ཨ་ར་དཀར་པོ་ནས།
སྲུ་མོ་ཞེས་མདོ་སྨད་ཨ་མདོའི་ཡུལ་ཕྱོགས་ཕལ་མོ་ཆེ་ནས་རང་གི་ཕུ་བོའི་ཆུང་མར་འབོད་ཅིང་ས་ཕྱོགས་ལ་ལར་ད་དུང་མ་སྲུ་མོ་སྲིད་པའི་འཁོར་ལོ་ཡིན། འགྲོགས་མ་ཐུབ་རང་གི་ངན་ཁས་ཡིན་ཞེས་ཕུ་བོའི་ཆུང་མ་ནུ་བོས་བརྩི་མི་དགོས་པར་བཤད་ལ། དེའི་རྐྱེན་གྱིས་བུ་སྤུན་ཆུང་བ་ཚོ་རང་ལ་ཐོབ་ཐང་ཡོད་པས་མིན་ཡང་རང་གི་ཕ་ཚན་མ་ཚན་གང་རུང་གི་བུ་སྤུན་རྒན་པ་ཚོའི་ཆུང་མའི་སར་ལྐོག་ཏུ་འགྲོ་མཁན་ཡང་ཡོད་པ་མ་ཟད་ད་དུང་དེ་ཁེ་བཟང་ཞིག་ལས་སྡུག་པོར་དེ་ཙམ་བརྩི་མཁན་མེད་མོད། ཕུ་བོས་དེ་ལས་ལྡོག་སྟེ་ རང་གི་ནུ་བོའི་ཆུང་མ་ལ་མནའ་མ་ཞེས་འབོད་ཅིང་རང་གི་སྲིང་མོ་ངོ་མ་ལྟར་བརྩི་དགོས་པའི་ལུགས་སྲོལ་ཆགས་ཡོད། བོད་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་མང་པོར་ཁྱིམ་གྱི་བུ་ཆེ་བར་མནའ་མ་བླངས་རྗེས་བུ་ཆུང་བ་ཚོར་མནའ་མ་ལོགས་སུ་ལེན་མི་དགོས་པར་ཕུ་བོའི་ཆུང་མ་དང་མཉམ་དུ་སྡོད་མཁན་ཧ་ཅང་མང་བ་ནི་གོང་གི་དེ་བཞིན་ལྐོག་ལྐོག་སུལ་སུལ་མ་ཡིན་པར་དེ་དག་ལ་ཐོབ་ཐང་ཡང་ཡོད་པ་ཡིན། དེའི་ཤུགས་རྐྱེན་ལས་ད་ལྟ་རྒྱ་གར་དུ་ཡོད་པའི་བོད་པ་ཚོའི་ནང་དུའང་བུ་སྤུན་གཉིས་གསུམ་ལ་མནའ་མ་གཅིག་ལས་མེད་མཁན་འགའ་རེ་ད་དུང་ཡང་མཐོང་རྒྱུ་ཡོད་ཁར་བུ་སྤུན་རྒན་གཞོན་མིན་ཡང་སྐྱེ་དམན་གཅིག་ལ་ཁྱོ་ག་གཉིས་བྱས་ནས་བཟའ་གསུམ་ཅན་ཡང་ད་དུང་མང་པོ་འདུག
མདོར་ན་ཨ་མདོ་བས་ཕུ་བོའི་ཆུང་མ་ལ་སྲུ་མོར་འབོད་ཀྱང་ཁམས་དང་དབུས་གཙང་ཕྱོགས། སྟོད་མངའ་རིས་སོགས་བོད་ཡུལ་ཕལ་ཆེ་བ་ནས་སྲུ་མོ་ཞེས་ཕུ་བོའི་ཆུང་མར་མི་ཟེར་བར་ཨ་མའི་སྤུན་བུད་མེད་རིགས་ལ་འབོད་པ་དང་ཕུ་བོའི་ཆུང་མར་འབོད་མིང་དམིགས་བསལ་མེད་པར་ཨ་ཅག་གམ་ཨ་ཅེ་ཞེས་འབོད་པའམ་། ཡང་འགའ་རེས་ཐད་ཀར་མིང་ནས་འབོད་པར་བྱེད་ཅིང་ཕའི་སྲིང་མོ་ལ་ཨ་ནེ་ཞེས་འབོད་པ་ཨ་མདོ་བ་དང་མཚུངས། བོད་རྒྱ་ཚིག་མཛོད་ཆེན་མོའི་ནང་སྲུ་མོ་ཞེས་པ་རང་གི་ཨ་མའི་སྤུན་བུད་མེད་རིགས་ལ་ཟེར་ཞེས་དང་ཕའི་སྤུན་བུད་མེད་རིགས་སྟེ་ཕའི་སྲིང་མོ་ལ་ཨ་ནེ་ཟེར་བར་བཤད་ཀྱང་། ཨ་མདོ་བས་ཕ་མ་གཉིས་ཀའི་སྤུན་བུད་མེད་རིགས་ལ་ཨ་ནེར་འབོད་པ་ཡིན།
དེ་ལྟར་སྲུ་མོ་ཞེས་པ་འདིར་ངེས་འཛིན་ཚུལ་མི་འདྲ་བ་ཆེན་པོ་གཉིས་བྱུང་ཡོད་པ་སྟེ། ས་ཁུལ་འགའ་ཞིག་ནས་མའི་སྤུན་བུད་མེད་རིགས་དང་འགའ་ཞིག་ནས་ཕུ་བོའི་ཆུང་མ་ལ་དེ་ལྟར་འབོད་པ་དེ་ཡིན། འབོད་ཚུལ་དེ་གཉིས་ཀའང་སོ་སོའི་ཕ་མེས་ཡང་མེས་ནས་བརྒྱུད་འོངས་པའི་འབོད་སྲོལ་ཞིག་ཏུ་གྲགས་ཤིང་གྲུབ་ཟིན་པས་གང་ཞིག་འགྲིག་ཡོད་པ་དང་གང་ཞིག་འགྲིག་མེད་པའི་ཁ་ཚོན་སུས་ཀྱང་གཅོད་དཀའ་བ་སྨྲོས་ཅི་དགོས་ཀྱང་། ཨ་མའི་སྤུན་བུད་མེད་རིགས་ལ་ནུབ་ལ་དྭགས་པས་མ་ཆུང་དང་། འབྲུག་རྫོང་ཁའི་སྐད་དུ་ཨམ་ཆུང་ཞེས་འབོད་པ་དག་དང་མི་འདྲ་བར་སྲུ་མོ་ཞེས་པའི་མིང་གཅིག་པུར་ཡང་འདི་ལྟར་ངོས་འཛིན་ཚུལ་མི་འདྲ་བ་གཉིས་བྱུང་བ་