འབྲོང་བུ་ཟླ་བ་ཚེ་རིང་།
ཕྱི་ལོ་༢༠༠༩ ལོའི་ཟླ་བ་དྲུག་པའི་ཟླ་མཇུག་ནས་སྦེང་ལོར་གྱི་མཐོ་སློབ་གཅིག་ཏུ་བསྐྱོད་ནས་ལོ་གཅིག་ཙམ་གྱི་རིང་ལ་སློབ་སྦྱོང་བྱས་པ་ཡིན། དེ་ཡང་ངའི་ཆེད་སྦྱོང་ཁག་ནི་དངོས་ལུགས་དང་ཨང་རྩིས། གློག་ཀླད་བཅས་ཡིན། འདི་དག་གི་སྟེང་དུ་དབྱིན་ཡིག་དང། དེའི་སྟེང་དུ་སྐད་ཡིག་གཉིས་པ་ཞིག་ལེན་དགོས་པས་ཡང་བསྐྱར་དབྱིན་ཡིག་ཅིག་བླངས་བ་ཡིན། འོན་ཀྱང་ལོ་ངོ་གཅིག་གི་རིང་ལ་ཅི་བྱས་རང་བློ་ན་རབ་རིབ་ཙམ་ལས་མི་འདུག འདི་ནི་ཕལ་ཆེར་རང་བློ་ན་ཕྱི་རྒྱལ་ཞིག་ལ་སློབ་སྦྱོང་བྱེད་དུ་འགྲོ་ཐུབ་ན་སྙམ་པའི་འདུན་པ་དྲག་པོ་ཞིག་ཡོད་པ་དེའི་རྐྱེན་གྱིས་ཡིན་པ་འདྲ། རང་ཉིད་དང་མི་རིགས་མི་གཅིག་པའི་སློབ་གྲོགས་དེ་ཚོ་དང། རང་ཉིད་དང་འདྲ་བའི་གྲངས་ཉུང་མི་རིགས་དེ་ཚོ། ད་དུང་གྲངས་ཉུང་མི་རིགས་ལ་མཐོང་ཆུང་གཏོང་མཁན་གྱི་རྒྱ་གར་དེ་ཚོ། རེད་ཡ། ང་དང་ལས་དབང་གཅིག་པའི་བོད་པའི་སློབ་གྲོགས་དེ་ཚོ། དགེ་རྒན་དེ་ཚོ། ཐམས་ཅད་ཀྱི་ཐམས་ཅད་དྲན་པའི་ཡིད་ལ་རབ་རིབ་ཙམ་ལས་མི་འདུག ཐེངས་གཅིག་རྒྱ་གར་གྱི་སློབ་གྲོགས་ཤིག་གིས་མཐོང་ཆུང་གི་སྐད་ཆ་འགའ་བཤད་པར་བཟོད་པ་སྒོམ་མ་ཐུབ་པས་༼ཁ་ལ་བདག་པོ་རྒྱོབ་དང་ཡག་གི་རེད། ༽ཅེས་ཉེན་བརྡ་བཏང་བའི་སྐད་ཅིག་མ་དེ་ཡང་ཡིད་འཛིན་ན་འདུག ང་ཚོའི་འཛིན་གྲྭ་ན་བོད་པའི་སློབ་ཕྲུག་བདུན་ཡོད། སློབ་ཕྲུག་དྲུག་ནི་བོད་ཁྱིམ་གྱི་སློབ་ཕྲུག་ཡིན། བུ་ལྔ་དང་བུ་མོ་གཉིས་ཡོད། བོད་པའི་སློབ་གྲོགས་གསུམ་ཅུང་ཙམ་བྲ་ཚགས་ཡིན་ཞིང་གཉིད་ལ་དགའ་བས་འཛིན་དགེ་ཡིས་ལྟ་སྟངས་ཡག་པོ་ཞིག་ཁྱོན་ནས་མི་འཛིན། འཛིན་དགེ་ཡིས་༼ཁྱེད་ཚོས་སློབ་སྦྱོང་ཡག་པོ་མ་བྱས་ན་ངས་༧གོང་ས་མཆོག་ལ་ཞལ་པར་ཕུལ་ནས་སྙན་སེང་ཞུ་རྒྱུ་ཡིན།༽ ཞེས་ཐེངས་གང་མང་ལ་བསྐྱར་ཟློས་དང་ཡང་ཟློས་བྱེད། སྐད་ཆ་འདི་བཤད་དུས་སློབ་གྲོགས་གཞན་རྣམས་ཧ་ཆིལ་ལེར་གད་མོ་དགོད་པར་བྱེད་ཅིང། ངའི་སེམས་པ་འཁྱག་ལྷང་ངེར་འགྲོ་ལ་ངོ་ཚ་བའི་ཚོར་སྣང་ཞིག་ཀྱང་བྱུང། གཅིག་བྱས་ན་འཛིན་དགེ་ཁོང་ང་ཚོ་ལ་གློ་བ་ཉེ་བས་ཡིན་སྲིད་ལ། གཅིག་བྱས་ན་ཁྱད་གསོད་བྱས་པ་ཡང་ཡིན་སྲིད། དུས་སྐབས་དེ་དག་ལ་སེམས་པ་དངོས་ནས་སྐྱིད་མ་སོང།
མཐོ་སློབ་ཀྱི་མིང་ལ་སེན་ཇོ་སེབ་ཟེར་ཞིང་བོད་ཕྲུག་བདུན་ཅུ་ལྷག་ཙམ་ཡོད། འཛིན་སྐྱོང་མི་སྣ་དང་དགེ་རྒན་ཕལ་ཆེ་བས་བོད་ཕྲུག་ལ་ལྟ་སྟངས་ཡག་པོ་འཛིན། ད་དུང་རྒྱ་གར་གྱི་བྱང་ཤར་གྲངས་ཉུང་མི་རིགས་ཁག་དང་བོད་པའི་སློབ་ཕྲུག་གི་ཚོགས་པ་ཞིག་ཀྱང་ཡོད། ཚོགས་པ་འདིས་གྲངས་ཉུང་མི་རིགས་དེ་དག་དང་བོད་པའི་རིག་གཞུང་ཁྱབ་སྤེལ་དུ་གཏོང་བ་ཡིན། ལོ་གཅིག་གི་དུས་ཡུན་ནང་དུ་ཞལ་ལག་བཟོ་འཚོང་དང་རིག་གཞུང་འཁྲབ་སྟོན། དཔར་རིས་འགྲེམ་སྟོན་སོགས་བྱེད་ལ། ཚོགས་པ་འདི་ལ་བརྟེན་ནས་ས་གནས་ཁག་མང་པོ་ཞིག་ཏུ་གཞས་སྣ་འཁྲབ་སྟོན་བྱེད་ཐུབ་པའི་གོ་སྐབས་བྱུང་ཡོད།
སྤྱིར་བཏང་མཐོ་སློབ་འདིར་ཡན་ལག་གཉིས་ཡོད་ལ། གཅིག་ནི་ཚོང་ལས་སྡེ་ཚན་རེད། འདི་ནི་སྦེང་ལོར་དུ་སྐད་གྲགས་ཡོད་པའི་མཐོ་སློབ་ཞིག་རེད། སློབ་འཇུག་བྱེད་པར་སློབ་ཕྲུག་བུ་ལ་བརྒྱ་ཆ་༩༥ དང་སློབ་ཕྲུག་བུ་མོར་བརྒྱ་ཆ་༩༠ དགོས་པར་བཤད། འོན་ཀྱང་བོད་པའི་སློབ་ཕྲུག་འགའ་དམིགས་བསལ་གྱི་འབྲེལ་བ་བརྒྱུད་ནས་སློབ་འཇུག་བྱེད་ཐུབ། མཐོ་སློབ་དེ་རུ་བོད་ཕྲུག་བཅུ་ལྷག་ཙམ་གྱིས་སློབ་སྦྱོང་བྱེད་བཞིན་ཡོད། གཞན་དེ་ནི་ཚན་རིག་དང་འབྱུང་རིག་སྡེ་ཚན་མཉམ་དུ་ཡོད་པ་དེ་རེད། ང་མཐོ་སློབ་དེར་བསྐྱོད་པ་ཡིན། སྤྱི་ཚོགས་ཞབས་ཞུའི་ཐོག་སློབ་སྦྱོང་བྱེད་མཁན་མང་པོ་འདུག སློབ་འཇུག་གི་སྐབས་སུ་བཅར་འདྲི་བྱེད་མཁན་ནི་སློབ་སྤྱི་ཡིན་པ་དང། སློབ་མ་སྤྱི་བྱིངས་རྣམས་རང་ཉིད་ཀྱི་ཕ་མའམ་གཉེན་ཉེ་གཞན་དང་མཉམ་དུ་ཡོད་ལ། འདི་ནི་སློབ་འཇུག་གི་སྐབས་སུ་འགན་ལེན་གྱི་མི་སྣ་ཞིག་ངེས་པར་དུ་དགོས་པས་ཡིན། སློབ་སྤྱིས་བོད་ཀྱི་གནས་བབ་གསལ་བོར་ཤེས་སྟབས་ང་ཚོས་རང་ཉིད་བོད་རིགས་ཡིན་ཚུལ་དང་ཕ་མ་ཉེ་དུ་རྣམས་བོད་དུ་ཡོད་ཚུལ་བརྗོད་ན་དེས་འཐུས་འགྲོ་བ་རེད། བོད་ཁྱིམ་སློབ་ཕྲུག་གི་འགན་ལེན་སྦེང་ལོར་བོད་ཁྱིམ་སྡོད་ཁང་གི་འགན་འཛིན་གྱིས་བྱེད་དུས་ཀྱང་ཡོད། སྤྱིར་བོད་ནས་ཡོང་མཁན་ཕལ་ཆེ་བ་ལོ་ཚོད་ཆེ་ན་ཡང་དེ་གནད་འགག་ཏུ་མི་བརྩི་བར་སློབ་སྦྱོང་ལ་བརྩོན་དགོས་པའི་སྐུལ་མ་རེ་བྱེད། ཡ་མཚན་པ་ཞིག་ནི་སློབ་འཇུག་གི་བཅར་འདྲི་ཐམས་ཅད་སློབ་སྤྱི་ཁོང་གིས་གནང་བ་འདི་རེད། ཁོང་ནི་ཡེ་ཤུའི་བླ་མ་ཞིག་ཡིན་པ་དང་། ༧གོང་ས་མཆོག་གཙུག་ཏུ་བཀུར་མཁན་ཞིག་ཀྱང་རེད། འདི་ལྟར་ཕྱི་ལོ་༢༠༡༡ ཕྱི་ཟླ་༡ ཚེས་༣༠ ཉིན་༧གོང་ས་མཆོག་མཐོ་སློབ་འདིར་ཆིབས་བསྒྱུར་གྱིས་བཀའ་སློབ་གསུང་བཤད་གནང་བ་ནི་མཐོ་སློབ་འདིའི་ལོ་ངོ་ཧྲིལ་པོ་༡༢༧ གྱི་ལོ་རྒྱུས་ནང་གི་གྲུབ་འབྲས་ཆེ་ཤོས་དེ་ཡིན་པར་བརྗོད། འདི་ལོ་ནས་བཟུང་སྟེ་མཐོ་སློབ་འདི་ན་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་འདུག
