སེར་ཤུལ་རིན་ཆེན་དོན་གྲུབ།
སྤྲུལ་སྐུ་ནི་བསམ་བཞིན་དུ་བསྟན་པ་དང་སེམས་ཅན་གྱི་ཆེད་དུ་སྐུ་སྐྱེ་བཞེས་པའི་ཁྱད་དུ་འཕགས་པའི་སྐྱེས་བུ་ཞིག་ལ་གོ་དགོས། དེ་ནི་ནང་བསྟན་ཆོས་གཞུང་གིས་སྤྲུལ་སྐུ་འགྲེལ་སྟངས་རེད། སྤྲུལ་སྐུའི་ལམ་ལུགས་ཀྱི་སྲོལ་རྒྱུན་འདུ་ཤེས་དེ་ང་ཚོ་དང་ང་ཚོའི་སྤྱི་ཚོགས་སུ་ཧ་ཅང་ཟབ་ཅིང་དེས་རྐྱེན་པས་སྤྲུལ་སྐུ་ངོ་མ་མ་ཡིན་པའི་སྤྲུལ་སྐུ་ཚོར་ཡང་སྤྲུལ་སྐུའི་མིང་ཐོག་ནས་སྤྲུལ་སྐུ་གཞན་ཞིག་གི་གོ་ཐོབ་རྙེད་དེ་སྤྲུལ་སྐུ་དངོས་མ་དང་ཁྱད་འཕགས་ཀྱི་སྐྱེས་བུ་ཚོའི་མཚན་སྙན་ལ་དམའ་འབེབ་བཞིན་ཡོད། དེ་ནི་ང་ཚོའི་སྤྱི་ཚོགས་འདིར་སྤྲུལ་སྐུ་ངོས་འཛིན་གྱི་ཚད་གཞི་ཆེས་དམའ་བ་དང་སྤྲུལ་སྐུ་ངོས་འཛིན་གྱི་རྨོངས་དད་ཆེས་མཐོ་བའི་བྱ་བའི་བདག་འབྲས་ཉིད་དོ།། སྤྲུལ་སྐུ་སེང་རྡོར་གྱིས་ཆགས་པའི་འགྲེལ་བཤད་བརྩམས་ཤིང་། སྒོ་མོ་སྤྲུལ་སྐུས་ཆགས་པའི་ཉམས་འགྱུར་ཅན་གྱི་གཞས་གར་འཁྲབ། འདི་ནི་སྤྲུལ་སྐུའི་ནང་ནས་ཅུང་ཟུར་ཐོན་གྱི་སྤྲུལ་སྐུའི་མཛད་སྤྱོད་མ་འདྲ་བ་གཉིས་ཡིན་ཞིང་ཧམ་པ་ཆེན་པོས་ངན་བྱས་ངོ་སོ་རུ་ངོམ་པའི་སྤྲུལ་སྐུའི་མཛད་སྤྱོད་གཉིས་ཀྱང་ཡིན། ད་དུང་མཛད་སྤྱོད་གང་གི་ཆ་ནས་ཀྱང་བསྟན་པ་དང་བཟང་སྤྱོད། སྤྲུལ་སྐུ་བཅས་ཀྱི་ཞབས་འདྲེན་པའི་སྤྲུལ་སྐུ་མི་ཉུང་བ་ཞིག་ང་ཚོའི་མཐོང་ཡུལ་དུ་མངོན་བཞིན་ཡོད། ལར་ནས་སྤྲུལ་སྐུའི་མཛད་སྤྱོད་སོ་སྐྱེ་ཕལ་བ་ཞིག་གིས་ལེགས་ཉེས་འབྱེད་དུ་མི་བཏུབ་པའི་གནས་ལུགས་དེ་ཁས་ལོས་ལེན་ཏེ་དངོས་མཐོང་མངོན་སུམ་གྱི་བསྟན་པའི་ཞབས་འདྲེན་པའི་བྱ་བ་འདི་ཚོར་ཅི་མཛད་ལེགས་པར་མཐོང་བའི་གནས་ག་ཡོད། ལེགས་ཉེས་འབྱེད་པའི་བློ་གྲོས་ལྡན་ཞིང་བསྟན་པ་དང་བོད་ཀྱི་བཟང་སྤྱོད་ཡུན་གནས་ཀྱི་བསམ་པ་ཅན་ཚོས་འདི་ལྟ་བུའི་སྤྲུལ་སྐུའི་མཛད་སྤྱོད་ཀྱི་ལེགས་ཉེས་བརྟག་དགོས་ཤིང་མཛད་སྤྱོད་དེ་དག་གིས་སྤྱི་ཚོགས་ལ་ཤུགས་རྐྱེན་ཇི་ཐེབས་དང་། འཚར་ལོངས་འབྱུང་བཞིན་པའི་སྤྲུལ་སྐུ་ཚོར་ཤུགས་རྐྱེན་ཇི་ཐེབས། དད་ལྡན་མང་ཚོགས་དང་བསྟན་པའི་སྦྱིན་བདག་ཚོར་ཚོར་བ་གང་སྦྱིན་གྱི་ཐད་ལ་བསམ་ཞིབ་གནང་དགོས། སྤྲུལ་སྐུའི་མིང་ཡོད་པ་ཙམ་གྱིས་ཐར་བའི་གོ་འཕང་ཐོབ་དགོས་པ་དང་གྲུབ་པའི་གོ་སར་གཤེགས་དགོས་པའི་ཆེ་བཤད་མ་ཡིན་ཡང་སྤྲུལ་སྐུ་ཞིག་གི་གནས་བབ་ཀྱི་ངོས་ནས་བལྟས་ན་མ་མཐའ་ཡང་མི་ནག་ཕལ་བ་ཞིག་གི་བྱ་སྤྱོད་དང་བསྡུར་ས་མེད་པ་ཞིག་ངེས་པར་དགོས་ངེས་སྙམ་པའི་བསམ་བློ་འདིས་སྤྲུལ་སྐུ་རྣམ་པ་དང་སྤྲུ་སྐུའི་འབྲེལ་ཡོད་རྣམ་པས་སླད་ཀྱི་ཆར་བསྟན་པ་དང་བོད་མི་རིགས་ཀྱི་ཡ་རབས་བཟང་སྤྱོད་ལ་ཐུགས་བསམ་རེ་བཞེས་རོགས་ཞུ་ཞེས་ཞུ་བར་ཐལ་ལོ།། སྤྲུལ་སྐུ་དང་གྲྭ་བ་གཉིས་ལ་བསྟན་པ་འཛིན་སྤེལ་གྱི་འགན་འཁྲི་ཆ་མཚུངས་སུ་ཡོད་ཅིང་བོད་མི་རིགས་ཀྱི་བཟང་སྤྱོད་མཐོར་འདེགས་ཀྱི་འགན་འཁྲི་རང་ཤུགས་ཀྱིས་ཡོད་པའང་གཅིག་མཚུངས་རེད། གྲྭ་བ་ལོག་པ་དང་ཡོད་ཚད་བསྒྱུར་དགོས་དོན་མེད་ལ་སེམས་ཅན་ལ་བྱམས་སེམས་དང་། རྒྱུ་འབྲས་བརྩི་སྲུང་། ཡ་རབས་བཟང་སྤྱོད་སོགས་ཀྱི་ཐད་ནས་མི་ནག་ཕལ་བ་དག་དང་མ་འདྲ་བའི་ཆ་ཞིག་ངེས་པར་དུ་ཡོད་འོས། རྒྱུ་མཚན་ནི་ལོ་མང་རིང་ཡ་རབས་བཟང་སྤྱོད་དང། བྱམས་བརྩེ། བསམ་ཤེས། འགྲོ་ཕན་རང་བཞིན་གྱི་སློབ་གསོའི་འོག་ནས་འཚར་ལོངས་བྱུང་བ་རེད། གྲྭ་བ་ལོག་པ་ནི་ཁས་བླངས་པའི་བཅས་ཁྲིམས་ཀྱི་ཟུར་ཞིག་ཉམས་པ་དང་འཚོ་གནས་ལུགས་སྲོལ་ལ་འགྱུར་བ་ཐེབས་པ་ཙམ་ཞིག་ལས་བོད་གངས་ཅན་གྱི་གྲལ་ནས་བུད་པ་མ་རེད་ལ་ལས་རྒྱུ་འབྲས་ཀྱི་རྒྱ་ལས་ཐར་སོང་བ་ཡང་མ་རེད། ཡ་རབས་བཟང་སྤྱོད་མི་དགོས་པ་དང་ཡོད་ཚད་རང་སྣང་གང་དྲན་བྱེད་ཆོག་པའི་བཀའ་ཁྲོལ་ཐོབ་པའང་མ་རེད། ཁྱེད་རང་གྲྭ་བ་ལོག་ན་ཡང་ཁྱེད་རང་བོད་གངས་ཅན་གྱི་གདུང་རྒྱུད་ཡིན། ཁྱེད་རང་བཟང་སྤྱོད་དང་བྱམས་བརྩེའི་བདག་ཉིད་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སློབ་མ་ཡིན། ཁྱེད་རང་ལ་བྱམས་བརྩེ་དང་བཟང་སྤྱོད་ཀྱི་སྙན་པ་མཐོ་བའི་མི་རིགས་ཤིག་གི་རུས་རྒྱུད་འབྲེལ་ཡོད། གྲྭ་ལོག་ཚོས་འདི་དག་ལ་བསམ་བློ་རེ་ངེས་པར་དུ་གཏང་དགོས། ཡ་རབས་བཟང་སྤྱོད་ནི་བོད་མི་རིགས་ཀྱི་སྲོག་དང་ཟུངས་རེད། ང་ཚོས་སྲོག་དང་ཟུངས་ལ་གཅེས་སྤྲས་ངེས་པར་དུ་བྱེད་དགོས། དེ་ནི་བོད་མི་རིགས་དང་རང་གི་རིགས་གཞུང་ལ་གཅེས་སྤྲས་བྱེད་སྟངས་ཤིག་ཀྱང་རེད། གྲྭ་ལོག་ཨ་རིག་འགྱུར་མེད་ཀྱིས་འཁྲིག་པའི་ཆེད་ལས་གཉེར་ཞིང་(འཁྲིག་གཏམ་དམར་རྗེན་མ་འགྲེམས་སྤེལ་དང་གཞོན་ནུའི་འགྱུར་ཁུགས་དྲ་ཚིགས་སོགས་གཉེར་ནས་ཆགས་པ་དང་འཁྲིག་པའི་སྐོར་སྤྱི་ཚོགས་ལ་འགྲེམས་གང་ཐུབ་བྱེད་བཞིན་ཡོད།)གྲྭ་ལོག་བསམ་མེད་མདོ་མེད་འགས་དེ་ལ་བསྟོད་བསྔགས་འཐེན་བཞིན་གསར་གཏོད་དང་དེང་དུས་ཀྱི་འགྲེལ་བཤད་འོག་ནས་བྱས་རྗེས་ཆེ་རབས་ཟེར། འཇིག་རྟེན་གྱི་ཁྱིམ་པ་རང་ག་བ་ཞིག་གི་ངོས་ནས་འཁྲིག་བདེ་དང་ཆགས་སྲེད་སོགས་གལ་ཆེན་དུ་བརྩིས་བར་ནག་ཉེས་ཅན་དུ་བརྗོད་པར་མི་འོས་མོད། ངོ་ཚ་ཁྲེལ་ཡོད་དང་ཡ་རབས་བཟང་སྤྱོད་ཀྱི་གཏེར་མཛོད་ལྟ་བུའི་སྤྱི་ཚོགས་ཤིག་ཏུ་རང་གི་དགའ་ཕྱོགས་དང་ནུབ་ཕྱོགས་པའི་བྱེད་སྟངས་ལ་ལད་ཟློས་ཀྱིས་ངོ་ཚ་དང་གུས་བརྩི་སྤངས་ཏེ་མཇེ་སྟུ་ཁོ་ན་ཁྱབ་བསྒྲགས་བྱེད་པའི་བྱ་སྤྱོད་འདི་སྤྱི་ཚོགས་ལ་འགན་མ་ཁུར་བའི་བྱ་སྤྱོད་ཅིག་ཏུ་ངོས་འཛིན་བྱ་རྒྱུ་ལས་མ་འདས། མཇེ་སྟུ་ཁོ་ནའི་གླེང་སློང་བྱེད་པ་དང་ཆགས་སྤྱོད་ཀྱི་དགེ་མཚན་རྒྱས་གླེང་བྱས་པའི་ཚགས་ཤོག་དང་དྲ་རྒྱ་དེ་དག་གིས་སྐྱུག་བྲོ་བའི་བག་ཆགས་དམར་པོ་རྐྱང་རྐྱང་ཁུར་འོང་ནས་འཇིག་རྟེན་ལ་རྒྱུས་མངའ་མེད་པའི་གྲྭ་བཙུན་ལོ་ཉུང་ཚོ་དང་སློབ་ཕྲུག་གཞོན་སྐྱེས་ཚོའི་སྙིང་ལ་ཆགས་པའི་ས་བོན་འདེབས་བཞིན་ཡོད། དེ་ནི་རྒྱ་ཆེ་ས་ནས་བཤད་ན་བསྟན་པ་ལ་རྨ་འབྱིན་པའི་བྱ་སྤྱོད་ཅིག་དང་བཟང་སྤྱོད་ལ་རྒྱ་གྲམ་འདེབས་པའི་ལས་བྱ་ཞིག་ཀྱང་ཅི་ལ་མིན། མ་གཞི་ནས་མཇེ་སྟུ་ཁོ་ན་གླེང་སློང་བྱས་པ་དེས་སུ་ཞིག་ལ་ཕན་གྱི་ཡོད་དམ་ཞེས་པའི་དྲི་བ་འདི་ང་ལ་མཚོན་ནག་པོ་ནག་རྐྱང་རེད། རང་ཉིད་གང་ལ་དགའ་བའི་བྱ་སྤྱོད་དེ་རང་ཉིད་ཀྱིས་ལག་བསྟར་བྱེད་མི་བྱེད་ནི་ཡུལ་དུས་དེ་དང་དེའི་ཁྲིམས་དང་སྒྲིགས་གཞིར་མ་འགལ་བའི་ཆ་རྐྱེན་འོག་རང་འདོད་ལྟར་བྱས་ཆོག་མོད། དེ་ཉིད་སྤྱི་ཚོགས་སུ་འགྲེམས་སྤེལ་བྱེད་སྐབས་སྤྱི་ཚོགས་ལ་འགན་ཁུར་ཞིག་གི་ཐོག་ནས་བྱ་དགོས་པ་ནི་དཔྱོད་ཤེས་ལྡན་པ་ཞིག་གི་དམའ་རིམ་གྱི་འགྲོ་སྟངས་ཤིག་རེད། ཁོ་ཚོའི་བསམ་འདུན་ནི་བོད་པའི་སྤྱི་ཚོགས་འདི་ཆགས་སྲེད་ལ་བྱང་ཆ་ལྡན་ཞིང་ངོ་ཚ་རྫུ་བག་སྤངས་པའི་ནུབ་ཕྱོགས་པའི་སྤྱི་ཚོགས་ལྟ་བུ་ཞིག་ཏུ་བསྒྱུར་རྒྱུ་དེ་ཡིན་པ་འདྲ། ཁྱི་དང་བ་གླང་ལྟར་མཐོང་ས་རིག་ས་ན་འཐམ་ཞིང་འཁྱུད་ནས་འཛག་ཅིང་སྤྱོད་པའི་སྤྱི་ཚོགས་ཤིག་ཏུ་བསྒྱུར་རྒྱུ་དེ་ཡིན་པ་འདྲ། མཇེ་སྟུ་ཁོ་ན་དམར་རྗེན་རྗེན་དུ་གླེང་ནས་འཁྲིག་གཏམ་དམར་པོའི་དབྱངས་ལ་ཐིམ་པའི་སྤྱི་ཚོགས་ཤིག་ཏུ་བསྒྱུར་རྒྱུ་དེ་ཡིན་པ་འདྲ། ཁྱེད་ཅག་གིས་བོད་རང་གི་སྐད་དང་ཡི་གེ་དར་སྤེལ་དང་རྒྱུན་འཛིན་གྱི་ལས་བྱ་གཉེར་བར་སྙིང་ནས་དགའ་བསུ་ཞུ་ངེས་ཀྱང་དྭངས་གཙང་ལྷད་མེད་ཀྱི་བོད་ཕྲུག་ན་གཞོན་ཚོའི་སེམས་ཀྱི་ཞིང་སར་འཁྲིག་གཏམ་དང་ཆགས་སྤྱོད་ཀྱི་ས་བོན་དམར་པོ་རྐྱང་རྐྱང་འདེབས་པར་དགའ་བསུ་ཞུ་རྒྱུ་ལས་ལྡོག་སྟེ་དགག་བྱ་མི་བྱེད་མཐུ་མེད་དུ་གྱུར། རྒྱུ་མཚན་ནི་དེང་སྐབས་བོད་མི་རིགས་ལ་ཡ་རབས་བཟང་སྤྱོད་ཆེའི་མཁོ་གལ་ཆེ་བ་དང་ཁྱེད་ཅག་གི་དཔེ་བལྟ་སའི་ནུབ་ཕྱོགས་པའི་ཆགས་སྤྱོད་ཕྱོགས་ཀྱི་བྱ་སྤྱོད་དེ་ཚོ་མི་ཆོས་དང་ཡ་རབས་བཟང་སྤྱོད་ཀྱི་ལྡོག་ཕྱོགས་ཏུ་ཕྱིན་ཡོད་པས་སོ།། སྤྱིར་བཏང་ཨ་གསར་ཆེ་བའི་དེང་གི་གཞོན་ནུ་ཚོས་ཡུལ་ལུང་གཞན་གྱི་བྱ་སྤྱོད་ཐམས་ཅད་ལེགས་པར་བརྩིས་ནས་འདུལ་དྲགས་པའི་ཉེས་སྐྱོན་གྱིས་ཡ་རབས་བཟང་སྤྱོད་དང་ཚུལ་མཐུན་ཆོས་ཉིད་ལ་བརྩིས་མེད་གཏོང་བཞིན་ཡོད། ཆགས་སྤྱོད་གློག་བརྙན་ལ་བལྟ་བ་སོགས་ཆགས་འཕེལ་གྱི་ལས་སུ་གཞོལ་མཁན་མཐོང་ཐོས་བྱུང་བ་ཙམ་གྱིས་ཕྱིར་འབུད་གཏོང་མཁན་གྱི་དགོན་པ་གྲྭ་ཚང་ཁག་ནའང་འཁྲིག་གཏམ་དམར་རྗེན་དུ་བཤད་པའི་དེབ་དང་། མཇེ་སྟུ་ཁོ་ན་གླེང་བའི་ཚགས་པར་སོགས་ཅི