱང་མ་ངེས། ཆོས་རྗེ་ཀུན་ལེགས་ཀྱིས། སྟོན་པ་གཤེན་རབ་སྤྱན་རས་གཟིགས་དབང་ཡིན།།ཞེས་གསུངས་པ་ལྟར་ངས་ཀྱང་དེ་ལྟར་འདོད། བརྡོལ་བོན་དང་འཁྱར་བོན་སོགས་ཀྱི་ལོ་རྒྱུས་ཀྱི་ཐ་སྙད་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་འདི་དག་རང་དགར་ནག་བསུབ་ཏུ་བཏང་ན་འགྲིག་གི་ཨེ་ཡོད། ལོ་རྒྱུས་ནི་ལོ་རྒྱུས་རེད། དེ་ལ་ཡག་ཉེས་གཉིས་ཀ་ཡོང་ཆོག་གི་རེད། ཆོས་ལུགས་པ་ཀུན་ལ་དེ་མཚུངས་ཀྱི་ཡག་ཉེས་གཉིས་ཀ་བགྲང་རྒྱུ་ཡོད་པ་མ་རེད་དམ།
ཀརྨ་རིན་ཆེན་གྱིས་ཁ་འབྲས་མཚར་བའི་གྲོགས་བྱ་ཕུར་ལྷུན་འགྲུབ་བརྒྱུད་ནས་བོན་གྱི་ལྟ་སྒྲུབ་
ལ་སྡང་གཟུགས་བྱ་མི་འོས་པའི་བསླབ་བྱ་གནང་བ་ནི་ཆེས་རྗེས་སུ་ཡིད་རངས་ཞུ་འོས་པའི་མཁས་
པའི་དངོས་རྟགས་ཤིག་ཇི་ལྟར་མིན།ནམ་རྒྱུན་བརྟག་དཔྱད་མེད་པའི་བོན་ལ་དམོད་ཚིག་ཁོ་ནར་འབད་
པའི་སྐྱེ་བོ་འདྲ་ཡོད་སྲིད་ན་ཁོང་གི་མྱོང་རྟགས་ཀྱི་བསླབ་བྱ་འདི་སྙིང་དབུས་ན་ཉར་ར་ཡག་པོ་བྱོས།
ཁྱོད་ཚོ་ཨ་རིར་ཡོད་པའི་རྩོམ་བྲིས་པ་ཀླུ་སྨྱོན་སོགས་ཀྱིས་ད་ལྟའི་ཆར་བོན་ཆོས་ལ་ཞིབ་འཇུག་དང་། དཔེ་ཀློག་བྱེད་པ་འདི་ཕྱོགས་གཅིག་ནས་ཅུང་དགོས་འོས་པའི་ལེགས་བཤད་ཅིག་ཏུའང་འདོད། བྱ་འཕུར་ལྷུན་གྲུབ་ཀྱིས་བྲིས་པའི་༼འོལ་གླིང་ནས་འཕྲོས་པའི་དྲུང་མའི་ཞབས་རྗེས་༽དེ་ལོ་ཤས་སྔོན་ཚར་གཅིག་བཀླགས་མྱོང་། དེའི་ནང་དུ་མཁས་དབང་ཐུའུ་བཀྭན་ཆོས་ཀྱི་ཉི་མ་དང་། འདུད་འཇོམས་འཇིགས་བྲལ་བའི་རིག་པའི་རྡོ་རྗེ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་སོགས་རང་རེའི་རྩོད་མེད་ཀྱི་མཁས་པ་དང་ལུང་ཐོབ་ཀྱི་མཁའ་འགྲོ་མ་རྣམས་ཀྱི་ཞལ་གདམས་ལ་ཞིབ་འཇུག་དང་དགག་བཞག་གང་འཚམས་བྱས་འདུག འོན་ཀྱང་དེའི་ནང་ཕྱོགས་མང་པོ་ཞིག་ཏུ་གྲུབ་མཐའི་ཕྱོགས་ཞེན་གྱི་རྐྱལ་བ་ནག་པོ་རྒྱབ་ཏུ་ཁུར་ཏེ་བོན་ཆོས་ཀྱི་ལྟ་གྲུབ་ཡང་དག་ཚུལ་རྐྱང་རྐྱང་སྐྱོར་བ་མང་པོ་འདུག
ཀརྨ་རིན་ཆེན་སྐལ་བ་བཟང་པོ་རེད་ཡ། ཕ་མ་དྲིན་ཆེན་གྱིས་མགོ་སྐོར་འཐེབ་ཀྱང་། གྲོགས་གཤིན་ཤེས་ཀྱི་ལམ་སྟོན་འོག་ནས་བོན་སྐུ་རྡོ་རྗེ་འཆང་ཆེན་ཨ་རི་རྙེད་པ་ཡ་མཚན་རེད། ཆོས་ལྡན་བོད་ལས་ཨ་རིའི་ཆོས་ཚོང་གི་དག་སྣང་རྣམས་ཡག་ཤོས་རེད་བཞག །ཡིན་ན་ཡང་ལས་འབྲས་ཁ་ལ་ཁྱེར་བ་ལས་ཀྲམ་རིན་ཆེན་འདི་ནང་ཆོས་ལ་ཐོས་བསམ་བྱེད་མ་མྱོང་བོན་ཆོས་ལ་ལྟ་རྟོགས་མེད་པ་ཞིག་མཐོང་སོང་། གང་ཡིན་ན་ད་སྔོན་གངས་ཅན་བོད་པའི་ནང་ཆོས་ལས་བཤད་པའི་བཀའ་ཆེན་ཚོས་འཆད་ཁྲིད་ཚང་མ་ནག་བསུབས་ཆོག་པ་འམ་ཕ་མས་ཁྱོད་ལ་མགོ་སྐོར་བཏང་བ་ཞིག་གཏན་ནས་མ་རེད། ཕྱི་སྐུ་གསུང་ཐུགས་ཀྱི་ཚོང་ལས་མཆོད་འབུལ་མཛེས་ཆོས་ཁ་ཡག་ངོ་དགའ་གྲོགས་པོ་ནང་ཚེགས་ཞིག་གི་ཁ་ཕོ་རུས་བྱས་ནས་གྲུབ་མཐའ་འཛིན་པ་ཞིག་ཀྱང་གཏན་ནས་མ་རེད། །བསྟན་པ་དང་ར་ཤ་མ་བརྗེ་ཟེར་བ་གོ་མྱོང་ངམ། སྟོན་པ་ཤཱཀྱ་ཐུབ་པས་ཀྱང་།སྡིག་པ་ཅི་ཡང་མི་བྱ་ཞིང་། དགེ་བ་ཕུན་སུམ་ཚོགས་པར་བྱ། །རང་གི་སེམས་ནི་ཡོངས་སུ་འདུལ། འདི་ནི་སངས་རྒྱས་བསྟན་པའོ། ཞེས་འབྱུང་།གཤིན་གཞུང་ཡིན་ཟེར་བ་ལས་ཀྱང་། །སངས་རྒྱས་གཞན་ནས་རེ་བའི་མཁས་རློམ་གྱིས། །སྟོང་བཤད་འདྲེ་ཤར་ནུབ་སྒོར་གླུད་གཏོང་ཚུལ། །མཐོང་ཚེ་ཟག་བཅས་ཕུང་པོ་འོད་ཀྱི་སྐུ། །གྲོལ་བ་གསང་ཆེན་བོན་གྱི་ཁྱད་པར་ཆོས། ཞེས་ཟེར།བསྟན་པའི་བྱེད་ལས་མཐར་ཐུག་པ་ནི། །བོན་སྟོན་གཤིན་རབ་མི་བོ་ཆེས།རང་གི་སེམས་ནི་རང་གིས་བཏུལ།ཉོན་མོངས་རྗེས་སུ་སེམས་མ་གཏོང་། །ཞེས་གསུངས་པ་དང་། །ཆོས་དང་བོན་ཞེས་འགལ་བའི་ཚུལ་བྱེད་ཀྱང་།། ཆོས་ལ་བོན་འདྲེས་བོན་ལ་ཆོས་འདྲེས་པས།ཞེས་གསུངས། གྲུབ་མཐའ་ཚང་མ་བོད་ཀྱི་བླ་མ་གོང་མ་ཚོས་གདུལ་བྱ་སོ་སོའི་བསམ་པ་དང་བསྟུན་ནས་ཆོས་གསུངས་ཏེ་གང་ལྟར་གདུལ་བྱ་ཚང་མ་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ཐོབ་ཐབས་དང་། བོན་ཡང་ཐར་ལམ་ལ་ཁྲིད་ཡག་གི་ཐབས་ཤེས་ཤིག་ཡིན་པ་ཡང་དེ་གསལ་པོ་ཤེས་དགོས་། དེ་བཞིན་སྟོན་པའི་མིང་འདོགས་པ་ཙམ་ལས་་ཡེ་ཤུ་དང་ཧིན་ཏོ་ཆོས་སོགས་དང་གཅིག་པ་རེདཀྱི་ཡོད །གྲུབ་མཐའ་རིས་དེ་ཡང་།དབུས་གཙང་མངའ་རིས་སོགས་ཀྱི་གྲུབ་པའི་མཐའ། །ཀུན་ཀྱང་རྒྱལ་བསྟན་ཁོ་ན་ཡིན་པས་ན། །ཕྱོགས་ལྷུང་གདོན་གྱིས་སྡང་ཤུགས་མི་མཛད་པར། །དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་ན་ལེགས།ཅེས་དང་། །ཡང་དེང་སང་ཆོས་ལུགས་གྲུབ་མཐའ་མང་། །ཐམས་ཅད་སངས་རྒྱས་ལམ་དུ་གཅིག། དོན་མེད་ཁ་སྡིག་མ་བསགས་པར། །ཀུན་ལ་དག་སྣང་མཛོད་ཅིག་ཨང་།ཞེས་འབྱུང་ལ།བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པ་དང་། །གསུངས་རབ་མ་ལུས་གདམས་པ་ཤར་བ་དང་།རྒྱལ་བའི་དགོངས་པ་བདེ་ལགས་རྙེད་པ། །ཉེས་སྤྱོད་ཆེན་པོའི་གཡང་ས་ལས་ཀྱང་བསྲུང་།ཞེས་དང་། ཆོས་རང་རང་མོས་པའི་ངོ་ན་ཟབ། །མཆོག་སངས་རྒྱས་ཐོབ་པའི་ཐབས་དམ་པ། །ས་དགེ་ལྡན་གསར་རྙིང་ཀུན་ལ་ཡོད། །གཞན་མ་སྨོད་ཀུན་ལ་དག་སྣང་སྦྱོང་། །སྤྱིར་ས་དགེ་བཀའ་རྙིང་སོགས་ཀྱི་གྲུབ་མཐའ་ཀུན་ལ་ཕྱོགས་ལྷུང་གི་སྡང་ཤུགས་བྱེད་མི་རིགས་ཏེ།དེ་དག་རང་རང་གི་ལམ་ལ་བརྟེན་ནས་འཚང་རྒྱ་བའི་ཐབས་ཡོད་ལ། དེའི་ཕྱིར་དུ་ཆོས་སྤོང་གི་ལས་འགོག་པའི་སླད་དུ་ཁོ་བོས་ཀྱང་དུས་རྒྱུན་དུ་གྲུབ་མཐའ་རིས་སུ་མ་ཆད་པ་མཐའ་དག་ལ་དག་སྣང་སྦྱོང་དགོས་ཚུལ་ནན་གྱིས་ཞུས་པ་ཡིན། ཞེས་འབྱུང་།ལྟ་བ་ཕྱོགས་རིས་མེད་པ་ཡི། བསྒོམས་པ་ཡེངས་པ་མེད་པ་ཡིན།ཡང་།སེམས་གསལ་སྟོང་ཕྱག་རྒྱ་ཆེན་པོ་ལ། ཕྱག་རྒྱ་ཆེན་པོས་རྟོག་བྲལ་ཟེར། རྫོགས་པ་ཆེན་པོས་ཆོས་ཉིད་ཟེར། ཕར་ཕྱིན་པས་ནི་སྟོང་ཉིད་ ཟེར།ཞེས་ཀྱང་འབྱུང་། དེ་ཡང་སྔོན་མ་ཡིན་ན་ཕྱི་རོལ་མུ་སྟེགས་པ་དང་ནང་བསྟན་ཆོས་ལུགས་བར་གྱི་འགལ་བ་ཡོད་པ་ལས་ནང་བསྟན་ཆོས་ལུགས་ནང་ཁུལ་འགལ་བ་དེ་འདྲའི་ཛ་དྲག་ཆེན་པོ་མེད། ཡིན་ཡང་བོད་དུ་ནང་བསྟན་ཆོས་ལུགས་དར་ནས་ད་བར་བསྒྲུབ་བརྒྱུད་ཀྱི་ཤིང་རྟ་ཆེན་པོ་བརྒྱད་ཀྱི་ནང་ཁུལ་དུའང་གྲུབ་མཐའ་ཕྱོགས་རིས་ཀྱི་དབང་གིས་མི་ལ་ལས་བོད་དུ་ཡོད་པའི་ས་དགེ་བཀའ་རྙིང་དང་། ཇོ་ནང་ཞི་བྱེད་དང་བཅས་པའི་ཆོས་ལུགས་དེ་རྣམས་ཕྱི་པ་དང་ནང་པའི་ཆོས་ལུགས་ལྟར་གཞི་ལམ་འབྲས་བུའི་རྣམ་གཞག་མང་པོ་ནས་མི་མཐུན་པའི་ཐ་དད་ཅིག་ཡིན་པར་བསམ་མཁན་ཡོད་ལ། དེའི་དབང་གིས་བོད་ལ་ལོ་རྒྱུས་ཐོག་དགོས་མེད་ཀྱི་འགལ་བ་མང་པོ་བྱུང་ནས་གྱོང་གུད་ཡང་མང་པོ་ཐེབས། །ཡིན་ཡང་བོད་དུ་དར་བའི་གྲུབ་མཐའ་སོ་སོའི་བར་ལ་དེ་འདྲའི་འགལ་བ་ཞིག་མེད་པ་གོང་གསལ་གྱི་མཁས་པའི་གསུངས་ལས་རྟོགས་ཐུབ། དེ་ཡང་བོད་ཀྱི་གྲུབ་མཐའ་སོ་སོའི་འབྱུང་ཁུངས་ཚང་མ་སངས་རྒྱས་ཤཱཀྱ་ཐུབ་པ་ཡིན་ཞིང་གྲུབ་མཐའ་སོ་སོའི་མཐར་ཐུག་གི་དམིགས་ཡུལ་ཡང་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐབས་ཁོ་ན་ཡིན་པས། མ་ཤེས་ཤེས་འདོགས་དང་ཤེས་བྱ་ཁྲ་ལེབ་ཀྱི་ཟས་དང་སྐྱག་པ་མཉམ་བསྲེལ་མ་བྱས་ན་ཤིན་ཏུ་བཟང་ངོ་། སྔོན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱིས་རྒྱལ་བསྟན་བར་དུ་ཕྱོགས་རིས་སྤོངས་ཞེས་ལན་གཅིག་མ་ཡིན་པ་གསུངས་ཡོད་པས་ཀུན་གྱིས་གཟབ་པར་འཚལ་ལོ། །
བན་བོན་འབྱུང་ཁུངས་མ་བསྲེས་མཁས། །