མཐོ་སློབ་འགྲིམ་དུས་ཕོ་གསར་ཚོས་སྦག་སྦག་གིས་འགྲན་བསྡུར་བྱེད་པ་དངོས་ཡོད་རེད། བུ་མོ་ཚོའི་གྲས་སུ་ཡང་སྦག་སྦག་གཏོང་མཁན་ཁ་ཤས་ཡོད། གལ་ཏེ་ཁྱེད་རང་སློབ་ཕྲུག་རྣམས་སྡོད་ཁང་དུ་ཡོད་པའི་སྐབས་ཤིག་ཏུ་སླེབས་ཚེ། བང་སྒྲིག་ནས་ཡོད་པའི་སྦག་སྦག་དེ་དག་གིས་ཁྱེད་རང་ཧང་སང་དུ་འཇུག་ངེས། སྡོད་ཁང་དུ་བཅར་བའི་སྐུ་མགྲོན་ཕལ་ཆེ་བར་ཚོར་སྣང་དེ་བྱུང་ཡོད། སྤྱིར་བཏང་སློབ་གྲྭར་སྦག་སྦག་བཏང་ན་སྟབས་བདེ་པོ་རེད། མཐོ་སློབ་ཁ་ཤས་ལ་སྤྱི་སྤྱོད་རླངས་འཁོར་ལ་བསྡད་དེ་འགྲོ་མི་བདེ་བས་སློབ་ཕྲུག་རྣམས་རྐང་གསུམ་སྦག་སྦག་ལ་བསྡད་དེ་འགྲོ་བའམ་རང་ཉིད་ཀྱི་སྦག་སྦག་བཏང་ནས་འགྲོ་བར་བྱེད། ང་ཚོ་མཐོ་སློབ་ལ་འགྲོ་དུས་སྡོད་ཁང་ནས་སྐར་མ་བཅུ་ཙམ་ལ་གོམ་པ་རྒྱབ་ནས་ཕྱིན་རྗེས་སྤྱི་སྤྱོད་རླངས་འཁོར་བསྡད་ན་ཆུ་ཚོད་ཕྱེད་ཀ་ཙམ་གྱི་རིང་ལ་སླེབས་ཐུབ། ཐེངས་གཅིག་ཕ་ཡུལ་ལ་ཁ་པར་བཏང་ནས་མཐོ་སློབ་ཏུ་སྤྱི་བསྐྱོད་རླངས་འཁོར་ལ་བསྡད་ནས་ཕར་འགྲོ་ཚུར་ཡོང་བྱེད་པར་ཆུ་ཚོད་གཅིག་ཙམ་འགོར་འགྲོ་ཡི་འདུག་ཅེས་བཤད་དུས་ལམ་ཐག་རིང་བ་ལ་ཞེས་ཧང་སང་སང་བྱས་སོང། དེ་དུས་གཞི་ནས་ཐག་རིང་བའི་ཚོར་སྣང་འདྲ་བྱུང། ཕ་ཡུལ་དུ་དེ་འདྲ་མིན་པར་སློབ་ཆེན་པ་རྣམས་སློབ་གྲྭའི་ཁོར་ཡུག་རང་དུ་སྡོད་ཀྱིན་པ་འདྲ། ཟླ་བ་བཅུའམ་ལོ་གཅིག་རིང་གི་སྤྱི་བསྐྱོད་རླངས་འཁོར་གྱི་འཛིན་བྱང་ཉོས་ཆོག དེའི་བྱུང་འཛིན་སྦེང་ལོར་བོད་ཁྱིམ་སྡོད་ཁང་གི་ཡིག་ཚང་ལ་སྤྲད་ན་མ་དངུལ་ཕྱིར་སྤྲོད་པ་རེད། ཆ་རྐྱེན་འདི་བོད་ཁྱིམ་གྱི་སློབ་ཕྲུག་ལ་མ་གཏོགས་མི་འདུག
མཐོ་སློབ་ཀྱི་ཡག་བཙོག་གླེང་དུས་སློབ་ཡོན་གྱི་ཆེ་ཆུང་དང་འབྱོར་ཐོའི་བརྒྱ་ཆ་ལ་གཞི་བཞག་ནས་གླེང་བ་ཡིན། འབྱོར་ཐོའི་བརྒྱ་ཆ་ཅི་ཙམ་མཐོ་ན་མཐོ་སློབ་དེའི་སྒྲིག་ཁྲིམས་བཙན་ཞིང་སློབ་ཕྲུག་གིས་སློབ་སྦྱོང་རྒྱུན་མཐུད་ནས་བྱེད་ཐུབ་པར་མཚོན། མཐོ་སློབ་ཁ་ཤས་ཤིག་གི་འབྱོར་ཐོའི་བརྒྱ་ཆ་དགུ་བཅུ་ཡིན་པ་དང། བརྒྱད་ཅུ་གྱ་ལྔ་དང། བདུན་ཅུ་དོན་ལྔ་ཡིན་པའི་མཐོ་སློབ་ཀྱང་ཡོད། འདི་དག་ནི་མཐོ་སློབ་བཟང་ཤོས་ཀྱི་གྲས་རེད། འབྱོར་ཐོའི་བརྒྱ་ཆ་དྲུག་ཅུའམ་ལྔ་བཅུ་ཡིན་པའི་མཐོ་སློབ་ཀྱང་ཡོད་ལ། འབྱོར་ཐོ་གལ་ཆེན་དུ་མི་བརྩི་བའི་མཐོ་སློབ་ཀྱང་ཡོད། དགོས་ངེས་ཀྱི་འབྱོར་ཐོའི་བརྒྱ་ཆ་མ་ལོངས་ན་ཡིག་རྩལ་བཏང་མི་ཆོག མཐོ་སློབ་ཁ་ཤས་སུ་བརྒྱ་ཆ་ཁ་ཤས་ཤིག་དངུལ་གྱིས་ཉོས་ཆོག་པར་བཤད། འབྱོར་ཐོའི་བརྒྱ་ཆ་སློབ་ཚན་སྤྱི་ཡོངས་ལ་བལྟས་ནས་བཤད་པ་མིན་པར་སློབ་ཚན་རེ་རེར་ཚད་དེ་ལོངས་དགོས་པ་རེད། འབྱོར་ཐོའི་བརྒྱ་ཆ་མ་ལོངས་བར་སློབ་གྲྭ་ནས་ཕུད་པའི་བོད་པའི་སློབ་ཕྲུག་ཀྱང་ཁ་ཤས་བྱུང་མྱོང། ཐབས་སྡུག་ཤོས་ནི་འབྱོར་ཐོའི་བརྒྱ་ཆ་ཧ་ཅང་དམའ་བའམ་མེད་པའི་མཐོ་སློབ་ཁག་ལ་འགྲོ་མཁན་གྱི་སློབ་ཕྲུག་དག་རེད། མཐོ་སློབ་ཏུ་བསྐྱོད་མི་བསྐྱོད་རང་དབང་རེད། དུས་རྒྱུན་དུ་སྡོད་ཁང་དུ་ལྷོད་སྡོད་བྱས་ནས་ཉི་མ་གཏོང། མཚན་ལ་མཚན་ཚོགས་ལ་འགྲོ་ཞིང་ཉིན་མོར་ཉིན་ཕྱེད་ཙམ་དུ་ཉལ། འདིས་སློབ་ཕྲུག་སྤྱི་ལ་བག་ཆགས་ཡག་པོ་ཞིག་མི་འཇོག་པས། བོད་ཁྱིམ་སྡོད་ཁང་དུ་མཐོ་སློབ་འདི་རིགས་ལ་བསྐྱོད་པའི་སློབ་ཕྲུག་མི་ལེན་པའམ་བོད་ཁྱིམ་གྱི་སློབ་ཕྲུག་ཡིན་ན་མཐོ་སློབ་འདིའི་རིགས་ལ་མི་འཛུལ་བར་སྐུལ། འདི་ནི་ལྷོད་སྡོད་རིང་ལུགས་པའི་གཞི་རྩའི་རྐྱེན་ཞིག་ཡིན་པར་འདོད། འདིའི་རྐྱེན་གྱིས་མཐོ་སློབ་ཀྱི་ཁུངས་མ་འཁྱོལ་བའི་སློབ་ཕྲུག་ཁ་ཤས་མཐོང་རྒྱུ་ཡོད།