ཡིན་པས་དེ་གཉིས་ལས་གང་རུང་ཞིག་གིས་དུས་ག་ཤེད་ཅིག་ནས་ནོར་བ་དང་དེ་ཡང་རྒྱུན་འབྱམས་སུ་གྱུར་བ་མིན་ནམ་སྙམ་ཡང་ཚུལ་ཅི་ལྟར་ནོར་བ་དང་དུས་ནམ་ཞིག་ནོར་བ་བཤད་དཀའ། གལ་སྲིད་ཨ་མའི་སྤུན་བུད་མེད་ལ་སྲུ་མོ་ཞེས་འབོད་པ་འདི་མ་དག་པ་རེད་ཟེར་ན། དབུས་གཙང་བ་དང་བྱང་ནག་ཆུ་ཁ་བ་སོགས་དེ་ལྟར་འདོད་མཁན་སུས་ཀྱང་ཁས་ལེན་བྱེད་མི་སྲིད་པའི་ཁར་སོ་སོའི་ཕ་མེས་ཡང་མེས་རིང་ནས་དེ་ལྟར་འབོད་སྲོལ་ཡོད་པ་སོགས་རྒྱུ་མཚན་མང་པོ་ཞིག་བགྲང་ངེས་ལ། དེ་བཞིན་ཕུ་བོའི་ཆུང་མར་སྲུ་མོ་ཞེས་པ་འདི་ནོར་བ་རེད་ཟེར་ནའང་ཨ་མདོ་བ་སོགས་དེ་ལྟར་འདོད་མཁན་ཚོས་ཀྱང་གོང་བཞིན་ང་ཚོའི་མི་རིང་མི་རྒྱུད་དང་གནའ་སྔ་མོའི་རིང་ནས་དེ་ལྟར་འབོད་པ་དང་། མ་སྲུ་མོ་སྲིད་པའི་འཁོར་ལོ་སོགས་སྲུ་མོ་དང་འབྲེལ་བའི་གཏམ་དཔེ་སོགས་རྒྱུ་མཚན་མང་དག་ཅིག་བགྲང་ངེས་ཡིན། ཡིན་ནའང་སྐབས་རེ་ཁོ་བོའི་བསམ་པར། ཨ་མདོའི་ཁ་དཔེ་ལ་ཕ་ཨ་ཁུ་དང་། མ་སྲུ་མོ། བུ་ཚ་བོ་སོགས་ཡོངས་གྲགས་ཀྱི་བཤད་སྲོལ་འདི་དང་། ཨ་མདོའི་སྟོན་བཤད་སོགས་སུའང་གྲལ་གཡས་གྲལ་སྐོར་ནས་ཕ་ཁུ་བཞུགས། གཡོན་གྲལ་སྐོར་ནས་མ་སྲུ་བཞུགས། ལྟ་བུ་དང་། དེ་བཞིན་ཡང་གྲལ་འགོ་སྐོར་ནས་ཕ་ཁུ་བཞུགས། གྲལ་རྔ་སྐོར་ནས་བུ་ཚའུ་བཞུགས་སོགས་ཀྱི་བཤད་པ་བྱེད་ཚུལ་འདི་དག་ལ་ཞིབ་ཏུ་བསམས་ན་ཨ་མའི་སྤུན་བུད་མེད་ལ་སྲུ་མོར་འབོད་པ་འདི་རང་འགྲིག་པ་མིན་ནམ་ཡང་སྙམ་སྟེ། རྒྱུ་མཚན་ནི་གོང་གི་ཕ་ཨ་ཁུ་དང་མ་སྲུ་མོ། བུ་ཚ་བོ་ཞེས་གཉེན་ཚན་རྣམས་སྡེ་ཚན་གསུམ་དུ་ཕྱེ་ནས་བགྲང་སྐབས་རང་གི་ཕ་དང་ཕའི་སྤུན་མཆེད་ཨ་ཁུ་རྣམས་ཀྱིས་མཚོན་པའི་སྐྱེས་པ་རྒན་རབས་རྣམས་སྐོར་གཅིག་ཏུ་ཕྱེ་བ་ཡིན་ན། དེའི་ཚིག་གི་ཟླ་རུ་བྱུང་བའི་མ་སྲུ་མོ་ཞེས་པའང་རང་གི་མ་དང་མའི་སྤུན་བུད་མེད་དེ་དབུས་གཙང་སོགས་ཀྱིས་སྲུ་མོར་འབོད་པ་དག་གིས་མཚོན་པའི་བུད་མེད་རྒན་རབས་རྣམས་ཡིན་འོས་ལ། དེ་ནས་བུ་ཚ་བོ་སྟེ་བུ་དང་བུ་མོ། ཚ་བོ་ཚ་མོ། དེ་བཞིན་མནའ་མ་མག་པ་སོགས་ཀྱང་འདིའི་ནང་ཚུད་ཡོད་པས། ཕུ་བོའི་ཆུང་མ་གཅིག་པུ་དེ་ལས་ལོགས་སུ་བཀར་ནས་ཨ་མ་སོགས་རྒན་རབས་ཀྱི་གྲས་སུ་བགྲང་དགོས་དོན་ཅི་ཡིན་ནམ། དེ་བཞིན་ཡང་གཡས་གྲལ་སྐོར་ནས་ཕ་ཁུ་བཞུགས་སོགས་ཀྱི་དོན་ཡང། གཡས་གྲལ་གྱི་འགོར་ཨ་ཕ་ཨ་ཁུ་སོགས་སྐྱེས་པ་རྒན་རབས་རྣམས་རིམ་པར་འཁོད་ཅིང་དེ་ནས་བུ་དང་མག་པ་ཚ་བོ་སོགས་དང། གཡོན་གྱི་གྲལ་འགོར་མ་དང་མའི་སྤུན་བུད་མེད་སོགས་ཀྱིས་གཙོས་པའི་རྒན་རབས་རྣམས། དེ་ནས་བུ་མོ་དང་མནའ་མ། ཚ་མོ་སོགས་འཁོད་པའི་དོན་ཡིན་ན་ཨ་མདོ་བས་ཀྱང་སྔོན་ཆད་སྲུ་མོ་ཞེས་རང་གི་ཨ་མའི་སྤུན་བུད་མེད་ལ་འབོད་པ་མིན་ནམ་སྙམ་པའི་བསམ་ཚུལ་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་འབྱུང་མོད། ཡིན་ནའང་ཨ་མདོ་དང་ཁ་ཐག་ཧ་ཅང་རིང་པོ་ན་ཡོད་པ་ད་ལྟ་བལ་ཡུལ་གྱི་རྒྱལ་ཁོངས་སུ་གཏོགས་པའི་དོལ་བོ་དང་འུམ་ལ་སོགས་ཀྱིས་ཀྱང་ཨ་མདོ་བ་ལྟར་ཕུ་བོའི་ཆུང་མར་སྲུ་མོ་ཞེས་འབོད་པ་ཐོས་པས་སླར་ཡང་ཁ་ལ་སྨྲ་བཅད་ཀྱི་རྒྱས་བཏབ་ཅིང་མི་སྨྲ་བའི་བརྟུལ་ཞུགས་འཛིན་པ་ལ་བཀོད་དོ།།