བན་བོན་གཉིས་ཀའི་དག་སྣང་བཙུན། །
བན་བོན་གཉིས་ཀའི་ཉམས་ལེན་བཟང་། །
མཁས་བཙུན་བཟང་ལ་ཀུན་གྱིས་བརྩོན། །
ཀརྨ་རིན་ཆེན་ལགས་ཀྱི་གསུངས་པ་འདི་དངོས་གནས་བདེན་པ་རེད་ང་ཡང་དེ་བཞིན་ནོ་
ཡིན་ཡང་དངོས་ཡོད་ལ་གཟིགས་མི་ཐུབ་མཁན་ཁྱི་རྒན་ཀུ་ཅོ་འདོན་པ་པོ་ཁ་ཤས་ཀླད་སྙིང་
ཁྲེགས་བཟུངས་ཀྱིས། བོན་ཞེས་ལབ་ཡོང་དུས་སོ་སོའི་ཕ་མ་བསད་མཁན་གྱི་དགྲར་མཐོང་
བ་ནང་བཞིན་ལུས་ཀྱི་རྩ་རྒྱུད་ཐམ་བཅད་འདར་ནས་སྲོག་རྩར་རླུང་ཞུགས་པ་ལྟར་བུ་ཁ་ནས་
གང་ཐོན་ཅི་ཡོང་གིས། སྤུ་ཟླ་ནང་ཁུལ་ལ་ཁྲག་དྲི་བྲོ་བའི་བྱ་སྤྱོད་སྤེལ་ཞིང་ཨ་མ་མ་གཏོགས་
མི་ངོ་མི་ཟིན་པས་ཀུན་ལ་མཐུན་སྒྲིལ་མེད་ཅིང་གོ་ཁ་མ་གཏོགས་ས་ངོ་མི་ཤེས་པས་མི་རིགས་
ཀྱི་མདུན་ལམ་མི་མཐོང་བའི་རིགས་འདི་ཚོ་དཔེ་ན་གོང་གི་མཆན་པ་ལྷག་པ་མིང་ཅན་ལྟར་བུ་རེད
ད་ཐུགས་བསམ་བཞེས་རོགས་རང་ཉིད་ཡང་དག་ཡིན་ན་གཞན་ཚང་མ་ཡང་དག་མ་རེད་ཟེར་ན་ཟེར་རྒྱུས་
ཕོངས་པས་སོ།
ལྷགས་པ་ཡི་ཤིད་ལགས་ཁྱོད་ཁོང་ཁྲོ་ལང་དགོས་དོན་མི་འདུག་ས་དགེ་བཀའ་རྙིང་ནང་འགལ་
རེད་ཟེར་གྱིན་མི་འདུག་ཕྱོགས་ལྷུང་བྱེད་དགོས་དེ་བས་ཟེར་གྱི་མི་འདུག་ཐར་ལམ་སྒྲུབ་བྱེད་ཐབས་
མ་རེད་དངསྒྲུབ་ཐུབ་ཀྱིན་མི་འདུག་ཡང་གསུངས་མི་འདུག བོན་ལ་ངན་སྨྲོས་བྱེད་མཁན་ས་
དགེ་བཀའ་རྙིང་རྒྱུན་འཛིན་པ་ཁ་ཤས་ཞེས་གསལ་པོ་བྲིས་མི་འདུག་གས། དེ་ཚོས་ཁ་སྒྲུང་རིང་པོ་
རང་བཟོ་བྱེད་པ་ལ་ཕྱི་རབས་མང་པོ་དེའི་རྗེས་སུ་འབྲང་པ་རེད་ཟེར་བ་རེད
ནོར་བཅོས་གོང་གི་མཆན་ནས་ཀླད་རྙིང་མཁྲེགས་གཟུངས་ལ་བཅོས་སོ།
དམ་པ་དུལ་བས་རང་གཞན་སྐྱོང་། །
ངན་པ་རེངས་པས་རང་གཞན་སྡུག །
འབྲས་ལྡན་ཤིང་གིས་རང་གཞན་སྲུང་། །
ཤིང་སྐམ་རེངས་པས་རང་གཞན་སྲེག །
འགྲོ་མགོན་སངས་རྒྱས་བཞུགས་བཞིན་དུ།།
སྟོན་པ་གཞན་ལ་གུས་བྱེད་པ། །
ཡན་ལག་བརྒྱད་ལྡན་ཆུ་འགྲམ་དུ། །
བ་ཚྭའི་ཁྲོན་པ་བརྐོ་བ་ཡིན། །
ཀརྨ་དུལ་བས་རང་གཞན་སྐྱོང་།
ལྷག་ཤེས་རེངས་པས་རང་གཞན་སྡུག །
མཁྱེན་ལྡན་ཀརྨས་རང་གཞན་སྲུང་།
ལྷག་ཤེས་བླུན་པོས་རང་གཞན་སྲེག །
འགྲོ་མགོན་སངས་རྒྱས་བཞུགས་ན་ཡང།
སྟོན་པ་གཞན་ལ་གུས་བྱེད་པ།
ཕྱོགས་མེད་ཉི་ཟླའི་འོད་སྣང་གིས།
རིས་ཅན་མུན་ནག་བསལ་དང་མཚུངས།
བླུན་རྒན་ཞལ་རས་ཕྱོགས་གཅིག་ལས།
མ་མཐོང་རྡོལ་གཏམ་བཀྲམ་ན་ཡང།
རང་ཉིད་ཕུང་བྱེད་སྡིག་ཉེས་ནོར།