སློབ་ཕྲུག་ཕལ་ཆེ་བ་གཞས་དང་ཞབས་བྲོའི་འདུ་འཛོམས་དང། མཚན་ཚོགས་སོགས་ལ་དགའ་ཞིང། རིག་གནས་བགྲོ་གླེང་དང་གཏམ་གླེང་སོགས་ལ་མི་དགའ། སློབ་ཕྲུག་རང་ཉིད་ཀྱིས་གོ་སྒྲིག་བྱས་པའི་གཞས་སྣ་འཁྲབ་སྟོན་སོགས་ཡིན་ན་མི་གྲངས་ཉིས་བརྒྱ་ནས་སུམ་བརྒྱ་ཙམ་འཛོམས་ངེས་ཡིན་ལ། བགྲོ་གླེང་དང་གཏམ་གླེང་སོགས་ཡོད་དུས་མི་ཉི་ཤུ་ནས་སུམ་ཅུ་མི་འཛོམས་དུས་ཀྱང་ཡོད། ང་ཚོ་སློབ་ཕྲུག་དྲུག་ལས་གྲུབ་པའི་༼བོད་དོན་གླེང་མོལ་ཚོགས་ཆུང།༽ ཞེས་པ་ཞིག་ཡོད། ཚོགས་ཆུང་དེའི་དམིགས་ཡུལ་ནི་སློབ་ཕྲུག་ནང་ཁུལ་གྱི་ནུས་པ་ཕྱིར་ལ་འདོན་པའི་སྟེགས་བུ་ཞིག་བསྐྲུན་རྒྱུ་དེ་ཡིན། ང་ཚོས་བགྲོ་གླེང་དང་གཏམ་གླེང་སོགས་རབ་དང་རིམ་པ་གོ་སྒྲིག་བྱས་ན་ཡང་དེ་ལ་དོ་སྣང་གིས་ཉན་མཁན་དུ་ཡོང་མཁན་ནི་སློབ་ཕྲུག་ཉི་ཤུའམ་སུམ་ཅུའི་ཡས་མས་ཤིག་རེད། ང་རང་སྦེང་ལོར་དུ་ལོ་གཅིག་གི་རིང་ལ་བསྡད་པའི་རིང་ལ་སློབ་ཕྲུག་རྒན་པ་དག་གིས་འགན་ཡག་པོ་འཁུར་མ་སོང་བའི་ཚོར་སྣང་ཤུགས་ཆེན་བྱུང། ཁོང་ཚོ་ནི་རབ་འབྱམས་ལོ་རིམ་གསུམ་པའི་སློབ་ཕྲུག་ཡིན་ཞིང་སྡོད་ཁང་དེར་སྡོད་པའི་འཛིན་རིམ་མཐོ་ཤོས་ཡིན། གཟའ་ཉི་མ་ཕལ་ཆེ་བར་ཁོ་ཚོས་ཟ་མ་ཕྲན་བུ་རེ་བཟོས་ནས་བཙོངས་ཤིང་མཚམས་ལན་རེར་གཞས་སྣ་འཁྲབ་སྟོན་སོགས་བྱས་ཏེ་མཐར་ཕྱིན་སྤྲོ་གསེང་གཏོང་བར་དངུལ་གསོག་པ་ཡིན། ཕལ་ཆེར་དངུལ་གང་མང་མང་ཞིག་གསོག་ཡོད་ངེས་རེད། དངུལ་གསོག་གསོག་མཐར་རྒོ་འ་(GOA)མཚོ་འགྲམ་ཐེངས་ཤིག་སོང་ནས་ཉིན་འགའི་རིང་སྤྲོ་སྐྱིད་གཏོང་རྒྱུ་དེ་རེད། རང་ཉིད་དང་འདྲིས་ཆེ་བའི་སློབ་ཕྲུག་རྒན་པ་ཞིག་ལ་༼ཁྱེད་ཚོས་སློབ་ཕྲུག་རྒན་པའི་འགན་འཁུར་དགོས་ཀྱི་འདུག དངུལ་གསོག་གསོག་པ་རེད། དེའི་ནང་ནས་གང་འཚམས་ཤིག་ཕྱིར་སློབ་ཕྲུག་ལ་ཕན་པའི་ལས་འགུལ་གྱི་ནང་དུ་བཏང་ན་ཡག་པོ་མི་འདུག་གམ། དཔེར་ན་རིག་རྩལ་འགྲན་བསྡུར་དང་བགྲོ་གླེང་སོགས་གོ་སྒྲིག་བྱས་ན་ཁྱེད་ཚོ་འཛིན་གྲྭ་རྒན་པ་ཡིན་པའི་གོ་ཆོད་ཡོད་པ་མ་ཟད་ཁྱེད་ཚོས་འགན་ཡང་འཁུར་ཡོད་པ་རེད། དེ་ནས་སློབ་ཕྲུག་སྤྱིས་ཁྱེད་ཚོ་ལ་འཛིན་པའི་ལྟ་སྟངས་ཀྱང་ཡག་ཏུ་འགྲོ་བ་རེད་༽ཅེས་ལབ་པའི་ལན་དུ་ཁོ་བོས་ཀྱང་འུ་ཐུག་ཐུག་གིས། ༼ངས་ཀྱང་སྔོན་མ་ནས་ཐེངས་འགར་ལབ་པ་ཡིན། ང་ལ་རྒྱབ་སྐྱོར་བྱེད་མཁན་མི་འདུག དངུལ་ལྷག་སོང་ན་མཉམ་དུ་ཆང་འཐུང་དགོས་ཟེར་མཁན་མང་པོ་འདུག༽ཟེར། ང་རང་སྦེང་ལོར་དང་ཁ་གྱེས་དུས་ཁོ་ཚོ་སློབ་མཐར་ཕྱིན་པ་རེད། ཁོ་ཚོ་སྡོད་ཁང་དེ་དང་ཁ་གྱེས་རྗེས་སྡོད་ཁང་དེའི་ཁོར་ཡུག་ཇེ་ཡག་ཏུ་འགྲོ་བར་ཚོད་དཔག་བྱེད་མཁན་མང་པོ་ཡོད།
སྙང་སེང་ཞེས་པའི་ཚིག་གི་ལོ་རྒྱུས། སྙན་གསན་ཞེས་ཡིན་པ། བོད་དབུས་གཙང་དང་། ཤར་ཕྱོགས་པ་དག་གིས་ཨ་ཡིག་དེ། ཨེ་ཡིག་ཏུ་འདོན་པས་སྙན་གསན་ཞེས་པ་སྙང་སེང་དུ་གྱུར་པ་དང་། ཨེ་ཡིག་དག། ཨ་ཡིག་ཏུ་འདོན་པས། ལེགས་སོ་ཞེས་པ། ལགས་སོ། ཞེས་པར་གྱུར་ཀྱང་། ད་ལྟ་་ཡིན་ན། ལ་སོ། ཞེས་པ་འདོན་པ་མེད་པ་སྒྲ་གདངས་འགྱུར་བའི་ཚུལ་ལགས། འདི་ལྟར་ཤེས་པ་ཁོ་བོས་སྐད་རིགས་ཁ་ཤས་ལོ་མང་རིང་སྦྱངས་པ་དང་ཨིན་སྐད་དུ། ཚིག་འགའ་རེའི་འབྱུང་སྟངས་ཀྱི་ལོ་རྒྱུས་བཀླགས་པས། རང་རེའི་བོད་སྐད་ལ་ཡང་ཚིག་དག་ལ་འགྱུར་སྟངས་ཀྱི་ལོ་རྒྱུས་ཤེས་དགོས་པར་མཐོང་ངོ་།།
ཁྱེད་ཀྱིས་བཤད་པ་ཤིན་ཏུ་བདེན། སྐབས་ཞིག་ན་ང་ཡང་རང་ཉིད་ཀྱི་སྒེར་དོན་ཞྀག་ཆེད་མཐོ་སློབ་ཀྱི་བསྡོད་ཁང་དུ་སླེབ་བྱུང་བ་མཟད། བསྡོད་ཁང་གི་ཕྱི་རོལ་ཏུ་གཅིག་ལས་གཅིག་རྫིགས་པའི་སྦག་སྦག་གི་ཁེངས་ཡོད་པར་ཡང་མཐོང་བྱུང་། ངོ་མ་སློབ་མ་ཚོས་་༼སྐྱབས་བཅོལ༽ ཟེར་བ་ཚིག་རྐང་གཉིས་ལ་གོ་བ་མི་ལེན་མ་ཟད། དེ་བས་ཕྱི་ཁག་ན་རོགས་སྐྱོར་གྱི་སྡུག་སྐད་གྲངས་ཀྱི་མི་ལང་བ་བསྒྲགས་ཡོད་པ་བརྗེད་པར་བསམ་པ་དང་། ངོ་མ་བོད་པ་ཚང་གི་སློབ་མ་ད་ཚོའི་བྱེད་བབ་ལ་སྐྱོ་བ་སྐྱེས་བྱུང་བ་མཟད། སྐབས་དེར་སློབ་མ་ཞྀག་གིས་མིག་ཤེལ་ནག་པོ་ཞིག་གྱོན་ཏེ་སྦག་སྦག་གཏོང་བཞིན་ངའི་འཁྲིས་སུ་བཀག་ཞོར་ག་བ་ཕེབས་མཁན་ཡིན་མིན་འདྲི་རྩད་དང་ རོགས་ཞིག་དགོས་ན་བྱེད་སེམས་ཞིག་ཡོད་པའི་རྣམ་འགྱུར་བཏོན་སོང་བས། ངས་མ་རེད་ང་འདིར་སྦག་སྦག་རྫིག་པོ་དེ་འདྲ་ཡོད་རེད་ཟེར་བ་གོ་ཐོས་བྱུང་བས་བལྟ་བར་ཡོང་བ་ཞིན་བརྗོད་པས་ཁོས་མཛུམ་ཙམ་བྱེད་བཞིན་ཉལ་ཁང་དུ་འཛུལ་སོང་། གང་ལྟར་གང་དྲན་གང་ཐཱུབ་བྱེད་ཆོག་པའི་མཐོ་སློབ་ཀྱི་ཉལ་ཁང་མཐོང་བ་ཐག་ངའི་གཅེས་པའི་ཞང་ཕྲུག་བཀྲ་ཤྀས་གནས་འདིར་འགྲོི་མི་བཅུག་རྒྱུའི་སེམས་ཐག་ཡང་བཅད་པ་ཡིན།
ངོ་ནས་ཡག་པོ་བྲིས་འདུག ད་དུང་སློབ་ཕྲུག་གང་མང་ཞིག་གིས་མཐོ་སློབ་ཁག་གཙོ་བའི་བཙན་བྱོལ་གྱི་སློབ་གྲའི་ཉེས་སྐྱོན་མ་གསང་མ་སྦས་བར་དངོས་ཡོད་ཀྱི་གནས་ཚུལ་དྲ་ཐོག་གམ་ཚགས་ཤོག་ཐོག་ཐེར་འདོན་བྱེད་ཐུབ་ན། ཕ་མ་དང་་་ སློབ་ཕྲུག་ཚོས་གཟབ་གཟབ་བྱེད་ངེས། ད་གཟོད་བཙན་བྱོལ་ནང་གི་ཤེས་ཡོན་ཡར་རྒྱས་འགྲོ་རྒྱུ་གདོན་མི་ཟ ། དེ་མ་གཏོགས་་་་ ངོ་ནས་ཚར་ཤ །
སློབ་གྲྭའི་སྒྲིག་འཛུགས་ལ་སྟངས་འཛིན་བྱེད་པ་ནི་འགན་འཛིན་དང་སློབ་སྤྱི། དགེ་རྒན་སོགས་ཀྱི་འགན་ཡིན་པ་ལས། སློབ་མའི་འགན་ག་ལ་ཡིན། འོན་ཀྱང་སུ་ཇཱ་སློབ་གྲྭའི་རྒན་བདག་ཚོར་དཀའ་ངལ་ཞིག་ཡོད་པ་ནི། སློབ་སྒྲིག་ལམ་དང་འགལ་ན་དེ་ལ་སྟངས་འཛིན་ནན་བྱེད་དགོས་པ་ལས། འཛིན་སྐྱོང་རྒན་བདག་ཚོར་བཀའ་བཀྱོན་གཏོང་གི་རེད། དངོས་གནས་མི་གསོད་མཁན་དེ་སུ་རེད་འདུག སློབ་མ་ནང་ཁུལ་མཐུན་སྒྲིལ་མེད་པ་བཟོ་མཁན་དེ་སུ་རེད།
ཐ་མག་འཐེན་ན་ཉེས་པ་ག་ཚོད། མི་བསད་ན་ཉེས་པ་ག་ཚོད་ཡོད། འཛིན་སྐྱོང་གིས་འགན་མ་ཁུར་ན་ཉེས་པ་ག་ཚོད་ཡོད། བཤད་ཁག་པོ་འདུག གོ་ཟློག་འདུག
དྲ་རྒྱའི་ཞུ་དག་པ་ལ་དྭགས་པ་བློ་འཇམ་ལགས།
སྙན་སེང་ཞེས་པའི་ཐ་སྙད་དེའི་ཚིག་སྔ་མའི་རྗེས་འཇུག་གཉིས་པ་ང་དང་བཞི་པ་ན་གཉིས་ནོར་འདུག་ལ་རང་རེའི་བོད་དབུས་གཙང་ཁུལ་དུ་ཨ་ཡིག་དེ་ཨེ་ཡིག་ཏུ་འདོན་ཚུལ་མི་བསྒྲགས་ལ། དཔེར་ན། གོང་རིམ་ལ་སྙན་གསན་ཕུལ་ཡོད་ཞེས་དང་། གོང་རིམ་ལ་སྙན་སེང་ཞུས་ཡོད་ཞེས་ཐ་སྙད་གཉིས་ཀ་བེད་སྤྱོད་བྱེད་ལ་ད་དུང་སྙན་གསང་ཞེས་པའི་ཐ་སྙད་འདི་ཡང་དོན་གཅིག་མིང་གི་རྣམ་གྲངས་ཡིན་པས་དོན་དུ་ངག་ཐོག་ནས་གོང་རིམ་ལ་གནས་ལུགས་ཞུ་བའི་དོན་རེད། འོན་ཀྱང་རྗེས་འཇུག་གཉིས་པ་དང་བཞི་པ་གོ་ལྡོག་པ་དང་ཨ་ཡིག་དེ་ཨེ་ཡིག་ཏུ་འགྱུར་ནས་འདོན་ཚུལ་ལ་དྭགས་པའི་ལུགས་སུ་ཡོད་ན་ནི་མི་ཤེས།
ངོ་མ་བདེན་ཀི་ཡ། སྤྱིར་བཙན་བྱོལ་བ་ང་ཚོ་ཟ་ལུགས་དང་བསྡད་ལུགས་འགྲོ་ལུགས་སོགས་གཟབ་
དགོས་པ་ནི་སྨོས་མེད་རེད། དཔེར་ན་བསྐལ་པ་ཡ་ཐོག་ནས་དགེ་བཅུ་རང་སར་རྫོགས་ཤིང་ཁ་
ཟས་ལ་རྩོལ་མེད་ངང་གིས་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང། དེང་སྙིགས་མ་སྔ་དུས་འདིར་སྡིག་བཅུ་
ཁ་རལ་ཟས་གོས་གང་ལ་འབད་པས་བཙལ་ཀྱང་འདིང་མི་འདེང་ཡོད་པ་བཞིན། དེང་དུས་ཕྱི་དངོས་
པའི་ཡར་རྒྱས་འདིས་རྐྱེན་པས་བོད་པའི་སློབ་གྲྭ་ཁག་རྩིང་སྤྱོད་ཇེ་རྒྱས་འགྲོ་བ་འདི་ཡང་དངོས་ཡོད་
རེད་ལ་དེའི་རིགས་ཀྱིས་གཞན་གྱི་མིག་ལམ་མི་མཛེས་པ་དང་རང་ཉིད་ཀྱི་ཡོན་ཏན་གང་འཕེལ་འགྲོ་
བ་ལ་གནོད་སྐྱོན་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་པའི་ནུས་པ་ཡང་དག་རྫོགས་དཀའ་བ་བཅས་གནོད་པ་
ལས་ཕན་གང་ཡང་མེད་པ་རེད་
འཚུབ་དགའ་ལགས་ཀྱི་དགོངས་ཚུལ་སྐལ་པ་ཡ་ཐོག་གི་ཟས་གོས་གནས་མལ་འབད་མེད་ལྷུན་འགྲུབ་ཡིན་པ་སྒྲུབ་བྱེད་ཚད་མས་རྒྱབ་བརྟེན་མི་འདུག་ལ་སྐལ་པ་ཡ་ཐོག་ནི་ཕར་ཟད། མི་རབས་ཁ་ཤས་ཀྱི་ཡར་སྔོན་དུ་ཟས་གོས་ངན་ངོན་ལ་བརྟེན་མཁན་ནི་ཕལ་ཆེ་བ་རེད། དེང་དུས་ཕྱི་དངོས་པོའི་ཡར་རྒྱས་ཀྱིས་དུས་རབས་གོང་མའི་སྤྱི་ཚོགས་གཉིད་ལས་དཀྲོགས་པར་བྱས་ཏེས་གོ་ལ་ཧྲིལ་པོར་སྐོར་སྐྱོད་བྱེད་ཐུབ་ལ་རང་ཉིད་ཀྱིས་འཇོན་ན་ཟས་གོས་གནས་མལ་ལ་དཀའ་ངལ་ཆེར་མེད། དགེ་སྡིག་གི་ངོས་ནས་བཤད་ན་འགྲོ་བ་མི་ཆགས་པ་ནས་ཉོན་མོངས་སྡུག་ལྔ་སྡུག་གསུམ་ལྷན་འབྱར་ཡིན་པ་དུས་ད་ལྟ་ལ་ཐུག་གི་བར་དུ་གཅིག་པ་གཅིག་ཀྱང་རེད། འདས་པའི་བྱུང་རབས་ལ་གཞིགས་ན་དུས་རབས་གོང་མའི་སྤྱི་ཚོགས་ག་པར་བལྟས་ན་ཡང་རྒྱལ་པོ་དང་བླ་ཆེན་དཔོན་ཆེན་སྐུ་དྲག་བཅས་ཀྱིས་བཀས་བཀོད་རྒྱུན་འཛིན་ལམ་ལུགས་དང་བྲན་གཡོག་ལམ་ལུགས་ཚེ་གཡོག་ལམ་ལུགས་ཀྱིས་མི་དམངས་མགོ་བོ་གྱེན་དུ་འདེགས་ས་མེད་པ་རེད། དུས་རབས་གསར་པའམ་དུས་རབས་ཉེར་གཅིག་ཀྱི་སྤྱི་ཚོགས་འདི་གོ་ལ་ཆེན་པོ་དེ་ཉེ་རུ་ཕྱིན་ཡོད་ལ་རང་དབང་དང་དམངས་གཙོ་ཚད་གང་འཚམས་སླེབས་ཡོད། དུས་ད་ལྟ་ཡིན་ན་ཡང་ཁ་ཆེའི་རྒྱལ་ཁབ་མང་པོ་མི་དམངས་གྱེན་ལངས་ཀྱི་རང་དབང་དང་དམངས་གཙོའི་ཕྱོགས་སུ་མདུན་བསྐྱོད་ཀྱིས་ཚེ་སྲོག་གི་འགྲོ་གྲོན་གང་མང་བཏང་དང་གཏོང་བཞིན་འདུག། ཤེས་ཡོན་ཀྱི་ཆ་ནས་བཤད་ན་དུས་རབས་གོང་མའི་སྤྱི་ཚོགས་ནང་སེར་མོ་བ་དང་མཐོ་རིམ་མི་སྣའི་ནང་མ་གཏོགས་བྱིང་རྣམས་ཡིག་རྨོངས་ཀྱི་རྒྱ་ཆ་མཐོ་པོ་རེད། དེང་གི་སྤྱི་ཚོགས་ནང་ཡིག་རྨོངས་ཀྱི་རྒྱ་ཆ་ཧ་ཅང་ཉུང་ཉུང་རེད། སྤྱིར་སྟངས་སྤྱི་ཚོགས་ནི་སྣ་མང་རྙོག་འཛིང་ཅན་གྱི་རང་བཞིན་ལས་སྒྲུབ་ཙང་རྙོག་གྲ་ནི་ཡོད་ཡོད་པ་རེད། དཔེར་ན་ཁྱིམ་ཚང་ཞིག་ལ་ཆ་བཞོག་ཆེ་ཆུང་ལ་མི་ལྟོས་པར་རྙོག་གྲ་ནི་ཡོད་ཡོད་རེད་པ། འོན་ཀྱང་རྙོག་གྲ་ལ་གདོང་ལེན་བྱ་རྒྱུ་དང་མེད་པར་བྱ་རྒྱུ་ནི་ཚང་མའི་ལས་འགན་རེད།
སྐྱེས་མ་རིག་འཛིན་གྱི་ཐོབ་ཐང་རྡོག་རོལ་བཏང་བའི་ཐད་ར་རྫ་འཇམ་དབྱངས་སྐྱིད་ཀྱིས་རྩོམ་ཡིག་སླེལ་བ་ཞིག་འདིར་བཀོད་ན་འདི་ལྟར་ཏེ།
སྐྱེས་མ་རིག་འཛིན་གྱི་ཐོབ་ཐང་རྡོག་རོལ་བཏང་བ་ལ་ཁ་རྡུང་