་འདོད་འདོད་དུ་ཚོང་འགྲེམས་བྱེད་དུ་བཅུག་པ་ནི་ཡ་མཚན་པ་ཞིག་གོ། མདོར་ན་སྤྲུལ་སྐུ་དང་གྲྭ་ལོག་འགའ་ཞིག་གིས་ནུབ་ཕྱོགས་པའི་བྱ་སྤྱོད་ཚང་མ་མཆོག་དང་རྒྱན་དུ་བལྟས་ནས་སྤྱི་ཚོགས་དང་ཁོར་ཡུག་གང་ལའང་འགན་ཁུར་མེད་པའི་བྱ་སྤྱོད་ལག་ལེན་དུ་སྟར་བཞིན་པ་འདི་དག་གི་དགེ་སྐྱོན་དང་། དེའི་སྤྱི་ཚོགས་ལ་ཐེབས་པའི་ཤུགས་རྐྱེན། བྱ་སྤྱོད་འདིས་བོད་ཀྱི་སྤྱི་ཚོགས་ལ་བཟང་ངན་གང་ཞིག་གི་ས་བོན་འདེབས་ཀྱི་ཡོད་བསམ་པར་རིགས་སོ།། བསམ་ཚུལ་འདི་ནི་ང་རང་གྲྭ་བ་ཞིག་གི་ངོས་ནས་མིན་པར་ནང་བ་སངས་རྒྱས་པ་ཞིག་དང་འཛམ་གླིང་ཐོག་ཡ་རབས་བཟང་སྤྱོད་ཀྱི་མཚན་སྙན་ཡོད་པའི་བོད་མི་རིགས་ཀྱི་རིགས་སུ་གཏོགས་པའི་སྐྱེ་བོ་ཞིག་གི་ངོས་ནས་བཤད་ཀྱི་ཡོད་ལ་བོད་སྤྱི་ལ་བསམ་པའི་འདུ་ཤེས་ཤིག་ལས་གང་ཟག་སྒེར་ལ་དམིགས་པའི་འཁོན་འཛིན་ཞིག་གཏན་ནས་མིན་ནོ།། 2011/8/17ལ་བྲིས།
བོད་མི་རིགས་འཕེལ་རྒྱས་ལ་དམིགས་པ་ཡིན་རྒྱུ་རེད།
སེར་ཤུལ་རིན་ཆེན་ལགས་ཐུགས་རྗེ་ཆེ། བདེན་པ་བདེན་རྐྱང་རེད། བརྒྱ་ཆ་བརྒྱ་རྒྱབ་སྐྱོར་ཡོད། ཁ་རྣོན་ཚིག་གཅིག་ནི། བླ་སྤྲུལ་ཁ་ཤས་ཀྱིས་གཟབ་དགོས་ནས་མ་ཚད། གྲྭ་ལོག་ཚོས་ཀྱང་གྲྭ་བ་ལོག་མ་ཐག་ཏུ་ཆང་འཐུང་དུ་བ་འཐེན་རྒྱུ་འབྲས་བསྣོགས། སྐུར་བ་བཏབ། གང་ངན་གང་སྡུག་བྱེད་མཁན་མང་པོ་འདུག་པས་ཅུང་ཙམ་གཟབ་ན་ཡག་པོ་འདུག ཐུགས་རྗེ་ཆེ།
དགོན་པ་ལ་མཇེ་སྟུའི་ཚགས་པར་བཙོང་ཆོག་པ་དེ་ཡ་མཚན།
སེར་ཤུལ་དོན་འགྲུབ་བཤད་པ་མོས་མཐུན་ཡོད་མོད། གྲྭ་ལོག་སྤྲུལ་རྫུན་ཚང་མ་དེ་འདྲ་མ་རེད། ལེབ་རྡུང་བྱེད་རྒྱུ་གང་ན་ཡོད། གྲྭ་ལོག་པ་ཀླུ་སྨྱོན་དང་དགྱེས་རྡོར། བེ་རུ་དང་བོན་རྒྱ། སེར་ཤུལ་ཁྲི་བ་དང་ཟམ་གདོང་། གྲུང་ཕྲུག་དང་ནམ་ནོར། བསོ་རྒྱལ་དང་བཟོད་པ། མང་པོ་ཞིག་འདུག་པས་དམིགས་བསལ་གྱི་ངོས་འཛིན་བྱས་ན་ཕན་པ་ལས་དགེ་བསྐོས་ངན་པས་ཚོགས་བཤད་བཞིན་བྱས་ན་གང་ཡང་མི་ཕན། མདོར་ན་བདེན་རྫུན་དང་སྤྲུལ་སྐུ་རྫུན་མ་ཞིག་འཇིན་རྟེན་ཁམས་འདིར་ཡོད་སྲིད་ན། རྒྱ་ཡི་པན་ཆེན་ནོར་བུ་རྒྱལ་མཚན་དང་བོད་ཀྱི་ཀརྨ་པ་ཕྲིན་ལས་རྡོ་རྗེ་ལྷག་གི་སྐྱག་རྫུན་མཁན་གྱི་སྤྲུལ་རྫུན་ཞིག་མེད་པྰ།
སྤྲུལ་སྐུ་སེང་རྡོར་དང། སྒོ་མོ་སྤྲུལ་སྐུས་ཞེས་པ་སུ་ཞིག་གི་སྤྲུལ་པ་རེད་དམ་།
དྲ་གྲོགས་བོན་ལགས་རྒྱ་ཡི་པན་ཆེན་ནོར་བུ་རྒྱལ་མཚན་མ་རེད་རྒྱལ་མཚན་ནོར་བུ་རེད་མ་ཟད་བོད་ཀྱི་ཀརྨ་པ་ཕྲིན་ལས་རྡོ་རྗེ་ཞེས་ཚིག་དེ་ག་རེ་རེད་དམ།ཀརྨ་པ་གཞན་དེ་བོད་ཀྱི་ཀརྨ་པ་མ་རེད་དམ་།
སེར་ཤུལ་རིན་ཆེན་དོན་གྲུབ་ལགས། ངས་ད་ལྟ་རང་བོད་ཀྱི་དུས་བབ་སྟེང་གི་ཁྱེད་ཀྱི་ཟིན་བྲིས་ནང་གཤམ་གྱི་མཆན་དེ་བཞག་པ་ཡིན། འདིར་ཡང་བཤུ་འགོད་བྱས་ཆོག གཤམ་ལ་གཟིགས།