རྒྱ་ཆེར་བསགས་པ་ཙམ་ལས་ཅི།
ཚད་མའི་སྐྱེས་བུ་གཤེན་རབ་ཀྱི།
ཚད་ལྡན་བོན་གྱི་གྲུབ་མཐའ་ལ།
ཚད་མེད་ལོག་བཤད་ཙམ་མིན་པར།
ཚད་གསུམ་རིགས་པ་ཡོད་ན་ཐོངས།
སྟོང་ཁམས་ཆེན་པོའི་ཚོར་བ་ལྷག་མ་དེ།
༡
བས་མཐར་སྤྱུགས་པའི་འཇིག་རྟེན་གྱི་སྙིགས་རོ་དང་།
གདངས་དབྱངས་སྙན་པོ་ཞིག་གི་ཕར་ངོགས་ནས།
ལྷ་སྲིན་གང་རུང་གི་རྨུ་ཐག་ལ་བརྒྱུས་པའི་སྡུག་བསྔལ་དག་རིས་མེད་ངང་།
འཁོར་བའི་གཏིང་མཐའ་ནས་རུས་རྐང་ལ་འཇབས་ནས་ཐོན་པས།
ཤལ་མ་ལི་ཡི་སྡོང་འགོར་བསྐྱོན་པའི་མེ་ཏོག་གི་ཕྲེང་བ་དེ་ཉིད།
ལོ་ཟླའི་མཆི་མ་བོར་མ་མྱོང་བའི་ཁ་དན་ལ་གོད་ཆག་བཟོས་སོང་།
༢
ནགས་འདབས་ནས་ཆས་པའི་རི་བོ་དག
གཅིག་རྗེས་གཉིས་འཐུད་སྒོས་འདམ་རྫབ་ཀྱི་ངོགས་སུ་འཕུར་ཞིང་རྩེན་དུས།
མི་གཙང་བའི་དྲི་མ་གྱོན་པའི་རླུང་བུའང་།
རབ་རིབ་མག་མོག་གི་སྣང་བ་དགུང་ལ་སྤུར་ཏེ།
ཨ་ལན་ཡོད་མ་མྱོང་བའི་འབོད་བརྡའི་ཕྱི་ནང་བསློག་བཞིན་ཡོད་མོད།
བརྩེ་བ་དང་འདོད་ཧམ་གྱི་སྡོམ་བརྒྱས་བརྩེགས་པའི།
ཉེ་མི་ཚོའི་གདོང་ལ་འཚུབ་པའི། བརླན་གཤེར་འདྲེས་པའི་ས་རྡུལ་སྤར་མོ་གང་གི་འདྲ་རིས་དེ།
ཨ་ཚ་ཨ་ཆུ་ཟེར་བའི་སྣང་བ་ལྡོམ་པོ་དེས་ཟིན་ཐབས་མི་འདུག
༣
ཉིན་གཅིག་གི་ངལ་དུབ་ཙམ་ཡང་མ་བོར་བའི་དུས་ད་ལྟ།
འབྱུང་བཞིའི་གོད་ཆག་ལ་རེ་བའི་འདབ་ལོ་དག་ཀྱང་།
གང་ཞིག་ལ་ཚང་རྩིས་བྱེད་པ་ལྟར་ལྟོགས་སྐོམ་གྱི་རི་ལུང་བརྒལ་བས།
ས་རྡུལ་གྱིས་གཡོགས་པའི་གོ་ལའི་རྒྱ་ཁྱོན་ཀུན་ཏུ།
སྐྱ་ཐིང་ཐིང་གི་ངོ་གདོང་ཞིག་ལས་ཅི་ཡང་རྙེད་མ་བྱུང་།
༤
ཡིན་ནའང་། སྐྲག་སྣང་མཐོན་པོ་དེའི་དབྱིངས་སུ་བསྐྱོད་པའི་རླུང་རྟའི་ཚོགས།
ད་དུང་ཡང་། མཐའ་མཇུག་གི་ཚ་བའི་རེག་བྱ་མ་ཚོར་བའི་ཤེད་ཀྱིས།
ཁྲག་གི་མཚོ་མོར་བྱིངས་བའི་རྣམ་ཤེས་དག་ལོགས་སུ་བཞག་སྟེ།
སྣང་བ་རྒྱ་ཡན་པའི་དབུས་སུ་འཁྲབ་སྟོན་སྣ་མང་བྱས་པས།
ནན་གྱིས་སྤོས་པའི་གོམ་པ་དང་པོ་དེའི་དོན་ལྔ་སྣོད་དྲུག་ལ།
བཙའ་ཡིས་ཟིན་པའི་ལྕགས་མདའ་རེ་ངང་གིས་ཤོར་འགྲོ
༥
དེ་ཡང་ཡིན་ཏེ། ཁུ་སིམ་པའི་མིག་ཆུ་ནི།
ཁྱོད་ཀྱི་འཛུམ་ཟེར་སློང་བའི་ལག་རྟགས་སུ་མ་གྱུར་བའི་སྔ་རོལ་ཏུ།
མིའི་རིགས་ཀྱི་སྐེ་ལ་ཅིས་ཀྱང་འདོགས་དགོས་པའི་སྲུང་མདུད་དུ་གྱུར་རྗེས།
དུས་ཀྱི་ཁྲག་རྩར་བཞུར་བའི་རེག་དུག་གི་འབུ་ཕྲན་མང་པོ།
དད་པ་བཅོས་མ་ཞིག་གི་སྒེའུ་ཁུང་ལས་ཕྱོགས་སུ་མཆེད་བྱུང་།