དང་དེ་ལས་འཕྲོས་པའི་གཏམ་ཐོར་བུ།
ཤེས་རིག་མ་དར་གོང་གི་གདོད་མའི་སྤྱི་ཚོགས་དུས་སུ། བུད་མེད་ཀྱིས་ལོག་གཡེམ་བྱས་པ་ཡིན་ན། སྲོག་གཅོད་པ་དང་སྐྲ་ལོ་འབྲེག་པ། སྣ་དང་རྣ་བ་གཅོད་པ་སོགས་ཀྱི་སྲོལ་ཡོད་པ་རེད། ཕྱི་གླིང་གི་རྒྱལ་ཁབ་ཁ་ཤས་སུ་བུ་མོ་ཞིག་གིས་འགྲོགས་བཟང་བཙལ་བ་ཡིན་ན། ཁྱོ་ག་དང་རང་གི་ཕ་དང་ཕུ་ནུ་གང་རུང་གིས་བུ་མོ་དེ་བསད་ཀྱང་ཁྲིམས་མཐུན་ཡིན་པ་རེད། གཞན། དབྱིན་ཇི་རུ་ཁྱོ་ག་དམག་ལ་འགྲོ་སྐབས་ཁྱོ་མོའི་མོ་མཚན་ལ་ལྕགས་ཟྭ་རྒྱག་པའི་སྲོལ་ཞིག་ཀྱང་དར་མྱོང་ཡོད་རེད། དེ་ནི་དམུ་རྒོད་སྤྱི་ཚོགས་གང་གི་མཚོན་རྟགས་རེད་ལ། མིའི་རིགས་ཀྱི་ངོ་གནོང་དགོས་པའི་ལོ་རྒྱུས་ནག་པོ་ཞིག་ཅི་ལ་མིན། བུད་མེད་ལ་སྲོལ་དང་ཁྲིམས་དང་སྒྲིགས་དང་ལམ་ལུགས་འཛུགས་མཁན་ནི། ཏག་ཏག་སྐྱེས་པ་ཚོ་ཡིན་པ་རེད་ལ། ཡིན་ཡང་། ཁོ་ཚོས་རང་སྣང་གང་ཤར་གྱིས་ཁྱོ་མོ་མང་པོ་བསྟེན་ཆོག་གི་ཡོད་པར་མ་ཟད། བུད་མེད་ལ་གང་འདོད་དུ་ལོག་གཡེམ་དང་ཐ་ན་བཙན་གཡེམ་བྱས་ཀྱང་ཉེས་ཆད་ཕོག་གི་ཡོད་པ་མ་རེད། དོན་དག་འདི་ནི། སྔོན་ཐོན་རྒྱལ་ཁབ་ཅིག་ལ་མཚོན་ན། འདས་ཟིན་པའི་ལོ་རྒྱུས་རལ་པོ་ཞིག་རེད་འདུག
ཡིན་ཡང་། འུ་ཅག་གངས་ཅན་བུད་མེད་ཚོར་མཚོན་ན། དོན་དག་དེ་ད་ལྟ་བའི་དུས་སུ་ཡང་འབྱུང་གིན་པ་སྐྱེས་མ་རིག་འཛིན་ལ་བྱུང་བའི་གནས་ཚུལ་དེས་གསལ་ར་སྤྲད་འདུག ཁ་སང་དོན་རྐྱེན་དེ་མཐོང་མ་ཐག གློ་བུར་དུ། ཟླ་བ་ཁ་ཤས་སྔོན་ལ་བལྟས་པའི་ཨི་རན་གྱིས་དོན་དག་ངོ་མ་གཞིར་བཟུང་ནས་ཕབ་པའི《རྡོ་འཛིང་གིས་བསད་པའི་བུ་མོ་སོ་ལ་ཡ》ཞེས་པའི་གློག་བརྙན་ཏེ་ཡིད་ལ་ཝ་ལེར་ཤར་ཡོང་། ང་ཚོས་ཀླ་ཀློ་ཞེས་འབོད་པའི་ཁོ་ཚོའི་བྱ་སྤྱོད་དེར། ལྟ་མཁན་ཀུན་ཞེན་པ་གཏིང་ནས་ལོག་སྟེ་༼ཀླ་ཀློ་དམུ་རྒོད་ཚོ༽་ཞེས་དམའ་འབེབས་སེར་བ་འབབ་འབབ་བྱེད་ཀྱི་འདུག་ན་ཡང་། ངས་སོ་ལ་ཡ་ཡི་ལས་དབང་མཐོང་ནས་མིག་ཟུང་མཆི་མས་བརླན། དེ་མུར། རང་ཉིད་བསྐལ་པ་ནས་བསྐལ་པའི་བར་མི་རིགས་དེའི་བུད་མེད་ཅིག་གི་སྐྱེ་བ་མི་ལེན་པའི་སྨོན་ལམ་ཕུར་ཚུགས་སུ་བཏབ་པ་ཡིན།
སྤྱི་ཟླ7པའི་ཚེས 16 ཉིན་ཨ་རུ་ན་ཅལ་མངའ་སྡེའི་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་ནང་། མོ་ལོ30 ཅན་གྱི་སྐྱེས་མ་རིག་འཛིན། སྐྱེས་པ་ཞིག་དང་ལུས་འབྲེལ་བྱུང་བར་རྐྱེན་བྱས། ཁོ་མོའི་མགོ་སྐྲ་བཅད་པ་དང་། སྣ་ལ་ཇེམ་ཙེ་བརྒྱབ་པ། ལུས་ཧྲིལ་པོ་དམར་ཧྲེང་ལ་ཕུད་དེ་གཞིས་གྲོང་གི་མི་ཚོགས་འཛོམས་སའི་ཁྲོམ་སྲང་དུ་བཙན་ཁྲིད་བྱས་ཏེ་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་བའི་དོན་དེས། ང་རང་ཧ་ལས་ཧང་སང་ཧོན་ཐོར་སོང་། དེ་ནི་ཏག་ཏག་ཀླ་ཀློའི་སྤྱོད་པ་རེད། ཁ་ནས་དམངས་གཙོ་འདྲ་མཉམ་བར་མེད་དུ་སྒྲོག་པའི་སྤྱི་ཚོགས་ཤིག་ཏུ་དེ་འདྲའི་ཡ་བྲལ་དུ་སོང་བའི་སྦྱོར་བ་རྩོམ་པ་མཐོང་སྐབས། ཡིད་ནི་རབ་ཏུ་སྐྱོ་ཞིང་སེམས་པ་འཁྱག་གིས་བསྡམས་སོང་།
སྤྱིར་ཕོ་མོ་ལྐོག་འབྲེལ་བྱས་པ་ལ། ཀུན་སྤྱོད་ཀྱི་རྣམ་གཞག་གིས་བཤུང་ན་འགྲིག་པ་མ་གཏོགས། དབང་པོ་རྣམ་ལྔ་ཚང་བའི་བདེ་ཐང་གི་མི་ཞིག་དབང་པོ་སྐྱོན་ཅན་དུ་བཏང་བ་ནི་ཁྲིམས་འགལ་གྱིས་མིའི་ལུས་ལ་གནོད་འཚེ་བཟོས་པ་རེད་ལ། གྱོན་ཆས་བཙན་བཤུ་བྱས་ནས་དམར་ཧྲེང་དུ་ཁྲོམ་ལ་ཁྲིད་པ་ནི་ཁྲིམས་འགལ་གྱིས་མིའི་སེམས་ལ་གནོད་འཚེ་བཏང་བ་ཤ་སྟག་ཡིན་པས། བྱེད་གཏེ་བདུན་པོ་ནི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་བའི་དོགས་གཞིའི་ཉེས་ཅན་རྩོད་མེད་ཡིན་པ་རེད། གནས་ལུགས་དེ་ལྟར་ཡིན་པས་ན། ཐོག་མར་མིའི་ཐོབ་ཐང་ལ་ཁྲིམས་འགལ་གྱིས་རྡོག་རོལ་གཏོང་མཁན་དེ་ཚོ་ཁྲིམས་གཏུགས་ཀྱིས་ཁོ་ཚོས་སྐྱེས་མ་རིག་འཛིན་གྱི་ལུས་སེམས་ལ་བཟོས་པའི་སྡུག་བསྔལ་ལ་ཁྲིམས་གཅོད་གུན་གསབ་བྱེད་དུ་བཅུག་པའི་རྗེས་ཐོགས་སུ། ད་གཟོད་རིག་འཛིན་དང་སྐྱེས་པ་དེའི་བར་བྱུང་བའི་ཚུལ་མིན་ལོག་གཡེམ་གྱི་དོན་དག་དེ་རྩད་གཅོད་ཞིབ་གསལ་དང་ཐག་གཅོད་དྲང་སྙོམས་བྱས་ན་འགྲིག་པ་རེད།
དེ་ལྟ་མ་ཡིན་པར་དོགས་གཞི་ཉེས་ཅན་བདུན་པོ་རྒྱ་ཡན་དུ་བསྐྱུར་པ་ཡིན་ན་ནི། བོད་མིའི་སྤྱི་ཚོགས་སུ་ཕོ་མོ་འདྲ་མཉམ་ཡིན་ཟེར་བ་སྐྱག་རྫུན་དུ་འགྲོ་ཉེན་ཆེ་བར་མ་ཟད། སྐྱེས་པ་དང་བུད་མེད་སུ་གང་གི་ཐོབ་ཐང་ལའང་འགན་སྲུང་མེད་པ་ཆགས་ངེས་པས། ངེད་ཅག་ཕོ་མོ་རིས་མེད་ཀྱིས་དོན་འདིར་དོ་ཁུར་དང་འབྲེལ་ཡོད་ལས་སྣེར་གནོན་ཤུགས་སྤྲོད་དགོས་གལ་ཤིན་ཏུ་ཆེ་བ་རེད། བརྒྱ་ལ་དོན་དག་དེ་འགྲོ་མིའི་ཐོབ་ཐང་གཞི་རྩར་བཞག་ནས་ཐག་གཅོད་དྲང་སྙོམས་ཤིག་མ་ཐུབ་ཚེ། ང་ཚོའི་སྤྱི་ཚོགས་སུ་མང་གཙོ་དང་འདྲ་མཉམ། དྲང་བདེན་ཡོང་བར་གེགས་སུ་འགྲོ་བའི་དོན་རྐྱེན་དེ་རིགས་ཆུ་ངན་ལམ་ཞུགས་ཀྱིས་མང་ནས་མང་དུ་འགྲོ་རྒྱུ་རེད།