བོད་ཀྱི་དུས་བབ་ཟིན་བྲིས་སུ་བཞག་པའི་མཆན་ངོ་བཤུས།
གྲོགས་པོ་ལགས། ཐོག་མར་ལོ་འདི་ཚོར་མིག་གིས་བལྟས་བལྟས་རིག་རིག་ལ་ཁྱེད་ཀྱི་བསམ་བློའི་ཆ་དང་འབྲི་རྩལ་གྱི་ཆ། འབད་བརྩོན་གྱི་ཆ་བཅས་ལ་ཉིན་རེ་ལས་ཀྱང་ཉིན་རེ་བཞིན་ཡར་རྒྱས་ཡོང་བཞིན་པ་བལྟས་ནས་ཡོད་ལ་དགའ་ནས་ཡོད་ལ། ད་དུང་མུ་མཐུད་དེ་ཤུགས་རྒྱག་གི་རེད་ལ་དེ་ལྟར་འབད་འབུངས་བྱེད་པའི་རེའང་སྙིང་ནས་བཅངས་ཡོད།
དེ་ནས་ཁྱེད་ཀྱིས་ཐེངས་འདིའི་རྩོམ་ཡིག་འདིའི་ནང་དུ་ང་དང་འབྲེལ་བའི་སྐོར་ཞིག་གླེང་ཡོད་པ་འདི་རེད། ང་ལ་མཚོན་ན་འདིས་གནོད་རྒྱུ་ལས་ཕན་རྒྱུ་རེད་སྙམ་གི་ཡོད་ལ། སྙིང་ཐག་ནས་བཀའ་དྲིན་ཆེའང་ཞུ་གི་ཡོད། རྒྱུ་མཚན་ཉེ་ཆར་ཁ་བརྡ་དྲ་བའི་སྟེང་དུ་དྲ་འབུ་མང་བོ་ཞིག་གིས་གནས་ལུགས་དང་རྒྱུ་མཚན་འདི་རེད་ཟེར་རྒྱུ་ཞིག་མེད་པར། ཚོད་ཚོད་ལ་ང་མི་མིན་ཚུལ་དང་ཁྱིམ་ཡིན་ཚུལ། ངོ་ཚ་རྒྱུ་མེད་ཚུལ། བོད་མི་རིགས་ཀྱི་ཡ་རབས་ཀྱི་བཟང་སྤྱོད་བརླགས་སོང་ཚུལ་བཤད་ཀྱིན་འདུག་མོད། དེའི་རིགས་ཀྱིས་རང་མིང་ཙམ་ཡང་བརྗོད་མི་སྤོབས་པས་བདག་པོ་རྒྱག་རིན་མ་མཐོང་བས་མང་བོ་གླེང་མོད།
དེ་དག་དང་བསྡུར་ན་ཁྱེད་རང་མི་སྔུན་ཏུ་ཐོན་ནས་རང་གི་དྲན་ཚུལ་སྲིང་བོར་སྨྲ་ཐུབ་པ་འདི་ཡང་སྙིང་སྟོབས་ཤིག་རེད་ལ། དྲང་བདེན་སྐྱོང་སྟངས་ཤིག་དང་། སེམས་ཁུར་བྱེད་སྟངས་ཤིག་ཡིན་སྟབས་ཁྱེད་ཀྱིས་གསུངས་པ་དང་ངས་བསམ་པ་གཉིས་ཀྱི་བར་ཐག་ཕར་བཞག་ནས། ངས་ཁྱེད་ལ་ཁྱེད་ཀྱི་བསམ་པ་ཡར་བསམ་དང་སྐུད་པ་ཡར་འཁེལ་བྱས་པར་དངོས་གནས་ཐུགས་རྗེ་ཆེ་ཞུ།
ཁྱེད་ཀྱི་རྩོམ་ཡིག་འདི་ངས་གསར་དུ་ལེགས་འགྲུབ་འབྱུང་བ་ཉེ་བའི་གཞོན་ནུའི་འགྱུར་ཁུགས་དྲ་བ་གསར་བའི་ཀློག་འཕྲིན་གྱི་ནང་དུ་བཀོད་ཡོད་ལ། ཀློག་འཕྲིན་ནི་ཆེད་དུ་ཀློག་མཁན་ཚོས་རང་རང་གི་བསམ་ཚུལ་དག་དམར་དམར་རྗེན་རྗེན་གྱིས་བཤད་ས་ཞིག་ཡིན་སྟབས། དེ་རུ་བཀོད་པ་ཡིན།
དེ་མིན། ཁྱེད་ཀྱིས་གསུངས་པའི་སྐད་ཆ་དག་ལ་ངས་ངེས་པར་དུ་ཁ་གསལ་བོ་བཟོ་ས་རེ་ཟུང་འདུག་མོད། ད་ལྟ་གཞོན་ནུའི་འགྱུར་ཁུགས་ཀྱི་དྲ་བ་གསར་བའི་ཆེད་དུ་ཁོམ་གྱི་མེད་པས་གཞུག་ནས་ལན་འདེབས་ཁོ་ཐག་ཡིན་ལ། དེ་ཡང་ཁྱེད་ལ་བཀུས་བརྩི་སྔོན་དུ་སོང་བའི་ཐོག་ནས་དང་ཀུ་ཡངས་ཀྱི་ཐོག་ནས་བགྲོ་གླེང་བྱ་ཆོག་པས། སྐབས་སུ་དེ་ཙམ་གྱིས་འཐུས་པར་བྱས་ཡོད།
བུ་རྒོད་པོ། བོད་མི་རིགས་ཀྱི་ཆེད་དུ་ཁྱོད་ཀྱང་འབོད་ལ་ངས་ཀྱང་ཤུ་རེ་བྱེད།
ཨ་རིག་འགྱུར་མེད་ཀྱིས།
བཙན་བྱོལ་ནང་སྤྲུལ་སྐུ་གྲྭ་པ་ལོག་པ་གྲངས་ཀྱིས་གྲངས་ཚེ་བརྒྱ་ཕྲག་འགའ་ཞིག་འདུག
དེའི་ནང་ནས་རང་དོན་གྱི་ཞོར་ལ་བསྟན་པ་དང་སེམས་ཅན་ལ་ཕན་བདེའི་ལས་ཉི་ཚེ་བ་སྒྲུབ་མཁན་ཡང་གཅིག་ལས་མི་ཉུང་བ་ཞིག་འདུག