རེད་ཡ། རྩོམ་ཡིག་འདི་ལས་གང་ཞིག་མཐོང་གི་འདུག་ཟེར་ན། ང་ཚོ་སོ་སོས་རིག་གཞུང་དང་སྐད་ཡིག་ཕུན་སུམ་ཚོགས་པ་ཡོད་ཟེར་བ་མ་གཏོགས། ཉེར་མཁོའི་མིང་ཚིག་ནང་དུ་ངོ་ནས་ལྷག་པ་དང་ཆད་པ་མང་པོ་འདུག་བསམ་བསམ་ཞིག་ཡོད། ཕྱི་ཕྱོགས་ཀྱི་སློབ་གྲྭ་ཁག་གི་སློབ་ཚན་ནང་དུ་། (Family tree) ཁྱིམ་ཚང་ངམ་གཉེན་འབྲེལ་གྱི་སྡོང་པོ་ཟེར་བ་ཞིག་འདུག དེའི་ནང་དུ་རེ་རེ་བཞིན་དུ་མིང་མ་ནོར་བར་ཕྲ་ཞིང་ཞིབ་པ་འདུག ཕལ་ཆེར་ང་ཚོ་མངོན་པ་ནས་བཤད་པའི་གཉེན་ཚན་གྱི་ཚད་མི་རབས་བདུན་བརྒྱུད་དུ་གསུངས་པ་ལྟ་བུ་ཞིག་གྲངས་ཀ་འདུག དེ་ཚོ་རེ་རེ་བཞིན་དུ་བོད་སྐད་ཐོག་ན་ཡོད་ན་ཅི་མ་རུང་བསམ་བསམ་དེ་འདྲ་རེད།
དེ་ལས་གཞན་ཞིག་ནི་ཁ་དོག་སྐོར་ལ་རེད། ང་ཚོའི་ཚད་མ་རིག་པའི་གཞུང་ལུགས་རྣམས་སུ་རྩ་བའི་ཁ་དོག་བཞི་དང་ཡན་ལག་གི་ཁ་དོག་བརྒྱད་སོགས་འདུག་མོད། འོན་ཀྱང་ཚོན་རྩི་ཚོང་སའི་ཚོང་ཁང་ནང་དུ་སོང་ན་ཁ་དོག་ལ་རེ་རེ་བཞིན་མ་འདྲེས་པར་མིང་དང་དེའི་དཔེ་མཚོན་སོགས་སྟོང་ཕྲག་བརྒལ་བ་འདུག འདི་ཚོ་མིང་ཚིག་རྣམས་ཀྱང་བོད་ཡིག་ཏུ་ཁ་གསབ་དགོས་ངེས་ཞིག་རེད།
ང་ཚོ་བོད་ཡིག་ཐོག་བྱ་དངོས་དམིགས་བསལ་བ་རེའི་ཚིག་མཛོད་བཟོ་དགོས་ངེས་ཞིག་མཐོང་གི་འདུག ཤེས་རིག་ལྷན་ཁང་ལྟ་བུས་འགན་ཁས་ན་དཔེ་མི་སྲིད་པའི་ཡག་པོ་ཡོད་ས་རེད།
རང་ལ་འཁྲིག་བདེའི་སྲུ་ཞུ་ནི། །
སྒྲུབ་མཁན་མོ་དེར་སྲུ་མོར་བརྗོད། །
དེ་ནི་ནུ་བོའི་ཟ་སྐལ་ཡིན། །
མ་ཟོས་ན་ནི་སྡུག་གྱོང་ཡིན། །
ཨ་ར་དཀར་པོས་སྲུ་མོའི་ཐ་སྙད་གང་ལ་སྦྱར་གྱིས་ཡོད་མེད་ལ་དཔྱད་གཏམ་རྫིག་པོ་ཞིག་བྲིས་འདུག་
སྲུ་མོའི་ཐ་སྙད་ཨ་མའི་སྤུན་ཆེ་ཆུང་དག་ལ་འབོད་པ་ལས་སྤུན་ཆེ་བའི་ཆུང་མ་དང་ཨ་ཕའི་སྲིང་མོ་ལ་
འབོད་པ་ནི་ཁྱབ་ཆེ་ཆུང་གི་དབང་དུ་ཕལ་ཆེར་ཁྱབ་རྒྱ་ཆུང་ཆུང་མིན་འགྲོ། ཁྱེད་རང་གིས་བཤད་སྲོལ་
ལུང་འདྲེན་བྱས་པ་ལྟར་ཕ་ཁུ་མ་སྲུ་མོ་དམན་ཅེས་པའི་ཐ་སྙད་དེ་ད་ལྟའི་ཆོ་ག་འཕྲིན་ལས་ཀྱི་འདོན་
ཆ་དག་ལ་ཡོད་པས་མ་ཚད་ཕལ་ཆེར་ཆོལ་ཁ་གསུམ་ཀའི་ནང་བཤད་སྲོལ་ཡོད་བསྡད་པ་ཞིག་རེད་
དངོས་གནས་དེ་འདྲ་རེད་ཡ།
ངའི་སྐྱེས་ཁོང་ནས་དེ་འདྲ་རང་མ་རེད་། གང་ལྟར་རང་དང་ལོ་མཉམ་ཡིན་ན་ཕུ་བོའི་སྐྱེ་དམན་ལ་ཡང་་སྲུ་མོ་ཞེས་འབོད་པ་ལས་། དེ་མིན་རང་གི་ཕུ་བོའི་སྐྱེ་དམན་ལ་ ་་ཨ་ཅེ་བག་མ་་་ ཞེས་འབོད་ལ་། གང་ལྟར་ཨ་ཅེ་ཞེས་བའི་མིག་ཚིགས་འདི་ཕུལ་བས་རྗེས་སུ་། རང་གི་སྲིང་མོ་ལྟར་འདོད་གཏམ་གྱི་རིགས་བཤད་སྲོལ་གཏན་ནས་མེད་།