ཀུན་གྱིས་ཤེས་དགོས་པ་ཞིག་ནི། དོན་རྐྱེན་དེས་སྐྱེས་མ་རིག་འཛིན་གྱི་སེམས་ཁམས་ལ་ག་འདྲའི་ཟུག་གཟེར་དང་མི་ཚེ་ལ་ཅི་འདྲའི་སྐྱོ་སྣང་བཟོ་ཡོང་བ་དེ་རེད། ང་བུད་མེད་ཅིག་གི་ངོས་ནས་བལྟས་ན། སྲོལ་རྒྱུན་གྱི་སྤྱི་ཚོགས་ཁྲོད་འཚར་བའི་བུད་མེད་ཅིག་ལ་མཚོན་ན། གཅེར་བུར་བཏང་བ་ནི། བཙན་གྱིས་ཤི་ལམ་དུ་བརྫང་བ་དང་གཅིག་མཚུངས་ཡིན་པ་རེད།
འཇིག་རྟེན་འདི་ནས་མི་གཅིག་ལ་འགྲོ་བ་མིའི་ཐོབ་ཐང་མེད་པ་ཡིན་ན། མི་ཐམས་ཅད་ཀྱི་ཐོབ་ཐང་ལ་འགན་སྲུང་མེད་པ་རེད། ཡང་། མི་སྟོབས་ཆེན་དག་དཔུང་བསྡོངས་ནས་མི་གཉོམ་ཆུང་རྣམས་ཀྱི་ཐོབ་ཐང་ལ་རྡོག་རོལ་བཏང་ཆོག་ན། མི་རིགས་སྟོབས་ཆེན་དག་གིས་མི་རིགས་གཉོམ་ཆུང་ལ་ཐུབ་ཚོད་མི་ཆོག་པའི་གནས་ལུགས་ཇི་ལྟར་རྩོད།
བྱེས་སུ་སྡོད་པའི་སྐྱེས་མ་རིག་འཛིན་གྱི་མགོ་ལ་སྡུག་བསྔལ་དེ་བྱུང་བ་དང་འདྲ་བར། གཞིས་སུ་སྡོད་པའི་བུད་མེད་ཀྱི་ཐོབ་ཐང་ལ་ཡང་རྡོག་རོལ་བཏང་དང་གཏོང་མུས་སུ་ཡོད་པ་རེད། དེ་ཡང་། ལོ་དུ་མའི་སྔོན་ཞིག་ལ་མགོ་ལོག་རྨ་ཆེན་དུ་བུད་མེད་ཅིག་གིས་འགྲོགས་བཟང་བཙལ་བ་ཁྱོ་གས་ཤེས་རྗེས། ཁོས་ཆུང་མའི་རྣ་བ་ཡ་གཅིག་བཙན་གྱིས་གྲི་ཡིས་བྲེགས། འགོར་འགྱངས་བྱས་པ་མིན་ནམ། གང་ལྟར་སྨན་ཁང་དུ་འབྱོར་རྗེས་ཐང་ལ་ལྷུང་བའི་རྣ་བ་དེ་བཙེམ་སོས་མ་ཐུབ་པ་རེད། མོས་འགྲོགས་བཟང་བཙལ་བའི་ནག་ཉེས་ལ་རྣ་བ་ཡ་གཅིག་ཤོར་བས་མི་ཚད། གནས་ཡུལ་ནས་འདུག་ཏུ་མ་བཅུག་པར་ཁྱོ་གས་བཙན་ཤེད་ཀྱིས་ཁོ་མོ་ཕྱིར་ཕ་ཡུལ་དུ་སྤྱུགས་པ་རེད། ཐོས་ཚུལ་ཡིན་ན། མོས་རྣ་བ་མེད་སའི་སྐྲ་ལོ་རྟག་པར་ཐར་དུ་འཕྱངས་ནས་རྣ་ཤུལ་གྱི་ནག་ཁུང་དེ་འགེབས་ཀྱི་ཡོད་པ་རེད་ཟེར། ས་ཆ་དེ་རུ་དོན་དེ་རིགས་རྒྱུན་ལྡན་ཞིག་ཏུ་ལྟ་བ་དང་། ངས་ཀྱང་གནས་ཚུལ་དེ་ནང་གཏམ་གྱི་ཚུལ་དུ་ཐོས་པ་ལས་གསར་ལམ་སོགས་སུ་མཐོང་བ་མིན། ཡང་གཅིག་བསམས་ན། གཞི་རིམ་མཐའ་འཁོབ་ཀྱི་བུད་མེད་ལ་མནར་གཅོད་གཏོང་བ་དེ་ནི། བོད་ནང་གི་སྤྱི་ཚོགས་ལ་མཚོན་ན་ཧ་ཅང་རྒྱུན་ལྡན་ཞིག་ཏུ་གྱུར་ནས་གསར་འགྱུར་ཞིག་གི་རིན་ཐང་ཡང་མེད་པ་ལྟར་སྣང་།
དོན་དག་དེ་རིགས་བྱུང་བའི་རྒྱུ་མཚན་ནི། བོད་པའི་ལོ་རྒྱུས་སུ་བུད་མེད་ཀྱིས་ལོག་གཡེམ་བྱས་ན་སྣ་དང་རྣ་བ་འབྲེག་ཆོག་པ་ཁྲིམས་སུ་གཏན་ལ་ཕབ་ཡོད་པའི་སྲོལ་རོ་དེས་བསྐྱེད་པ་རེད་འདོད། ལར། ཕོ་མོ་གང་རུང་གི་ལོག་གཡེམ་བྱེད་པའི་སྲོལ་དེ་ཡག་པོ་ཞིག་མིན་པས་མི་ཚད། བདེ་ཐང་དང་འཕྲོད་བསྟེན་གང་ལ་ཡང་ཕན་མེད་གནོད་ཚབས་ཆེ་བས་སྤྱོད་པ་དེ་གཅུན་ན་འགྲིག་མོད་ཀྱང་། བློ་ཕངས་པ་ཞིག་ལ། དེ་འདྲ་ཞིག་མ་ཡིན་པར། བོད་ནང་གི་གཞི་རིམ་གྱི་སྐྱེས་པ་ཚོས་གྲོང་ཁྱེར་དང་གྲོང་བརྡལ་གང་རུང་དུ་སྨད་འཚོང་མ་ལས་མཚན་མའི་འགོས་ནད་རིན་གྱིས་ཉོས་ནས་རོང་འབྲོག་ཁུལ་དུ་ཁྱེར་ཏེ་རང་གི་ཆུང་མ་དང་བུ་ཕྲུག་ལ་བགོས་དང་བགོ་གི་ཡོད་པའི་དོན་དངོས་ཁ་དར་འདུག་པ་རེད། དགོས་དབང་གིས་མི་འགྱངས་པར་ཐོན་གྲབས་འདུག་པའི་བདག་གི《སྐྱེས་མའི་གནས་སྟངས་ཟུར་བལྟས་ལེབ་མཐོང་》ཞེས་པའི་བུད་མེད་ལས་དབང་སྐོར་གྱི་དེབ་ལས་དུམ་མཚམས་ཤིག་དྲངས་ན། “གཞན་ཡང་ཕ་ཡུལ་འབའ་རྫོང་རང་ནས་ཡིན་པའི་སྨན་པ་ལྷག་བསམ་ཅན་ཕག་མོ་སྒྲོལ་མ་ལགས་ཀྱི་སྙིང་གཏམ་ཚ་མོ་དེ་རེད། མོས། ས་དེ་གའི་ཞོལ་མ་ཡུལ་ཚོ་དང་རྨ་བྱང་ཡུལ་ཚོ་ལ་སོགས་ཀྱི་འབྲོག་ཁུལ་དུ། མཚན་མའི་འགོས་ནད་སྦྱར་མ་བྱུང་ཚད་ཇེ་དྲག་ཏུ་ཕྱིན་གྱི་ཡོད་ཐོག ནད་དེས་བསད་པའི་བུད་མེད་ཁ་ཤས་ཤིག་ཀྱང་ཡོད་ལ། ནད་དེ་ཚབས་ཆེན་དུ་གྱུར་པའི་བུད་མེད་ཅིག་ཟི་ལིང་གི་གཞུང་བཙུགས་སྨན་ཁང་དུ་ལེན་ཁ་མ་ཉན་པར་ཐབས་ཟད་འུ་ཐུག་ནས་སྒེར་གཉེར་གྱིས་སྨན་ཁང་ཞིག་ཏུ་བསྡད་པ་རེད་ཅིང་། དེ་ལས་བརྟག་དཔྱད་མཐར། བུད་མེད་གང་དེའི་མོ་མཚན་ཧྲིལ་པོ་སྦྱར་ནད་ཀྱིས་ཟོས་ཚར་ཏེ་བུ་སྣོད་ལ་ཐུག་གི་བར་དུ་གཏུགས་འདུག་པ་རེད་ཅེས་ནན་སེམས་དྲག་པོས་ང་ལ་བཤད་བྱུང་། ཁོ་མོས་ད་དུང་། ཨ་ཡེ་རྒན་མོ་ཞིག་ལས། སྐྱེས་པ་ཞིག་གིས་ཟི་ལིང་གི་རླངས་འཁོར་ས་ཚིགས་སུ་སྒོར་གཉིས་བརྒྱ་ཕར་སྤྲད་ནས་འགོས་ནད་དེ་ཚུར་ཉོས་ཡོང་བ་རང་གི་ཆུང་མར་བསྒོས་ཤིང་། ཆུང་མའི་ནད་དེ་སྨན་བཅོས་ཀྱི་སྨན་རིན་ལ་ད་ཕན་སྒོར་ཁྲི་གཉིས་གསུམ་བཏང་ཡང་དྲག་བསྐྱེད་བྱུང་མེད་པའི་སྐད་ཆ་གོ་ཚུལ་ཡང་ང་ལ་བཤད་བྱུང་།” རེད་ཡ། དེ་དག་ཚང་མའི་སྐྲ་འབྲེག་སྣ་གཅོད་དགོས་ན། ང་ཚོའི་འཚོ་བའི་ཁྲོད་ཁ་སྣ་མི་ཚང་བའི་སྐྱེས་པ་ཅི་འདྲའི་མང་པོ་ཡོད་རྒྱུ་རེད་ཨང་།