འགའ་ཞིག་ནི་རང་ཁ་ཡང་གསོ་ཐུབ་ལ་མི་ཐུབ་ཀྱི་ངང་ལ་འདུག
སྤྲུལ་སྐུ་མི་དགོས་ཟེར་མཁན་གྱི་ང་ཚོའི་རྩོམ་པ་པོ་དང་ཉམས་ཞིབ་པ་ཡིན་ཟེར་མཁན་དེ་ཚོས་དོན་དངོས་ཀྱི་གནས་བབ་འདི་རིགས་ལ་ཚན་རིག་དང་མཐུན་པའི་ཐོག་ནས་ཉམས་ཞིབ་ཚད་ལྡན་ཞིག་བྱས།
སྤྲུལ་ལོག་གྲངས་ཀ་བརྒྱབ། བསྟན་སྲིད་ལ་ཕན་བདེ་སྒྲུབ་མཁན་ཇི་ཡོད་བཙལ། བསྟན་སྲིད་ཀྱི་ཁུར་པོར་སོང་མཁན་ག་ཚོད་འདུག་བལྟས། དེ་འདྲའི་ཉམས་ཞིབ་ཀྱི་བརྒྱུད་རིམ་ནས་དགོས་དང་མི་དགོས། ལེགས་དང་ཉེས་ཀྱི་སྐད་ཆ་བཤད་ན་ཡག་པོ་འདུག
གདན་ས་གསུམ་ལ་མཚོན་ན་འབྲས་སྤུངས་གཅིག་པུར་སྤྲུལ་སྐུ་གྲྭ་ལོག་ག་ཚོད་འདུག སེ་ར་ན་ག་ཚོད་འདུག དགའ་ལྡན་ན་ག་ཚོད་འདུག ཧ་ཅང་མང་པོ་འདུག་ཡཱ།
སྤྱི་ཚོགས་ལ་ཕན་པའི་བྱ་བ་གསར་པ་ཞིག་སྒྲུབ་པ་ལ་དེའི་ཞོར་རྣམ་དཀར་གྱི་ལས་སྤྱོད་
ཁོ་ནར་ཡོང་རྒྱུ་ནི་ཤིན་ཏུ་དཀོན་ཞིང་དེ་ལས་ལྡོག་སྟེ་མི་ལེགས་པའི་བྱ་བའམ་ཕྱག་ལས་ཐོ་བ་ཞིག་
ཡོང་བསྡད་པ་ནི་རང་བཞིན་ལྟ་བུ་རེད་སྙམ། འོན་ཀྱང་ལྷག་བསམ་ཟོལ་མེད་ཀྱི་སྐད་ཆ་ལ་རྗེས་སུ་ཡིད་
རང་ཞུ་གདའ་ཞུ།
སྤྱིར་དག་དག་སྣང་བྱས་ན་ཡག་པོ་རེད། དེ་མིན་ཆོས་པ་ཚད་ལྡན་ཞིག་དཀོན་པོ་རེད་བཞག སེར་ཤུལ་བ་ཁྱེད་ཀྱི་ལྷག་བསམ་འབོད་བསྐུལ་ལ་ཡི་རང་ཡོད།
སྤྱིར་དག་དག་སྣང་བྱས་ན་ཡག་པོ་རེད་ཡིན་ན་ཡང་སྤྲུལ་སྐུའི་དོན་དག་དེ་ངེས་པར་དུ་ཤེས་དགོས་།
བསྟན་འཛིན་དང་ཨོ་རིག་ལགས། ཚུལ་ཁྲིམས་བློ་གྲོས་ཀྱི་བསྟོད་པ་ཞིག་འདི་ན་འདུག
http://www.rangwang.net/index.php?essayId=1151
ད་གང་ཤེས་བཙན་བྱོལ་ནང་དངོས་སུ་མཐོང་རྒྱུ་ཡོད་པ་ནི་སྤྲུལ་སྐུ་ཤེས་ཡོན་མེད་མཁན་མང་པོས་ཤེས་ཡོན་ཅན་གྱི་དགེ་བཤེས་ཚོའི་ཆོས་བསྐལ་འཕྲོག་སྟེ།ཤེས་ཡོན་མེད་པའི་ཕྱི་རྒྱ་བོད་གསུམ་ལོག་ལམ་འཁྲིད་བཞིན་པ་མིག་མཐོང་རེད།
བླ་མ་དང་སྤྲུལ་སྐུ་ཞེས་སྣབས་ལུག་པའི་བྱིས་པ་ལ་སྐྱེ་སྤྲུལ་དང་ཡང་སྤྲུལ་ཞེས་མཚན་འདོགས་རིང་ལུགས་འདི་དར་རྒྱས་བྱུང་སྲོལ་བོད་པའི་སྤྱི་ཚོགས་མ་གཏོགས་ཅང་མི་འདུག། དེས་བསྟན་དང་འགྲོ་ལ་ཕན་འདོགས་རྒྱ་ཆེན་བསྒྲུབས་མྱོང་ལ་ཞབས་འདྲེན་ཡང་མི་ཉུང་བ་ཞིག་བཞག་མྱོང་། མ་ཟད་གྲྭ་པ་ཡང་དེ་མཚུངས་རེད། འོ་ན་སྤྲུལ་སྐུ་དང་གྲྭ་པ་དགོས་མི་དགོས་ལབ་ན་བསྟན་དང་འགྲོ་ལ་ཕན་འདོགས་གནང་མཁན་ནི་དགོས་ངེས་རེད་ལ་ཞབས་འདྲེན་ཞུ་མཁན་ནི་མི་དགོས་པ་རེད། སྐྱོན་ཆ་དེ་ག་པར་ལྷག་འདུག་ཅེ་ན་མཚན་འདོགས་རིང་ལུགས་པའི་རྒྱུན་སྲོལ་འདི་དར་སོ་ཆེ་དྲག་ནས་སྣབས་ལུག་ཅན་གྱི་བྱིས་པ་དེ་སྐྱེ་སྤྲུལ་དང་ཡང་སྤྲུལ་ངོ་མ་ཞིག་ཡིན་པ་སྒྲུབ་བྱེད་ཚད་མས་བརྒྱབ་བརྟེན་མེད་ཀྱང་དད་པ་དང་ཡིད་ཆེས་རིང་ལུགས་ཁོ་ནས་ཁྲི་མཐོན་པོར་སླེབས་པ་ཞིག་རེད། མ་ཟད་བྱིས་པ་དེ་ཚོའི་