ཡང་ན། འོད་སྣང་དམར་པོ་ཞིག་གི་གཤིས་སུ་རྒོལ་བར་བརྩམས་བྱུང་།
༦
མ་ཎི་འཁོར་ལོའི་ཙིར་སྒྲ་ལ་རྣ་བ་ཕྱོགས་ཤིང་།
གླེགས་བམ་ལས་འཐོར་བའི་བྱམས་དང་སྙིང་རྗེའི་སྦུབས་སུ་བཅུག་པའི།
གབ་ཚིག་དང་འདུ་ཤེས་ཀྱི་རྡོ་བ་གྲངས་མེད་པ་དེ་དག
ཐལ་མདོག་གི་མིག་ཆུ་བསྐྱིལ་ཙམ་བྱས་པའི་འབྲས་རྟགས་སུ།
ས་གནམ་གཉིས་ཀྱི་སྙིང་ལ་ཟུག་པའི་དུད་སྤྲིན་ལྷོག་ལྷོག་འཕྱུར་བས།
ལྷ་ཆེན་པོའི་མེ་ལོང་ངོར་ཆགས་པའི་རྡུལ་ཕྲན་ལ་ཁ་ལོ་བསྒྱུར་ཐབས་ག་རེ་ཡོད།
༧
ན་བུན་གསེབ་ཀྱི་མིག་འོད་དེ་ནི་ཟླ་བ་མ་རེད་ཅེས་སུས་ཀྱང་བཤད་དཀའ་མོད།
སྟོང་ཁམས་ཀྱི་མྱ་ངན་རུམ་པའི་བྱ་དངོས་ཡོད་ཚད།
འཕག་འཚག་རྒྱག་ཐེངས་གཅིག་གིས་བཙན་གྱིས་སྒྲོག་པའི་ངུ་སྐད་ལ་འཁྱུད་དེ།
གོམས་གཤིས་སུ་གྲུབ་པའི་སྐྲ་ལོ་དག་རེ་རེ་བཞིན་ཕྱོགས་སུ་སྤུར་དུས།
སྐྱེ་རྒ་ན་འཆིའི་གཤོག་སྒྲོ་ངོམ་པའི་སེམས་དང་སེམས་བྱུང་དག་ཀྱང་།
ཆེས་མཐའ་མའི་ཚོར་བ་རྡོག་གཅིག་གི་སྣེ་མོར་དཔྱངས་ནས།
འཚིག་རོ་དང་དམར་ལམ་ལམ་གྱི་ཐལ་བའི་འཇིག་རྟེན་ལ་བཞུད་སོང་ཨང་།
༨
ད་ནི་ང་ལ་ཅི་ཡང་ལྷག་མེད།
ཅི་ཡང་ལྷག་མེད་པའི་གཞི་མེད་གཟུགས་མེད་ཀྱི་མཁའ་དབྱིངས་ནས།
དཀྱིལ་ཀྲུང་གོར་མོ་ཞིག་ལ་གློ་བ་བསྙེས་ཏེ།
གང་ཡང་མ་བཤད་པ་ལྟ་བུའི་སྐད་ཆའི་སྙིགས་རོ་དག་སྐྱུགས་བལྡད་བྱས་རྗེས།
འཆི་མེད་རིལ་བུ་ཞིག་ལ་སྒུག་ཆོག་པའི་རེ་བ་ག་ཙམ་ཡོད།
༢༠༡༡ལོའི་སྤྱི་ཟླ་༨ཚེས༡༤པའི་ཉིན་གུང་ཆུ་ཚོད་གཅིག་གི་སྟེང་རང་ཤག་ནས།
དུས་རབས་ལྷགས་པ་ཡིས་གཞན་ལ་སྡང་།
ཤིད་ཀྱི་གཉེན་ཚིགས་ཀྱིས་རང་ལ་ཆགས།
ཡང་དག་གི་བོན་གཞུང་ལ་བློ་ནི་རྨོངས།
ཕྲག་དོག་གི་མེ་ལྕེ་ནིས་བོད་ཁམས་སྲེག
ང་རྒྱལ་གྱི་ཆུ་ཆུང་གི་འུར་སྒྲས་ཁེངས།
དུག་ལྔ་ཡི་ཕུང་པོ་འདི་ཁྱོད་ཀྱི་གཤིས།
ལྷག་པ་ཡེ་ཤེས་སམ་ལྷགས་པ་ཡི་ཤིད།
ཁྱོད་རང་གི་རང་གཤིས་དེ་དེ་འདྲ་ཡིན།
འདི་ཡང་མཆན་མང་ཤོས་ཤིག་ཏུ་འགྱུར་རྒྱུར་ཐེ་མི་ཚོམས། ད་ཡིན་ད། རང་མགོ་ལ་སྟ་རེ་གང་ཐུབ་གཞུས་ཤིག
བན་ཆོས་བོན་ཆོས་གང་ཡིན་ཀྱང་།།
གངས་ཅན་བོད་ཀྱི་ཆོས་བརྒྱུད་རེད།།
ཕྲག་དོག་ཕྱོགས་རིས་མ་ཆེ་བར།།
མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ།།