ཨོ་རེད་ཡ་ང་སྐྱེས་ཡུལ་ནས་ཡང་རང་ཀི་ཕུ་བོའི་ཆུང་མ་ལ་སྲིང་མོ་ལྟར་སེམས་པ་ལས་འདོད་གཏམ་དེ་འདྲ་བཤད་སྲོལ་མེད་་་་ལོ་ལོན་ནས་གསུངས་ང་ལྟར་ཨ་ཅེ་དང་སྲི་མོ་ཡང་དངོས་མིང་ཀིས་འབོད་སྲོལ་ལས་འདོད་པ་སྤྱོད་ཡུལ་དུ་འཛིན་སྲོལ་མེད་ཨ་མདོའི་ལུང་ཚན་རེ་ཟུང་ན་དེ་འདྲ་ཡོད་རྒྱུ་རེད་མི་ཤེས་མོད་་དེ་ཨ་མདོ་བ་ཡོངས་ལ་མི་འགྲོ་བར་ཤེས་དགོས་ལགས་
ང་ཚོའི་སྡེ་བས་ཀྱང་དེ་ག་རང་ཟེར། རང་གི་ཕུ་བོའམ་གཅེན་པོའི་ཆུང་མ་ལ་སྲུ་མོ་ཞེས་འབོད་པ་ཡིན། སྲུ་མོ་ལ་སྲིང་མོ་བཞིན་ཆགས་གཏམ་སོགས་ཤིན་ཏུ་འཛེམ།
ས་ཆ་ལ་ལ་ན་རང་གི་སྲུ་མོར་འདོད་པ་སྤྱོད་མཁན་ཡོད་ཚེ་དེ་ནི་ཕལ་ཆེར་ཀློ་བའི་རིགས་ཡིན་སྲིད།
སྐྱེས་མ་རིག་འཛིན་གྱི་ཐོབ་ཐང་རྡོག་རོལ་བཏང་བ་ལ་ཁ་རྡུང་
[ སྨིན་དྲུག ] [ 2011-8-9 ]
སྐྱེས་མ་རིག་འཛིན་གྱི་ཐོབ་ཐང་རྡོག་རོལ་བཏང་བ་ལ་ཁ་རྡུང་
དང་དེ་ལས་འཕྲོས་པའི་གཏམ་ཐོར་བུ།
ར་རྫ་འཇམ་དབྱངས་སྐྱིད།
ཤེས་རིག་མ་དར་གོང་གི་གདོད་མའི་སྤྱི་ཚོགས་དུས་སུ། བུད་མེད་ཀྱིས་ལོག་གཡེམ་བྱས་པ་ཡིན་ན། སྲོག་གཅོད་པ་དང་སྐྲ་ལོ་འབྲེག་པ། སྣ་དང་རྣ་བ་གཅོད་པ་སོགས་ཀྱི་སྲོལ་ཡོད་པ་རེད། ཕྱི་གླིང་གི་རྒྱལ་ཁབ་ཁ་ཤས་སུ་བུ་མོ་ཞིག་གིས་འགྲོགས་བཟང་བཙལ་བ་ཡིན་ན། ཁྱོ་ག་དང་རང་གི་ཕ་དང་ཕུ་ནུ་གང་རུང་གིས་བུ་མོ་དེ་བསད་ཀྱང་ཁྲིམས་མཐུན་ཡིན་པ་རེད། གཞན། དབྱིན་ཇི་རུ་ཁྱོ་ག་དམག་ལ་འགྲོ་སྐབས་ཁྱོ་མོའི་མོ་མཚན་ལ་ལྕགས་ཟྭ་རྒྱག་པའི་སྲོལ་ཞིག་ཀྱང་དར་མྱོང་ཡོད་རེད། དེ་ནི་དམུ་རྒོད་སྤྱི་ཚོགས་གང་གི་མཚོན་རྟགས་རེད་ལ། མིའི་རིགས་ཀྱི་ངོ་གནོང་དགོས་པའི་ལོ་རྒྱུས་ནག་པོ་ཞིག་ཅི་ལ་མིན། བུད་མེད་ལ་སྲོལ་དང་ཁྲིམས་དང་སྒྲིགས་དང་ལམ་ལུགས་འཛུགས་མཁན་ནི། ཏག་ཏག་སྐྱེས་པ་ཚོ་ཡིན་པ་རེད་ལ། ཡིན་ཡང་། ཁོ་ཚོས་རང་སྣང་གང་ཤར་གྱིས་ཁྱོ་མོ་མང་པོ་བསྟེན་ཆོག་གི་ཡོད་པར་མ་ཟད། བུད་མེད་ལ་གང་འདོད་དུ་ལོག་གཡེམ་དང་ཐ་ན་བཙན་གཡེམ་བྱས་ཀྱང་ཉེས་ཆད་ཕོག་གི་ཡོད་པ་མ་རེད། དོན་དག་འདི་ནི། སྔོན་ཐོན་རྒྱལ་ཁབ་ཅིག་ལ་མཚོན་ན། འདས་ཟིན་པའི་ལོ་རྒྱུས་རལ་པོ་ཞིག་རེད་འདུག
ཡིན་ཡང་། འུ་ཅག་གངས་ཅན་བུད་མེད་ཚོར་མཚོན་ན། དོན་དག་དེ་ད་ལྟ་བའི་དུས་སུ་ཡང་འབྱུང་གིན་པ་སྐྱེས་མ་རིག་འཛིན་ལ་བྱུང་བའི་གནས་ཚུལ་དེས་གསལ་ར་སྤྲད་འདུག ཁ་སང་དོན་རྐྱེན་དེ་མཐོང་མ་ཐག གློ་བུར་དུ། ཟླ་བ་ཁ་ཤས་སྔོན་ལ་བལྟས་པའི་ཨི་རན་གྱིས་དོན་དག་ངོ་མ་གཞིར་བཟུང་ནས་ཕབ་པའི《རྡོ་འཛིང་གིས་བསད་པའི་བུ་མོ་སོ་ལ་ཡ》ཞེས་པའི་གློག་བརྙན་ཏེ་ཡིད་ལ་ཝ་ལེར་ཤར་ཡོང་། ང་ཚོས་ཀླ་ཀློ་ཞེས་འབོད་པའི་ཁོ་ཚོའི་བྱ་སྤྱོད་དེར། ལྟ་མཁན་ཀུན་ཞེན་པ་གཏིང་ནས་ལོག་སྟེ་༼ཀླ་ཀློ་དམུ་རྒོད་ཚོ༽་ཞེས་དམའ་འབེབས་སེར་བ་འབབ་འབབ་བྱེད་ཀྱི་འདུག་ན་ཡང་། ངས་སོ་ལ་ཡ་ཡི་ལས་དབང་མཐོང་ནས་མིག་ཟུང་མཆི་མས་བརླན། དེ་མུར། རང་ཉིད་བསྐལ་པ་ནས་བསྐལ་པའི་བར་མི་རིགས་དེའི་བུད་མེད་ཅིག་གི་སྐྱེ་བ་མི་ལེན་པའི་སྨོན་ལམ་ཕུར་ཚུགས་སུ་བཏབ་པ་ཡིན།