བུད་མེད་ཀྱིས་༼གྲལ་རིམ་དགྲ་བོ༽་ལྟར་གཉའ་གནོན་བཟེད་མི་དགོས་བར་དུ། ངས་སྤྱི་ཚོགས་ཀྱི་དམུ་རྒོད་བྱ་སྤྱོད་གང་ལ་ཡང་ཁ་གཏད་གཅོག་ངེས་ཡིན། རྒྱུ་མཚན། བུད་མེད་ཀྱང་སྐྱེས་པ་ནང་བཞིན་སྐྱིད་དགའ་ལོངས་སྐྱོད་ལ་དགའ་བའི་མཚན་ཉིད་ཡོངས་སུ་ཚང་བའི་༼མི༽་ཡིན་པས་སོ།།
2011/08/09/ཉིན་གྱི་ཕྱི་དྲོར་བྲིས་གྲུབ།
འཚུབ་དགའ་ལགས་ཀྱི་དགོངས་ཚུལ་ལ། སྐལ་པ་ཡ་ཐོག་ཏུ་ཟས་གོས་གནས་མལ་འབད་མེད་ལྷུན་འགྲུབ་ཡིན་པ་སྒྲུབ་བྱེད་ཚད་མའི་རྒྱབ་བརྟེན་མི་འདུག་ལ་སྐལ་པ་ཡ་ཐོག་གི་གནས་སྟངས་གང་འདྲ་ཞིག་ཡོད་མེད་སུ་གཅིག་ལ་དྲན་ཡུལ་དུ་མེད་ལ་དུས་གསུམ་མངོན་སུམ་དུ་གཟིགས་མཁན་ནི་ཅང་མི་འདུག། ཕྱི་དངོས་པོའི་གནས་ལུགས་དམར་རྗེན་དུ་རྟོགས་མཁན་དངོས་ཐོག་བདེན་འཚོལ་སྨྲ་བའམ་ཚན་རིག་པ་ཚོས་ཀྱང་སྐལ་པ་ཡ་ཐོག་གི་གནས་ཚུལ་བཤད་ཐུབ་མཁན་མེད་པ་གསལ་པོ་རེད་པ། རིག་པས་སྐལ་པ་ཡ་ཐོག་གི་གནས་ཚུལ་དངོས་དེད་འགྲོ་ན་རིག་པ་དེ་ཡང་ལྐུག་ཏུ་ལྐུག་ཏུ་འགྲོ་རྒྱུ་ནི་ཉག་ཅིག་རེད། སྐལ་པ་ཡ་ཐོག་ནི་ཕར་བཞོག་དུས་རབས་གོང་མའི་སྤྱི་ཚོགས་ག་པར་ཡིན་ན་ཡང་གཅིག་གཟིགས་དང་ཟས་གོས་གནས་མལ་སོགས་ནི་ངན་ངོན་ལ་བརྟེན་མཁན་ཉུང་ཉུང་མ་རེད་ལ་རྒྱལ་པོ་དང་དཔོན་ཆེན་བླ་ཆེན་སྐུ་དྲག་འབྱོར་ལྡན་སོགས་ཀྱིས་མི་དམངས་ནི་བཀས་བཀོད་རྒྱུན་འཛིན་ལམ་ལུགས་དང་བྲན་གཡོག་ལམ་ལུགས་ཚེ་གཡོག་ལམ་ལུགས་སོགས་ཀྱི་འོག་ནས་མགོ་བོ་གྱེན་དུ་འདེགས་ས་མེད་ལ་དམངས་གཙོ་དང་རང་དབང་འགྲོ་བ་མིའི་ལྷན་སྐྱེས་རང་བཞིན་གྱི་འཐོབ་ཐང་སོགས་ཀྱི་མིང་ཙམ་ཡང་བསྒྲག་རྒྱུ་མེད་པ་ལ་གཞིགས་ན། ད་ལྟའི་དུས་རབས་གསར་པའི་སྤྱི་ཚོགས་འདི་ཁྱོན་ཡོངས་ནས་བཟང་ཕྱོགས་ཀྱི་རྣམ་པར་འགྱུར་བ་ཕྱིན་ཡོད་པས་སྙིགས་མ་ལྔ་དུས་སུ་འདོད་པ་ནི་ཁྱེད་དང་རྨོངས་དད་རིང་ལུགས་པའི་ངོར་བསྒྲུབས་པ་ལས་གཞན་གྱི་ངོར་བསྒྲུབས་མི་འདུག། དགེ་སྡིག་གི་ངོས་ནས་བཤད་ན་འགྲོ་བ་མི་འདི་ཆགས་པ་ནས་ཉོན་མོངས་སྡུག་ལྔ་སྡུག་གསུམ་ནི་མཉམ་འབྱར་ཡོད་པ་དུས་ད་ལྟ་ལ་ཐུག་གི་བར་དུ་གཅིག་པ་གཅིག་རྐྱང་རེད། མ་གཞི་སྤྱི་ཚོགས་ཞེས་པ་རྙོག་འཛིང་སྣ་མང་ཅན་གྱི་རང་བཞིན་ལས་བསྒྲུབ་ཙང་རྙོག་གྲ་ཡོང་རྒྱུ་ནི་ཆོས་ཉིད་རེད། འོན་ཀྱང་རྙོག་གྲ་ལ་གདོང་ལེན་བྱ་རྒྱུ་དང་སྔོན་འགོག་བྱ་རྒྱུ་ནི་ཚང་མའི་འོས་འགན་རེད།
ཕྱི་དངོས་པོའི་རང་གཤིས་དངོས་ཡོད་བདེན་འཚོཌྷལ་ཙམ་ལས་གཞན་གང་ཡང་བློ་གཏད་མེད་པའི་
ཐེག་དམན་བྱེ་བྲག་སྨྲ་བའི་ཐེག་སྒོར་བཞུགས་པའི་གང་ཟག་ལྟ་བུ་ལ་ཕལ་ཆེར་ང་ལ་སྒྲུབ་བྱེད་
གསལ་པོ་ཞིག་མེད་པ་འདྲ། འོན་ཀྱང་ཕྱི་ནང་ཤེས་བྱ་ཡོད་རྒུ་གཏན་ལ་ཕབ་ཐུབ་པའི་སྐྱེས་བུ་ཚད་མ་
དག་གི་ངོར་ང་ལ་སྒྲུབ་བྱེད་ཤིན་ཏུ་མང། དུས་རབས་གོང་མ་ལོ་སྟོང་ཁ་ཤེས་སྔོན་ཚེ་ལོ་བརྒྱ་པའི་དུས་རབས་ཡིན་ཕྱིར་སྐབས་དེའི་ཟས་གོས་
ལོངས་སྤྱོད་ཀྱིས་བསྐལ་པ་ཡ་ཐོག་གི་འབད་མེད་རང་ཆས་སུ་བྱུང་བའི་ཟས་གོས་ལ་མཚོན་མི་ནུས་ཏེ་
ཡ་ཐོག་བསྐལ་པའི་གང་ཟག་རྒྱུད་ལ་དུག་ལྔ་དུག་གསུམ་རྩད་ནས་མ་གྲུབ་པ་དང་དུས་དེར་སེམས་ཅན་
རྒྱུད་ལ་ཆགས་སྡང་རྨོངས་གསུམ་གྱི་མུན་པ་སྟུག་པོས་གཡོགས་ཟིན་པའི་ཕྱིར། སྐབས་དེར་བཀས་
བཀོད་རྒྱུན་འཛིན་དང་བྲན་གཡོགས་ཚེ་གཡོགས་ལམ་ལུགས་ཀྱིས་འོག་མགོ་བོ་གྱེན་དུ་འདེགས་
མི་ཐུབ་པར་བཟོ་མཁན་ཡང་དཔོན་ངན་དག་གི་རྒྱུད་ཀྱི་རང་ཆེ་ང་རྒྱལ་དྲེགས་པས་ནུས་ཤུགས་ཀྱིས་
དུ་སྤྲིན་ཞིག་ཏུ་ཅི་ལ་མིན། ད་དུང་བསྐལ་པ་ཡ་ཐོག་གི་རྒྱུད་ཕུགས་ཇི་ལྟར་འདེད་ཐུབ་ན་དེ་ལྟར་གྱི་
རིག་པ་གསལ་དུ་གསལ་དུ་འགྲོ་བ་ཡིན་ཏེ་ཡ་ཐོག་བསྐལ་པའི་ཆགས་ཚུལ་ནི་ནང་ཤེས་པ་གཙོ་བོར་
སྨྲ་བའི་སྐྱེས་ཆེན་དག་གི་ཞལ་གདམས་དངོས་ཡིན་པའི་ཕྱིར། འགྲོ་བ་སེམས་ཅན་ཆགས་པ་དང་
དེ་དུས་མཉམ་ལས་དང་ཉོན་མོངས་ཡོ་ཀ་འབྱར་བ་མིན་ཏེ། འདིར་སྒྲུང་སྙན་མོ་ཞིག་བཤད་ན། གོང་ལྟར་བསྐལ་པ་ཡ་ཐོག་གི་སེམས་
ཅན་རྣམས་ཐོག་མར་ཟས་གོས་ལོངས་སྤྱོད་ས་གཞི་ལས་བྱུང་ཞིང་དེ་ང་བདག་ཁོ་བདག་གང་ཡང་མེད་
དུས་རིམ་པས་སྙིགས་དུས་གང་ཟག་གཅིག་གིས་འབྲས་བུ་གསོག་འཇོག་བྱ་བའི་བློ་སྐྱེས་དེ་སོང་ཞེན་
ཟ་རྒྱུ་དེ་རིང་གསོག་འཇོག་བྱེད་འགོ་བཙུགས། གཞན་ཚོས་ཀྱང་དེ་བཞིན་བྱས་པས་ས་ཞིང་སོ་སོར་
རང་བདག་བྱས། དེ་རྗེས་མི་གཅིག་གིས་གཞན་པའི་ཞིང་ནས་རྐུ་སེམས་སྐྱེས་པས་འདོད་ཆགས་