སྤྱིར་ཆོས་ཞེས་པའི་སྒྲས་གང་ཁྱབ་པར་བོན་གྱི་སྒྲས་ཁྱབ་པ་གཅིག་མཚུངས་ཡིན་པ་མ་ཟད། དེ་གཉིས་ནི་དོན་གཅིག་མིང་གི་རྣམ་གྲངས་ཡིན་པ། ང་ཚོའི་ཆོས་ཀྱི་རྗེས་འཇུག་པ་རྣམས་ཀྱིས་བོན་ལ་ཞིབ་འཇུག་བྱེད་སྐབས་ངེས་པར་དུ་ཤེས་དགོས་པ་དང་། དེ་ལས་དམ་པའི་ལྷ་ཆོས་བདག་ཅག་གི་བསྟོན་པས་མ་གསུངས་པའི་སྔོན་ན། ང་མིན་ཆོས་པོའི་ཆོས་དང་། མི་སྟེགས་པའི་ཆོས་སོགས་ལོག་ཆོས་དུར་མ་ཞིག་ཡོད་པ་ནི། སུ་ཞིག་གིས་ཀྱང་སྦས་གསང་བྱེད་མི་ཐུབ་སྟེ། གོང་དུ་སྐུ་ཞབས་མིག་བརྒྱད་པས་”བརྡོལ་བོན་དང་འཁྱར་བོན་སོགས་ཀྱི་ལོ་རྒྱུས་ཀྱི་ཐ་སྙད་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་འདི་དག་རང་དགར་ནག་བསུབ་ཏུ་བཏང་ན་འགྲིག་གི་ཨེ་ཡོད། ལོ་རྒྱུས་ནི་ལོ་རྒྱུས་རེད། དེ་ལ་ཡག་ཉེས་གཉིས་ཀ་ཡོང་ཆོག་གི་རེད”ཅེས་གསུངས་པ་བཞིན། ལོག་ཆོས་ཞེས་པའི་ཐ་སྙད་ལོ་རྒྱུས་ཅན་དེའང་རང་དགར་ནག་བསུབ་ཏུ་བཏང་ན་འགྲིག་མིན་གོང་དུ་སྨྲས་ཟིན་པསོ། དེ་བཞིན་དུ་བསྟོན་པ་མཉམ་མེད་ཐུབ་པའི་དབང་པོས་དམ་པའི་ཆོས་གསུངས་པ་ནས་བཟུང་སྤྱིར་བཟང་ངན་གང་ཡིན་གྱི་ཆོས་ཞེས་དང་། སྐྱབས་གནས་གསུམ་གྱི་ནང་ཚན་ཆོས་ཞེས་པའི་དམ་པའི་ཆོས་ཞིག་ཡོད་པ་བཞིན་དུ། བོན་གྱི་བསྟོན་པ་གཤེན་རབ་མི་བོས་གཡུང་དྲུང་གི་བོན་མ་གསུངས་པའི་སྔོན་ན། བརྡོལ་བོན་དང་། འཁྱར་བོན་སོགས་ལོག་པའི་བོན་ཡོད་པ་དང་། དེ་རྗེས་རྣམ་མཁྱེན་བསྟོན་པ་གཤེན་རབ་མི་བོ་བྱོན་པ་ནས་བཟུང་སྤྱིར་བཟང་ངན་གང་ཡིན་གྱི་བོན་ཞེས་དང་། སྐྱབས་གནས་གསུམ་གྱི་ཡ་གྱལ་བོན་ཞེས་པའི་གཡུང་དྲུང་བོན་ཞེས་པའི་དོན་དེ་དག སོ་སོར་དབྱེར་བར་འབྱེད་ཤེས་ན། ང་ཚོ་བོད་གངས་ཅན་པའི་ཕ་ཆོས་གཙང་མ། ལྷག་པར་དུ་བཤེན་རབ་མི་བོས་བཀའ་འཁོར་ཐོག་མཐར་བར་གསུམ་རེ་རེ་ལའང་མདོ་བསྔགས་སེམས་གསུམ་ཡོངས་སུ་ཚང་འདུག་པས། དེས་ན་ཁྱད་དུ་འཕགས་པའི་ཐེག་ཆེན་གྱི་བསྟོན་པ་ཞིག་ཡིན་པའང་ཤེས་ཐུབ་པ་མ་ཟད། གསུངས་པའི་བཀའ་ལ་བསྡུད་བའི་དངོས་པོ་སོགས་མ་དགོས་པ་བཅོས་ལྷད་དང་དྲི་མ་བྲལ་བའི་བཀའ་རིན་པོ་ཆེ་ད་ལྟར་བོན་དགོན་དག་ནས་མཇལ་རྒྱུ་ཡོད་པ་འདིར། ཞིབ་འཇུག་དང་དཔྱད་པ་རྒྱུན་རིང་པོ་ཞིག་བྱོས་དང་། གང་ཟག་གཅིག་གིས་དུས་ཐོག་གཅིག་ལ་སྤངས་སྒྱུར་གྲོལ་གསུམ་ཉམས་ལེན་བྱེད་ཐུབ་པ། ད་དུང་ཚེ་ལུས་གཅིག་ལ་མངོན་སངས་རྒྱས་ཐུབ་པའིཁྱད་ཆོས་ཅན་གྱི་བོན་འདིར་ལ་རང་དབང་མེད་པའི་དད་གུས་ཞིག་དང་འགྱུར་བ་མེད་པའི་དག་སྣང་ཞིག་དཔྱོད་ལྡན་རྣམས་ལ་བསྐྱེ་