སྤྱི་ཟླ7པའི་ཚེས 16 ཉིན་ཨ་རུ་ན་ཅལ་མངའ་སྡེའི་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་ནང་། མོ་ལོ30 ཅན་གྱི་སྐྱེས་མ་རིག་འཛིན། སྐྱེས་པ་ཞིག་དང་ལུས་འབྲེལ་བྱུང་བར་རྐྱེན་བྱས། ཁོ་མོའི་མགོ་སྐྲ་བཅད་པ་དང་། སྣ་ལ་ཇེམ་ཙེ་བརྒྱབ་པ། ལུས་ཧྲིལ་པོ་དམར་ཧྲེང་ལ་ཕུད་དེ་གཞིས་གྲོང་གི་མི་ཚོགས་འཛོམས་སའི་ཁྲོམ་སྲང་དུ་བཙན་ཁྲིད་བྱས་ཏེ་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་བའི་དོན་དེས། ང་རང་ཧ་ལས་ཧང་སང་ཧོན་ཐོར་སོང་། དེ་ནི་ཏག་ཏག་ཀླ་ཀློའི་སྤྱོད་པ་རེད། ཁ་ནས་དམངས་གཙོ་འདྲ་མཉམ་བར་མེད་དུ་སྒྲོག་པའི་སྤྱི་ཚོགས་ཤིག་ཏུ་དེ་འདྲའི་ཡ་བྲལ་དུ་སོང་བའི་སྦྱོར་བ་རྩོམ་པ་མཐོང་སྐབས། ཡིད་ནི་རབ་ཏུ་སྐྱོ་ཞིང་སེམས་པ་འཁྱག་གིས་བསྡམས་སོང་།
སྤྱིར་ཕོ་མོ་ལྐོག་འབྲེལ་བྱས་པ་ལ། ཀུན་སྤྱོད་ཀྱི་རྣམ་གཞག་གིས་བཤུང་ན་འགྲིག་པ་མ་གཏོགས། དབང་པོ་རྣམ་ལྔ་ཚང་བའི་བདེ་ཐང་གི་མི་ཞིག་དབང་པོ་སྐྱོན་ཅན་དུ་བཏང་བ་ནི་ཁྲིམས་འགལ་གྱིས་མིའི་ལུས་ལ་གནོད་འཚེ་བཟོས་པ་རེད་ལ། གྱོན་ཆས་བཙན་བཤུ་བྱས་ནས་དམར་ཧྲེང་དུ་ཁྲོམ་ལ་ཁྲིད་པ་ནི་ཁྲིམས་འགལ་གྱིས་མིའི་སེམས་ལ་གནོད་འཚེ་བཏང་བ་ཤ་སྟག་ཡིན་པས། བྱེད་གཏེ་བདུན་པོ་ནི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་བའི་དོགས་གཞིའི་ཉེས་ཅན་རྩོད་མེད་ཡིན་པ་རེད། གནས་ལུགས་དེ་ལྟར་ཡིན་པས་ན། ཐོག་མར་མིའི་ཐོབ་ཐང་ལ་ཁྲིམས་འགལ་གྱིས་རྡོག་རོལ་གཏོང་མཁན་དེ་ཚོ་ཁྲིམས་གཏུགས་ཀྱིས་ཁོ་ཚོས་སྐྱེས་མ་རིག་འཛིན་གྱི་ལུས་སེམས་ལ་བཟོས་པའི་སྡུག་བསྔལ་ལ་ཁྲིམས་གཅོད་གུན་གསབ་བྱེད་དུ་བཅུག་པའི་རྗེས་ཐོགས་སུ། ད་གཟོད་རིག་འཛིན་དང་སྐྱེས་པ་དེའི་བར་བྱུང་བའི་ཚུལ་མིན་ལོག་གཡེམ་གྱི་དོན་དག་དེ་རྩད་གཅོད་ཞིབ་གསལ་དང་ཐག་གཅོད་དྲང་སྙོམས་བྱས་ན་འགྲིག་པ་རེད།
དེ་ལྟ་མ་ཡིན་པར་དོགས་གཞི་ཉེས་ཅན་བདུན་པོ་རྒྱ་ཡན་དུ་བསྐྱུར་པ་ཡིན་ན་ནི། བོད་མིའི་སྤྱི་ཚོགས་སུ་ཕོ་མོ་འདྲ་མཉམ་ཡིན་ཟེར་བ་སྐྱག་རྫུན་དུ་འགྲོ་ཉེན་ཆེ་བར་མ་ཟད། སྐྱེས་པ་དང་བུད་མེད་སུ་གང་གི་ཐོབ་ཐང་ལའང་འགན་སྲུང་མེད་པ་ཆགས་ངེས་པས། ངེད་ཅག་ཕོ་མོ་རིས་མེད་ཀྱིས་དོན་འདིར་དོ་ཁུར་དང་འབྲེལ་ཡོད་ལས་སྣེར་གནོན་ཤུགས་སྤྲོད་དགོས་གལ་ཤིན་ཏུ་ཆེ་བ་རེད། བརྒྱ་ལ་དོན་དག་དེ་འགྲོ་མིའི་ཐོབ་ཐང་གཞི་རྩར་བཞག་ནས་ཐག་གཅོད་དྲང་སྙོམས་ཤིག་མ་ཐུབ་ཚེ། ང་ཚོའི་སྤྱི་ཚོགས་སུ་མང་གཙོ་དང་འདྲ་མཉམ། དྲང་བདེན་ཡོང་བར་གེགས་སུ་འགྲོ་བའི་དོན་རྐྱེན་དེ་རིགས་ཆུ་ངན་ལམ་ཞུགས་ཀྱིས་མང་ནས་མང་དུ་འགྲོ་རྒྱུ་རེད།
ཀུན་གྱིས་ཤེས་དགོས་པ་ཞིག་ནི། དོན་རྐྱེན་དེས་སྐྱེས་མ་རིག་འཛིན་གྱི་སེམས་ཁམས་ལ་ག་འདྲའི་ཟུག་གཟེར་དང་མི་ཚེ་ལ་ཅི་འདྲའི་སྐྱོ་སྣང་བཟོ་ཡོང་བ་དེ་རེད། ང་བུད་མེད་ཅིག་གི་ངོས་ནས་བལྟས་ན། སྲོལ་རྒྱུན་གྱི་སྤྱི་ཚོགས་ཁྲོད་འཚར་བའི་བུད་མེད་ཅིག་ལ་མཚོན་ན། གཅེར་བུར་བཏང་བ་ནི། བཙན་གྱིས་ཤི་ལམ་དུ་བརྫང་བ་དང་གཅིག་མཚུངས་ཡིན་པ་རེད།