ཕ་མ་ཚོས་རང་ཉིད་ཀྱི་བྱིས་པ་དེ་བཙས་དུས་རྨིས་ལམ་སྒྱུ་མ་བསུས་ནས་རྟགས་རྟེན་འཚོལ་བ་དང་འབྱུང་བ་རང་བཞིན་གྱི་རྒྱུ་རྐྱེན་ཚོགས་པའི་དབང་གི་འཇའ་ཤར་བར་རྟགས་རྟེན་འཚོལ་བ་ད་དུང་བྱིས་པ་དེས་གཏམ་གཞན་དང་མི་འདྲ་བ་སྨྲ་ཚུལ་སོགས་རང་ཉིད་ཀྱི་བྱིས་པ་དེ་མཚན་མཐོང་ཅན་དང་འགྲོ་རྒྱུགས་ཅན་གྱི་བླ་སྤྲུལ་ཞིག་བྱུང་ན་སྙམ་པའི་ཀུན་སློང་ཡོད་ལ། སྐུ་གོང་མའི་བླ་བྲང་གི་རྒྱུ་ནོར་ལ་དམིགས་མཁན་ཡང་མི་ཉུང་བ་ཞིག་ཡོད་ངེས། དཔེར་ན་བླ་མ་ག་གེ་མོས་ངོས་འཛིན་གནང་བཞག་པའི་སྐྱེ་སྤྲུལ་ཡང་སྤྲུལ་འགའ་ནུབ་ཕྱོགས་ཀྱི་བོད་པའི་སྤྱི་ཚོགས་ནང་འདུག་ལ་རྒྱ་གར་ནང་སྐུ་གོང་མའི་གདན་སར་འགྲོ་འདོད་མི་འདུག་ལ་ཕ་མས་གདན་སར་འགྲོ་དགོས་པའི་ཁ་ཏ་བྱས་ཀྱང་བྱིས་པ་དེས། འགྲོ་འདོད་ཡོད་ན་ཕ་མ་ཁྱེད་རང་རྒྱུགས་ཟེར་ཚུར་ཁ་ཏ་བྱེད་ཀྱིན་པ་གླེང་གི་འདུག། དེ་འདྲའི་བྱིས་པ་དེ་སྐྱེ་སྤྲུལ་ཡང་སྤྲུལ་ངོ་མ་ཡིན་ན་སྐུ་གོང་མའི་གདན་ས་དྲན་ངེས་ལ་མ་ཡིན་པའི་མིན་རྟགས་གསལ་པོར་བསྟན་པ་རེད་པ། དངོས་གནས་བྱས་ན་ཆོས་བྱེད་ཀྱི་གྲྭ་པ་ཡང་འཁོར་བར་ངེས་འབྱུང་སྐྱེས་ནས་ལྷ་ཆོས་ཤར་མ་བྱེད་མཁན་ཞིག་ཡིན་དགོས་ཀྱང་དེ་ལྟར་མ་ཡིན་པར་ཡང་བྱིས་པ་སྣབས་ལུགས་དེ་ཕ་མའམ་ཉེ་འབྲེལ་གྱིས་བཙན་དབང་ངང་གྲྭ་པར་བཏང་བཞག་པ་ཕལ་ཆེར་རེད། དེ་འདྲའི་བཙན་དབང་འོག་སླེབས་བསྡད་པའི་གང་ཟག་དེ་ཀུན་སློང་ཡང་དག་པ་ཞིག་ཁག་པོ་རེད་ལ་ལྷ་ཆོས་ཤར་མ་ཞིག་བྱེད་མཁན་ནི་དེ་བས་ཁག་པོར་སོང་ཙང་བླ་ལོག་དང་སྤྲུལ་ལོག་གྲྭ་ལོག་བཅས་མང་པོ་འབྱུང་བ་ནི་རྟེན་འབྱུང་གི་རང་བཞིན་རེད། དེ་ལྟར་བླ་ལོག་དང་སྤྲུལ་ལོག་གྲྭ་ལོག་དབྱེ་འབྱེད་ཀྱི་གྲངས་ཀ་བརྒྱབ་མི་དགོས་པར་དེ་ཚོ་འབྱུང་རྩའི་མཚན་འདོགས་རིང་ལུགས་པའི་ངོས་འཛིན་གནང་མཁན་ཚོ་དང་ཡང་སྤྲུལ་རྩད་གཅོད་ཚོགས་པ་དང་བྱིས་པ་དེ་ཚོའི་ཕ་མ་བཅས་གྲངས་ཀ་ཡག་པོ་ཞིག་བརྒྱབ་ནས་རྩད་ཞིབ་ནན་མོ་བྱེད་དགོས་ལ་སློབ་གསོ་ཡག་པོ་ཞིག་སྤྲོད་དགོས་ངེས་རེད། དེ་ནས་བླ་ལོག་དང་སྤྲུལ་ལོག་གྲྭ་ལོག་འབྱུང་གི་ཡོད་མེད་བལྟ་རྒྱུ་རེད་པ།
ད་གང་ཤེས་མཚམས་རེ་ཡར་བསྟོད་མཚམས་རེ་མར་ཕབས། ངས་དྲན་པ་ཞིག་ལ་པཎ་ཆེན་སྐུ་ཕྲེང་བཅུ་པ་སྐུ་བཞུགས་དུས་ཚོང་པ་རྒྱག་པ་ཞེས་དམོད་ནས་སྐབས་རེ་མཇལ་དར་ནང་དུ་རྡོ་སྒྲིལ་ནས་དབུ་ལ་བཞུས་པ་ཡང་བྱུང་ཡོད། ད་ཆ་ཁོང་དགོངས་པ་རྫོགས་པ་དང་། ཡང་སྲིད་དེ་ཡང་རྒྱ་དམར་གྱི་ལག་ཏུ་རྩིས་འབུལ་ཞུས་རྗེས་དཔའ་བོ་ཞེས་བསྔགས་ཀྱི་ཡོད། རང་ཅག་བོད་མིའི་སེམས་ཁམས་དེ་གང་འདྲ་ཞིག་ཡིན་མིན་ངས་མི་ཤེས། ཨ་རོགས་ཁ་ཁ་རག་བསྡད་ན་ཁ་ཆུ་ཉུང་། མཇེ་དལ་བར་བསྡད་ན་ཕྲུ་གུ་ཉུང་ཞེས་ལབ་་པ་ཨེ་རེད།