བར་ཐེ་ཚོམ་མི་དགོས་པ་ཞིག་རེད་མ་གཏོགས། དེ་ལ་གྲུབ་མཐའི་ཕྱོགས་ལྷུང་དང་ཆགས་སྡང་ལྟ་ངན་གྱིས་རང་རྒྱུད་ཁེངས་ནས། ཡང་དག་ཅིག་མཐོང་ནའང་མ་མཐོང་ཁུལ་བྱེད་པ། ཁུངས་མེད་རྟོག་བཟོའི་ཕག་ནས་དངོས་ཡོད་བདེན་པའི་ལོ་རྒྱུས་ཐམས་ཅད་བྱེད་ཐབས་སྣ་ཚོགས་ཀྱི་སྒོ་ནས་བསུབ་རྐྱང་བྱེད་ཅིང་། བོད་ཀྱི་རིག་གནས་ཡོངས་རྫོགས་ཀྱི་ཁུངས་རྒྱ་གར་ལ་གཏུགས་ཅི་ཐུབ་བྱས་པ་འདི་དག ཧ་ཅང་ང་ཚོ་བོད་གངས་ཅན་པ་རྣམས་བློ་ཕམ་དགོས་ཞིག་རེད། ཅེས་དྲ་གྲོགས་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱིས་བྱང་ཨ་རི་ནས་ཞུ་འདོད་བྱུང་།།
བོད་གངས་ཅན་གྱི་ལྷ་སྐལ་ནི་སྤྱན་རས་གཟིགས། རྒྱ་ནག་ཡུལ་གྱི་ལྷ་སྐལ་ནི་འཇམ་པའི་དབྱངས། རྒྱ་གར་ཡུལ་གྱི་ལྷ་སྐལ་ནི་རྗེ་བཙུན་སྒྲོལ་མ་ཡིན། སྤྱན་རས་གཟིགས་ཀྱི་སྤྲུལ་བ་སྣ་ཚོགས་ཡོང་བར་ཁྱད་པར་འཕགས་བསྟོད་ལས་གསུངས་ལ། སྐབས་དེ་དང་དེའི་གདུལ་བྱ་ལ་ཕན་པའི་འཕྲིན་ལས་ཀྱི་འཇུག་པ་རྒྱུན་མི་ཆད་པས། སངས་རྒྱས་དང་བྱང་སེམས་རྣམས་ཀྱི་མཛད་པ་ལ་ཚད་བཟུང་དཀའ་བས་ང་ཚོས་མི་ཤེས་བཞིན་དུ་དེ་ལ་སྐུར་བ་མ་བཏབ་ན་ལེགས།
གདོད་མའི་དུས་ནས་འགྲོགས་ཤིང་འོངས་བ་ཡི།།
སྤྱན་རས་གཟིགས་ཀྱི་མཛད་པ་ཆུ་ཀློང་འབུམ།།
གངས་ཅན་ཡུལ་དུ་དར་བའི་སྣ་ཚོགས་སྟེ།།
སྟོན་པ་གཤེན་རབ་མ་ཧ་གུ་རུ་དང་།།
ཇོ་ནང་སྒྲོལ་བའི་མགོན་དང་ཨ་ཏི་ཤ།།
ས་སྐྱ་གོང་མ་ཡབ་སྲས་རྣམ་པ་ལྔ།།
མར་མི་དྭགས་གསུམ་ཙོང་ཁ་ཡབ་སྲས་ལས།།
གཞི་ལམ་འབྲས་ཀྱི་རྣམ་བཞག་འོད་སྟོང་འབར།།
བན་བོན་གཉིས་ནི་དགུང་གི་ཉི་ཟླ་ཡིན།།
རྒྱལ་བུ་དཀོན་མཆོག་འབངས་ཀྱི་སྐྱེས་རབས་ལས། གནས་དེ་ན་ཁྱོད་ཀྱི་ཞིང་ཁམས་ཡོད།།ཞིད་དེ་ན་ཁྱོད་ཀྱི་གདུལ་བྱ་ཡོད།།ཞེས་གསུངས་པ་ལྟར་རྒྱལ་བུ་དཀོན་མཆོག་འབངས་ནི་བོད་ཀྱི་ཡུལ་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་། འབྲོམ་སྟོན་པ། རྗེ་དགེ་འདུན་གྲུབ་སོགས་སྐུའི་སྐྱེ་བ་སྣ་ཚོགས་བཞེས། བླ་མ་དྲི་མེད་དཔལ་ལྡན་ནི། བོད་ཀྱི་ཡུལ་དུ་བསྟན་པའི་སྲོལ་འབྱེད་གུ་རུ་རིན་པོ་ཆེ་དང་། དེའི་དོན་རྒྱུད་ལ་སྦྱོར་བར་མཛད་པ་ཨ་ཏི་ཤ། དེ་ལ་འཁྲུལ་བ་སེལ་བར་མཛད་པ་རྗེ་ཙོང་ཁ་བ་སོགས་སྐུའི་སྐྱེ་བ་སྣ་ཚོགས་བཞེས་པ་རྗེ་དགེ་འདུན་གྲུབ་ཀྱི་རྣམ་ཐར་ལས་གསུངས་འདུག
ཞིང་དེ་ན་ཁྱོད་ཀྱི་གདུལ་བྱ་ཡོད།།ཞེས་པར་བཅོས་རོགས།