འཇིག་རྟེན་འདི་ནས་མི་གཅིག་ལ་འགྲོ་བ་མིའི་ཐོབ་ཐང་མེད་པ་ཡིན་ན། མི་ཐམས་ཅད་ཀྱི་ཐོབ་ཐང་ལ་འགན་སྲུང་མེད་པ་རེད། ཡང་། མི་སྟོབས་ཆེན་དག་དཔུང་བསྡོངས་ནས་མི་གཉོམ་ཆུང་རྣམས་ཀྱི་ཐོབ་ཐང་ལ་རྡོག་རོལ་བཏང་ཆོག་ན། མི་རིགས་སྟོབས་ཆེན་དག་གིས་མི་རིགས་གཉོམ་ཆུང་ལ་ཐུབ་ཚོད་མི་ཆོག་པའི་གནས་ལུགས་ཇི་ལྟར་རྩོད།
བྱེས་སུ་སྡོད་པའི་སྐྱེས་མ་རིག་འཛིན་གྱི་མགོ་ལ་སྡུག་བསྔལ་དེ་བྱུང་བ་དང་འདྲ་བར། གཞིས་སུ་སྡོད་པའི་བུད་མེད་ཀྱི་ཐོབ་ཐང་ལ་ཡང་རྡོག་རོལ་བཏང་དང་གཏོང་མུས་སུ་ཡོད་པ་རེད། དེ་ཡང་། ལོ་དུ་མའི་སྔོན་ཞིག་ལ་མགོ་ལོག་རྨ་ཆེན་དུ་བུད་མེད་ཅིག་གིས་འགྲོགས་བཟང་བཙལ་བ་ཁྱོ་གས་ཤེས་རྗེས། ཁོས་ཆུང་མའི་རྣ་བ་ཡ་གཅིག་བཙན་གྱིས་གྲི་ཡིས་བྲེགས། འགོར་འགྱངས་བྱས་པ་མིན་ནམ། གང་ལྟར་སྨན་ཁང་དུ་འབྱོར་རྗེས་ཐང་ལ་ལྷུང་བའི་རྣ་བ་དེ་བཙེམ་སོས་མ་ཐུབ་པ་རེད། མོས་འགྲོགས་བཟང་བཙལ་བའི་ནག་ཉེས་ལ་རྣ་བ་ཡ་གཅིག་ཤོར་བས་མི་ཚད། གནས་ཡུལ་ནས་འདུག་ཏུ་མ་བཅུག་པར་ཁྱོ་གས་བཙན་ཤེད་ཀྱིས་ཁོ་མོ་ཕྱིར་ཕ་ཡུལ་དུ་སྤྱུགས་པ་རེད། ཐོས་ཚུལ་ཡིན་ན། མོས་རྣ་བ་མེད་སའི་སྐྲ་ལོ་རྟག་པར་ཐར་དུ་འཕྱངས་ནས་རྣ་ཤུལ་གྱི་ནག་ཁུང་དེ་འགེབས་ཀྱི་ཡོད་པ་རེད་ཟེར། ས་ཆ་དེ་རུ་དོན་དེ་རིགས་རྒྱུན་ལྡན་ཞིག་ཏུ་ལྟ་བ་དང་། ངས་ཀྱང་གནས་ཚུལ་དེ་ནང་གཏམ་གྱི་ཚུལ་དུ་ཐོས་པ་ལས་གསར་ལམ་སོགས་སུ་མཐོང་བ་མིན། ཡང་གཅིག་བསམས་ན། གཞི་རིམ་མཐའ་འཁོབ་ཀྱི་བུད་མེད་ལ་མནར་གཅོད་གཏོང་བ་དེ་ནི། བོད་ནང་གི་སྤྱི་ཚོགས་ལ་མཚོན་ན་ཧ་ཅང་རྒྱུན་ལྡན་ཞིག་ཏུ་གྱུར་ནས་གསར་འགྱུར་ཞིག་གི་རིན་ཐང་ཡང་མེད་པ་ལྟར་སྣང་།
དོན་དག་དེ་རིགས་བྱུང་བའི་རྒྱུ་མཚན་ནི། བོད་པའི་ལོ་རྒྱུས་སུ་བུད་མེད་ཀྱིས་ལོག་གཡེམ་བྱས་ན་སྣ་དང་རྣ་བ་འབྲེག་ཆོག་པ་ཁྲིམས་སུ་གཏན་ལ་ཕབ་ཡོད་པའི་སྲོལ་རོ་དེས་བསྐྱེད་པ་རེད་འདོད། ལར། ཕོ་མོ་གང་རུང་གི་ལོག་གཡེམ་བྱེད་པའི་སྲོལ་དེ་ཡག་པོ་ཞིག་མིན་པས་མི་ཚད། བདེ་ཐང་དང་འཕྲོད་བསྟེན་གང་ལ་ཡང་ཕན་མེད་གནོད་ཚབས་ཆེ་བས་སྤྱོད་པ་དེ་གཅུན་ན་འགྲིག་མོད་ཀྱང་། བློ་ཕངས་པ་ཞིག་ལ། དེ་འདྲ་ཞིག་མ་ཡིན་པར། བོད་ནང་གི་གཞི་རིམ་གྱི་སྐྱེས་པ་ཚོས་གྲོང་ཁྱེར་དང་གྲོང་བརྡལ་གང་རུང་དུ་སྨད་འཚོང་མ་ལས་མཚན་མའི་འགོས་ནད་རིན་གྱིས་ཉོས་ནས་རོང་འབྲོག་ཁུལ་དུ་ཁྱེར་ཏེ་རང་གི་ཆུང་མ་དང་བུ་ཕྲུག་ལ་བགོས་དང་བགོ་གི་ཡོད་པའི་དོན་དངོས་ཁ་དར་འདུག་པ་རེད། དགོས་དབང་གིས་མི་འགྱངས་པར་ཐོན་གྲབས་འདུག་པའི་བདག་གི《སྐྱེས་མའི་གནས་སྟངས་ཟུར་བལྟས་ལེབ་མཐོང་》ཞེས་པའི་བུད་མེད་ལས་དབང་སྐོར་གྱི་དེབ་ལས་དུམ་མཚམས་ཤིག་དྲངས་ན། “གཞན་ཡང་ཕ་ཡུལ་འབའ་རྫོང་རང་ནས་ཡིན་པའི་སྨན་པ་ལྷག་བསམ་ཅན་ཕག་མོ་སྒྲོལ་མ་ལགས་ཀྱི་སྙིང་གཏམ་ཚ་མོ་དེ་རེད། མོས། ས་དེ་གའི་ཞོལ་མ་ཡུལ་ཚོ་དང་རྨ་བྱང་ཡུལ་ཚོ་ལ་སོགས་ཀྱི་འབྲོག་ཁུལ་དུ། མཚན་མའི་འགོས་ནད་སྦྱར་མ་བྱུང་ཚད་ཇེ་དྲག་ཏུ་ཕྱིན་གྱི་ཡོད་ཐོག