ཀྱི་འགོ་བཙུགས། བདག་པོར་རྐུན་མ་ལ་ཁོང་ཁྲོ་བས་ཞེ་སྡང་འགོ་བརྩམས་རྐུན་མ་བསད་པས་
སྲོག་གཅོད་ཀྱི་ཉེས་པས་དམྱལ་བར་ལྷུང་བ་སོགས་བཤད་རྒྱུ་ཡོད་པ་རེད། གྲོགས་པོས་ཡིད་ཆེས་
ཡོད་མེད་མི་ཤེས་
ལ་དྭགས་རྒན་ལགས། མཆན་མང་ཤོས་ཀྱི་རྩོམ་ཡིག་དེའི་མཇུག་གི་མཆན་ཐ་མ་ཁྱེད་ལ་ཕུལ་བ་ཡིན། དུས་ཚོད་ཡོད་ན་ཅིག་གཟིགས་རོགས།
གསེར་འབྲུག་སྡེར་ལྔ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༡༧ གི་ཆུ་ཚོད་ ༡༧ སྐར་མ་ ༡༤
དྲ་རྒྱའི་ཞུ་དག་པ་ལ་དྭགས་པ་བློ་འཇམ་ལགས།
སྙན་སེང་ཞེས་པའི་ཐ་སྙད་དེའི་ཚིག་སྔ་མའི་རྗེས་འཇུག་གཉིས་པ་ང་དང་བཞི་པ་ན་གཉིས་ནོར་འདུག་ལ་རང་རེའི་བོད་དབུས་གཙང་ཁུལ་དུ་ཨ་ཡིག་དེ་ཨེ་ཡིག་ཏུ་འདོན་ཚུལ་མི་བསྒྲགས་ལ། དཔེར་ན། གོང་རིམ་ལ་སྙན་གསན་ཕུལ་ཡོད་ཞེས་དང་། གོང་རིམ་ལ་སྙན་སེང་ཞུས་ཡོད་ཞེས་ཐ་སྙད་གཉིས་ཀ་བེད་སྤྱོད་བྱེད་ལ་ད་དུང་སྙན་གསང་ཞེས་པའི་ཐ་སྙད་འདི་ཡང་དོན་གཅིག་མིང་གི་རྣམ་གྲངས་ཡིན་པས་དོན་དུ་ངག་ཐོག་ནས་གོང་རིམ་ལ་གནས་ལུགས་ཞུ་བའི་དོན་རེད། འོན་ཀྱང་རྗེས་འཇུག་གཉིས་པ་དང་བཞི་པ་གོ་ལྡོག་པ་དང་ཨ་ཡིག་དེ་ཨེ་ཡིག་ཏུ་འགྱུར་ནས་འདོན་ཚུལ་ལ་དྭགས་པའི་ལུགས་སུ་ཡོད་ན་ནི་མི་ཤེས།
གསེར་འབྲུག་སྡེར་ལྔ་ལེགས།
ཨ་ཡིག་དེ་ཨེ་རུ་འདོན་ཅིང་འབྲི་བ་སྐོར་ལ། ངས་རྗེས་སུ་འབྲི་ངེས། ཁྱེད་གཟུ་བོར་གནས་པའི་སྒོ་ནས་གཟིགས་ངེས། མཇུག་ལ་མཇལ་འོང་། ད་ལྡ་གཅིག་ལ་འགྲོ་དགོས་ཡོད།
གསེར་འབྲུག་སྡེར་ལྔ་ལེགས།
ད་ལོག་ནས་སླེབས། ལན་འདི་དག་ཁྱེད་ལ་ཀློག་པར་འབྱོར་རེ་ཡིན། ལ་དྭགས་པས་འབྱུང་ཞེས་པ་གནའ་བོའི་ཀློག་ཚུལ་ཡིན་པ་ལ་མ་དག་པར་ཞབས་ཀྱུ་དེ་གི་གུར་འབོད་པ་ནོར། དེ་བཞིན་ལ་དྭགས་གཤམ་ཕྱོགས་པས། འདི་ཞེས་པ་གི་གུ་ཞབས་ཀྱུར་བོད་དེ། འདུ་ཞེས་པ་ནོར།
དབུས་གཙང་དང་བོད་ཤར་ཕྱོགས་སུ། ཨེ་ཡིག་ཨ་དང་ཨ་ཡིག་ཨེ་རུ་འབོད་པ་བཤད་པར་བྱ་སྟེ། དང་པོ་ཁོ་བོ་ལ་དྭགས་ལ་བྱིས་པ་ལོ་བཅུ་བཞི་བཅོ་ལྔ་ཙམ་ཡིན་པའི་སྐབས་སུ། གྲྭ་པ་ཞིག་གིས་དབུས་གཙང་པས། སྒྲོལ་བསྟོད་ལེགས་བྲིས་མ་ལ་ལགས་བྲིས་མ། ཞེས་ཟེར་་པ་རྣ་བར་ཐོས། དགའ་ལྡན་པའི་ལུགས་དེ། དགའ་ལུགས་དང་། དེ་ནས་དགེ་ལུགས་ཞེས་ཨ་ཡིག་ཨེ་ཡིག་ཏུ་ཆགས་པ་མ་ཡིན་ནམ། སྤྱི་ལོ་༢༠༠༩ ལ་ངས་རྒྱ་ནག་ཊིན་ཏུར་སྤར་པའི་བཀའ་བསྟན་དཔེ་བསྡུར་མའི་ནང་ནས། སྤྱོད་འཇུག་གི་འགྲེལ་པ་ཆ་ཚང་སྡེ་དགེ་དཔེ་རྙིང་དང་བསྡུར་ནས་དག་ཆ་ནོར་འཁྲུལ་བཏོན་པ། ཤོག་གྲངས་༣༨ནས་༤༤བར་དུ་ཤོག་གྲངས་བདུན་ཙམ་ཆགས་ཡོད། དག་ཆ་ནོར་བ་༡༨ཙམ་ཨ་ཡིག་དང་། ཨེ་ཡིག་འདོན་ཚུལ་གྱིས་བྱུང་བར་མངོན། གཞན་ཡང་། རྒྱལ་བ་ལྔ་པ་ཆེན་པོའི་ལམ་རིམ་འཇམ་དཔལ་ཞལ་ལུང་གི་དཔེ་ཆ་བྲིས་མ་ཡིག་གཟུགས་ལེགས་པ་ཞིག་ང་ལ་ཡོད་པ་ན། དྲི་ངད་ལྡང་ལ། ཁག་ཁ་ཤས་ལ། དྲི་ངེད་ལྡང་ཞེས་བྲིས་པ་དེ་དག་ཨ་ཡིག་ཨེ་ཡིག་ཏུ་འདོན་པའི་ཤུགས་ཀྱིས་བྱུང་བ་མ་ཡིན་ནམ། གཞན་ཡང་། ཞབས་བརྟན་ལ་ཞབས་བརྟེན་ཞེས་བྲིས་པ་ཡོད་པ་བདག་གིས་མཐོང་། ད་ལྟ་དབུས་གཙང་གི་ཁ་རྒྱུན་ལ། ལ་སོ། ཞེས་པ་ཡང་ལེགས་སོ། ཞེས་ཨེ་ཡིག་ཨ་ཡིག་ཏུ་འབོད་པ་ལས་འབྱུང་བ་མ་ཡིན་ནམ།
ཀད་ལ་ཀེད། ཀན་ལ་ཀེན། ཀལ་ལ་ཀེལ། ཀས་ལ་ཀེས། ཀློག་ཚུལ་གསར་པ་འདི་ནོར་བ་ཆེན་པོ་རེད་འདུག དབྱངས་ཨ་ཡིག་སྲོག་ལྡན་དུ་ཀློགས་དགོས་འདུག དཔེར་ན། ཞབས་བརྟན་ལ་ཞབས་བརྟན་སྟེ། བརྟེན་ཅེས་པ་འདི་ཡང་ཀློག་ཚུལ་ལ་ནོར་བ་ཡིན་གྱི། འབྲི་སྲོལ་ལ་ཞབས་བརྟན་ཞེས་དུས་ད་ལྟའི་བར་ནོར་མེད།
ཀརྡོ་རབ་འབྱམས་པ་ལེགས།
ཁྱེད་ཀྱིས་གནད་འགག་དེ་ཉིད་མཁྱེན་འདུག
སེམས་བརྟན་ནས་འབྲི་དགོས་པ་གལ་ཆེ། སེམས་མི་བརྟན་པའི་དབང་གིས་ནོར་འཁྲུལ་བྱུང་བ་ལ་རང་རང་གིས་དག་བཅོས་དགོས་པ་བཞིན་བདག་གིས་རྒྱུན་དུ་འབད་དོ།།
ཟླ་འགའ་སྔོན་ལ་༧གོང་ས་མཆོག་གི་ཐེབས་རྩ་ཁང་གིས་ལམ་གྱི་འགྲོ་སོང་བཏང་བས་ཆོས་ལུགས་ཟབ་སྦྱོང་དུ་བྷེང་ལོར་སོང་བ་ཡིན་ལ། སྡོད་ས་ཡང་བྷེང་ལོར་བོད་ཁྱིམ་སྡོད་ཁང་རེད།
ང་ཁོ་ཚོའི་དཔེ་མཛོད་ཁང་དུ་སོང་མོད།
༢༠༠༥ཚུན་གྱི་བོད་ནང་གི་དེབ་གཅིག་ཀྱང་མེད་པ་དེ་དང་གཞན་བཀའ་སློབ་སྐོར་གྱི་
དཔེ་དེབ་རིན་མེད་རྙིང་བ་འགའ་ཡོད་པ་དེས་ང་མཐོ་སློབ་ཀྱི་སྡོད་ཁང་དེ་ལ་ཞེན་ལོག་གི་བཅུག་སོང་།
དེར་བརྟེན་མཐོ་སློབ་དེའི་སློབ་མ་དེ་མ་དེ་ཚོ་དང་སྡོད་ཁང་དེ་གཏན་ནས་གླེང་འདོད་བྱུང་མ་སོང་།
ཡིག་ཕྲེང་ཞོལ་མ་དེ་འོག་ཏུ་འདི་ཡིན
དེར་བརྟེན་མཐོ་སློབ་དེའི་སློབ་མ་་དེ་ཚོ་དང་སྡོད་ཁང་དེ་གཏན་ནས་གླེང་འདོད་བྱུང་མ་སོང་།