ནད་དེས་བསད་པའི་བུད་མེད་ཁ་ཤས་ཤིག་ཀྱང་ཡོད་ལ། ནད་དེ་ཚབས་ཆེན་དུ་གྱུར་པའི་བུད་མེད་ཅིག་ཟི་ལིང་གི་གཞུང་བཙུགས་སྨན་ཁང་དུ་ལེན་ཁ་མ་ཉན་པར་ཐབས་ཟད་འུ་ཐུག་ནས་སྒེར་གཉེར་གྱིས་སྨན་ཁང་ཞིག་ཏུ་བསྡད་པ་རེད་ཅིང་། དེ་ལས་བརྟག་དཔྱད་མཐར། བུད་མེད་གང་དེའི་མོ་མཚན་ཧྲིལ་པོ་སྦྱར་ནད་ཀྱིས་ཟོས་ཚར་ཏེ་བུ་སྣོད་ལ་ཐུག་གི་བར་དུ་གཏུགས་འདུག་པ་རེད་ཅེས་ནན་སེམས་དྲག་པོས་ང་ལ་བཤད་བྱུང་། ཁོ་མོས་ད་དུང་། ཨ་ཡེ་རྒན་མོ་ཞིག་ལས། སྐྱེས་པ་ཞིག་གིས་ཟི་ལིང་གི་རླངས་འཁོར་ས་ཚིགས་སུ་སྒོར་གཉིས་བརྒྱ་ཕར་སྤྲད་ནས་འགོས་ནད་དེ་ཚུར་ཉོས་ཡོང་བ་རང་གི་ཆུང་མར་བསྒོས་ཤིང་། ཆུང་མའི་ནད་དེ་སྨན་བཅོས་ཀྱི་སྨན་རིན་ལ་ད་ཕན་སྒོར་ཁྲི་གཉིས་གསུམ་བཏང་ཡང་དྲག་བསྐྱེད་བྱུང་མེད་པའི་སྐད་ཆ་གོ་ཚུལ་ཡང་ང་ལ་བཤད་བྱུང་།” རེད་ཡ། དེ་དག་ཚང་མའི་སྐྲ་འབྲེག་སྣ་གཅོད་དགོས་ན། ང་ཚོའི་འཚོ་བའི་ཁྲོད་ཁ་སྣ་མི་ཚང་བའི་སྐྱེས་པ་ཅི་འདྲའི་མང་པོ་ཡོད་རྒྱུ་རེད་ཨང་།
བུད་མེད་ཀྱིས་༼གྲལ་རིམ་དགྲ་བོ༽་ལྟར་གཉའ་གནོན་བཟེད་མི་དགོས་བར་དུ། ངས་སྤྱི་ཚོགས་ཀྱི་དམུ་རྒོད་བྱ་སྤྱོད་གང་ལ་ཡང་ཁ་གཏད་གཅོག་ངེས་ཡིན། རྒྱུ་མཚན། བུད་མེད་ཀྱང་སྐྱེས་པ་ནང་བཞིན་སྐྱིད་དགའ་ལོངས་སྐྱོད་ལ་དགའ་བའི་མཚན་ཉིད་ཡོངས་སུ་ཚང་བའི་༼མི༽་ཡིན་པས་སོ།།
2011/08/09/ཉིན་གྱི་ཕྱི་དྲོར་བྲིས་གྲུབ།
འདོད་ལྷ་ཁམས་པ་ལགས། ང་ཚོའི་ས་ནས་ཀྱང་རང་གི་ཕ་གཅིག་མ་གཅིག་གི་ཕུ་བོའི་ཆུང་མར་འཁྲིག་གཏམ་སོགས་འཛེམ་ཡང་ཕ་ཚན་མ་ཚན་གང་རུང་གི་ཉེ་འབྲེལ་བ་སྤུན་རྒན་པ་ཚོའི་ཆུང་མ་ལ་སྲུ་མོར་འབོད་ཀྱང་དེ་ཙམ་འཛེམ་སྲོལ་མི་འདུག ལྐོག་ལྐོག་སུལ་སུལ་ངང་ལས་ངན་མང་པོ་བྱེད་ཀྱི་འདུག
འདོད་ལྷ་ཁམས་པ་ལགས། ང་ཚོའི་ས་ནས་ཀྱང་རང་གི་ཕ་གཅིག་མ་གཅིག་གི་ཕུ་བོའི་ཆུང་མར་འཁྲིག་གཏམ་སོགས་འཛེམ་ཡང་ཕ་ཚན་མ་ཚན་གང་རུང་གི་ཉེ་འབྲེལ་བུ་སྤུན་རྒན་པ་ཚོའི་ཆུང་མ་ལ་སྲུ་མོར་འབོད་ཀྱང་དེ་ཙམ་འཛེམ་སྲོལ་མི་འདུག ལྐོག་ལྐོག་སུལ་སུལ་ངང་ལས་ངན་མང་པོ་བྱེད་ཀྱི་འདུག
ལགས་རེད། ཨ་དཀར་ལགས། ལྐོག་ནས་གང་བྱུང་མང་བྱུང་བྱེད་མཁན་དེ་འདྲ་ཡོད་སྲིད་པ་རེད།
ལྐོག་ལས་དེ་ཚོའི་རིགས་ནི་ཡུལ་ཁྲིམས་དང་མི་མཐུན་པ་མ་ཟད། ཡུལ་སྲོལ་དང་ཡང་འགལ་བ་རེད།
ཁྲིམས་དང་འགལ་བ། ལུགས་དང་མི་མཐུན་པའི་བྱ་སྤྱོད་སྐྱུགས་བྲོ་བོ་དེ་རིགས་བོད་ཀྱི་ས་ཆ་གང་ན་སུ་ཞིག་མཆིས་ན་ཡང་བོད་མིའི་ལུགས་སྲོལ་དང་རྦད་དེ་འགལ་བ་རེད།
ཨ་དཀར་ལགས་་་ཁྱོད་ཀྱི་སྡེ་བའི་ཡུལ་མིའི་ནང་ན་རང་གི་སྲུ་མོ་དང་ཨ་ཅེ་སོགས་ལ་གང་བྱུང་ལག་པ་འཆང་ཆོག་པའི་ལུགས་སྲོལ་ཡག་པོ་ཞིག་དར་ཡོད་ཀི་པྭ། ཧཧཧ
གྲོགས་པོ་ལགས། ངས་བཤད་རྒྱུ་གཙོ་བོ་དེ་བོད་ཀྱི་ས་ཁུལ་མང་ཆེ་བ་ནས་སྲུ་མོ་ཞེས་པ་ཕུ་བོའི་ཆུང་མར་ཟེར་གྱི་མི་འདུག ཨ་མའི་སྤུན་བུད་མེད་རིགས་ལ་ཟེར་གྱི་འདུག དེ་བཞིན་ཕུ་བོའི་ཆུང་མ་ལ་ཨ་ཅེ་ནང་བཞིན་བརྩི་སྲོལ་ཡང་ཕལ་ཆེར་མེད་པ་འདྲ། སྤུན་ཆེ་བར་མནའ་མ་བླངས་རྗེས་ཆུང་བ་ཚོར་མནའ་མ་ལོགས་སུ་མི་ལེན་པར་དེ་དང་མཉམ་དུ་སྡོད་ཀྱི་འདུག
ཡང་སྤོ། ཡང་རྨོ།
སྤོ་ཕོ། རྨོ་མོ།
ཨ་ཕ། ཨ་མ།
ཨ་ཕའི་བུ་སྦུན་ཨ་ཁུ། ཨ་མའི་བུ་སྤུན་ཨ་ཞང་།
ཨ་ཕའི་བུ་མོ་སྦུན་ཨ་ནེ། ཨ་མའི་བུ་མོ་སྤུན་སྲུ་མོ།
ཨ་ཇོ། ཨ་ཅག
ནུ་བོ། ནུ་མོ།
དེ་ནས་ཕར་ཚུར་མཆེད་ནས།
ཚ་བོ་དང་ཚ་མོ་སོགས་སོ། །
ངོ་མ་རེད། ང་ཚོའི་ས་ཆ་ནས་མནའ་མ་ཚང་མ་ལ་སྲུ་མོ་འབོད་སྲོལ་ཡོད། སྤུན་རྒན་གཞོན་གྱི་གཟའ་ཟླ་ལ་ཁྱད་པར་མེད། ཕོ་རྒོད་ན་འདོད་པ་སྤྱོད་ཀྱང་ཡིན།
ང་བོད་གཙང་དུ་ཡོད་སྐབས་སུ་སྲོ་མོ་ཞེས་པའི་སྒྲ་ཐོས། དེ་མིན་ལ་དྭགས་སུ་སྲུ་མོ་ཞེས་པའི་སྒྲ་ཡང་གཏན་ནས་མེད་པ་ལྟ་བུ་ཡིན་འདུག ཡུལ་ལ་འཐོན་ཁུངས་ཆེར་མེད་པས། གྲོང་པ་གཅིག་གི་ནང་དུ། ཕོ་ཡིན་ན་ཕ་མས་མནའ་མ་ལེན་པ་དང་། བུ་ཚ་མེད་པ་བུ་མོ་རྐྱང་པ་ཡིན་ན། བུ་མོ་རྒན་པ་དེ་ལ་མག་པ་ལེན། ཨ་ཇོ་དང་ནུ་བོ་དག་འདོད་པ་མཐུན་ན། མནའ་མ་གཅིག་གིས་འཐུས་པར་བྱས་ཏེ། མཉམ་དུ་བསྡད། དེ་བཞིན་བུ་མོ་ཕྱོགས་ཀྱང་འདྲ། ལུགས་སྲོལ་འདི་བོད་ཡུལ་ཡོངས་ལ་སྔ་མ་གཅིག་པ་ཡིན་པར་སེམས། ཕྱིས་སུ་འཐོན་ཁུངས་ཆེ་བ་དང་། ས་ཞིང་ཆུང་ངུ་ཞིག་ལས་མེད་ཀྱང་། ཁྱིམ་གཅིག་གི་སྤུན་མཆེད་ཡོངས་ཀྱིས་བགོ་ཆ་རྒྱབ་དགོས་པའི་རྒྱ་གར་གཞུང་གི་ཁྲིམས་ལ་རྩི་དགོས། བུ་ཚ་རེ་རེས་མནའ་མ་ལེན་པ་དང་། མོ་ཡིན་ན་ཁྱིམ་གཞན་དུ་བག་མ་ལ་འགྲོ་བའམ་མག་པ་ལེན་པ་གང་རུང་བྱེད། ཕལ་ཆེར་ཚང་མ་རྒྱ་གར་གཞུང་གི་ཁྲིམས་ལྟར་སློབ་སྦྱོང་ཡོད་པ་དག་ལ་ལས་བྱེད་ཕོ་མོའི་དབྱེ་བ་མེད་པར་ལས་ཐོབ། ང་ལ་སྲིང་མོ་ང་རང་ལས་ལོ་་དྲུག་བདུན་རྒན་ཀྱང་། བུ་མོ་གཉིས་་གཞུང་གི་ལས་བྱེད་པ་ཡིན་པས། དེ་དག་གིས་རང་གི་མ་ལ་ལྟ་རྟོག་ལེགས་པར་བྱེད། ངའི་སྲིང་མོ་དང་ཁྱོ་གས་དང་པོ་བུ་ཚ་སྐྱེ་བ་ལ་དགའ། བུ་མོ་སྐྱེས་པ་ལ་དེ་ཙམ་མི་དགའ་ཡང་། དིང་སང་བུ་ཚ་དག་ལས་བུ་མོ་ཀུན་ཕན་ཐོགས་ཆེ་བ་འདུག དིང་དུས་ལ་དྭགས་པ་སློབ་སྦྱོང་ཡོད་པ་བུ་དང་བུ་མོ་གང་ཡིན་རུང་། དེ་དག་གིས་ཕྲུག་གུ་གཉིས་ལས་མང་དུ་སྐྱེ་རུ་མི་བཅུག། དེ་དག་སློབ་གྲྭ་ལ་གཏོང་བ་འགྲོ་སོང་ཆེ་བསམ། དེས་ན་གྲྭ་པ་བྱེད་མཁན་དཀོན། ལ་དྭགས་ཀྱི་མི་གྲངས་ད་ལྟ་ལས་ལོ་ངོ་ལྔ་བཅུ་དྲུག་ཅུ་སྔོན་དུ་ནང་པ་མང་ཡང་། ད་ལྟ་གཅིག་པ་འདུག་ཟེར། མ་འོངས་པ་ན་ཕྱི་པ་མང་དུ་འགྲོ་ངེས་ཞེས་ཟེར། མི་གཅིག་གིས་ཕྱི་པ་དེ་ཀུན་ལ་སློབ་སྦྱོང་བྱེད་པར་བསྐུལ་དགོས། སློབ་སྦྱོང་ཡོད་པའི་ཕྱི་པ་དག་གིས་སྐྱེ་སྒོ་བཀག་པ་འདུག་ཅེས་སྨྲ། མི་ཁ་ཤས་ཀྱིས་ལ་དྭགས་ལ་ནང་པའི་མི་གྲངས་ཉུང་བ་དང་། ཕྱི་པ་འཕེལ་བ་ལ་མ་འོངས་པ་ན་དཀའ་ངལ་འབྱུང་བ་ལ་སེམས་པར་བྱེད། སྐྱེ་སྒོ་བཀག་པ་མེད་པར་བྱེད་པ་ལ་འབད་པ་བྱེད་དོ།།