ངས་ནི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཁོང་ད་ལྟའི་ཆར་བོད་གངས་ཅན་གྱི་ཨ་ཡོད་ནང་གི་ད་ཡོད་དང་སྒོ་ང་ནང་གི་སེར་རིལ་ཞིག་ལ་བརྩིས་བསྡད་ཡོད། འོན་ཀྱང་གོང་གི་མཆན་བུ་བ་ཨོ་རྒྱན་རིག་འཛིན་གྱི་དེ་ལྟར་བདེན་པ་ཨེ་ཡིན་ནམ་སྙམ། ཨོ་རྒྱན་རིག་འཛིན་ལགས། ཁྱོད་ཀྱི་གོང་གསལ་དེ་དག་རེ་རེ་བྱས་ནས་བདེན་པ་ཡིན་པའི་ཁུངས་སྐྱེལ་བྱེད་ཐུབ་བམ། གལ་ཏེ་མ་ཐུབ་ཚེ་བོད་རིགས་ནང་ཁུལ་དང་ཆོས་ལུགས་ནང་ཁུལ་དུ་དཀྲུགས་པའི་རྒྱུ་རུ་འགྲོ་བས་གཟབ་དགོས།
ཡང་ག་ཡིན་འདི་ཡིན་མེད་པར་ཚུལ་བློའི་བསྟོད་བརྗོད་ཀྱི་ཁ་བྱང་ཞིག་འདིར་སླེབས་ཤག། དྲ་གྲོགས་
ཚོས་འདི་གཟིགས་དགོས་ཀྱི་ཡོད་པ་འདྲ།
ནུབ་ཕྱོགས་པ་དང་ཤར་ཕྱོགས་པ་ཞེས་ནུབ་ཕྱོགས་པ་ལ་བཟང་པོའི་ཆ་ཡོད་པ་མང་པོ་འདུག ཤར་ཕྱོགས་པ་ལ་ཡང་ངན་པའི་ཆ་ཡོད་པ་མང་པོ་ཡོད། ནུབ་ཕྱོགས་པ་འགའ་ཞིག་གིས་ཀྱང་། ང་ཅག་ནུབ་ཕྱོགས་པས་དེ་འདྲ་བྱེད་ཐུབ་པ་དཀའ་། ཞེས་ཟེར་བ་དག་ལ་འདི་ནི་ནུབ་ཕྱོགས་པ་ཙམ་མ་ཡིན་པར་བོད་ཆོས་ལྡན་གྱི་ཡུལ་དུ་སྐྱེས་པས་ཀྱང་བྱེད་མི་ཐུབ་པ་ཞིག་ཡིན། ཞེས་སྨྲ། ནུབ་ཕྱོགས་པའི་ཡུལ་དག་ཏུ་མི་སོ་སོར་རང་དབང་ཡོད་པ་དང་། རང་རེ་བོད་དང་རིག་གཞུང་མི་མཐུན་པའི་རྐྱེན་གྱིས་ཀྱང་། ནུབ་ཕྱོགས་པའི་བྱ་སྤྱོད་འགའ་ཞིག་ཤར་ཕྱོགས་པ་ལ་ལོག་པར་མཐོང་། དེ་བཞིན་ཤར་ཕྱོགས་པའི་བྱ་སྤྱོད་འགའ་ཞིག་ནུབ་ཕྱོགས་པ་ལ་ལོག་པར་མཐོང་། གང་ལྟར་ཡང་། ང་ལ་བོད་དུ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད་ཀློག་པའི་སྐལ་བ་བཟང་པོ་བྱུང་། དེ་ནས་གདམས་ངག་ཅིག་འདུག་པ་འདི་ལྟར།
རང་སྐྱོན་རྡུལ་ཕྲན་བཞིན་དུ་རྟོགས་པར་དཀའ།
གཞན་སྐྱོན་རི་བོ་བཞིན་དུ་མངོན་པར་གསལ།།
ཞེས་དང་།
ད་ལྟ་ལས་ཆུ་ཚོད་ཁ་ཤས་རང་སྔོན། དབུ་མ་རིན་ཆེན་འཕྲེང་བ་གྲོགས་འགའ་དང་མཉམ་དུ་ཀློག་པ་ན་འདི་ལྟར།
གཞན་གྱི་འཁྲུལ་པ་མི་གླེང་ཞིང་།
ཡན་ལག་ཉམས་པ་རྣམས་མི་བརྗོད།
སེམས་ནི་རྗེས་སུ་བསྲུངས་པས་ན།
གཞན་གྱི་སེམས་ནི་ཤེས་པ་ཐོབ།། ལེའུ་༣ ཚིགས་བཅད་ ༩༤
དེ་བཞིན་ཉམས་སུ་ལེན་ཐུབ་པ་ནི་ཤིན་ཏུ་ནས་དཀའ་བར་མཐོང་ངོ་།།
པན་ཆེན་རིན་པོ་ཆེ་མཁྱེན་ནོ།
http://www.tibettimes.net/news.php?showfooter=1&id=4754
རང་ཉིད་དགའ་བ་ཡོད་ཚད་ཡང་དག་མཐོང་།
རང་གིས་མི་འདོད་ཡོད་ཚད་མི་ལེགས་མཐོང་།
རང་གིས་དཔྱད་པ་མེད་ཀྱང་ཡོད་ངོ་བྱས་།
གཞན་པའི་རིག་གཞུང་དག་ལ་ཆགས་སྤྱོད་ཟེར་།
སྤྱི་ཚོགས་དང་སྤྲུལ་མིང་བའི་བར་གྱི་དཀའ་རྙོག་ལ་དཔྱད། །
གང་ཞིག་རིན་ཆེན་གཏེར་གྱི་མཆོག།
གསེར་སྦྱངས་བཙོ་མའི་མདངས་ལྡན་པ།།
རྟེན་ཅིང་འབྲེལ་བར་འབྱུང་གསུངས་པའི།།
སྟོན་པ་དེ་ལ་རྟག་ཏུ་འདུད།།
འདིར་ཉིན་རེ་བཞིན་བོད་པའི་སྤྱི་ཚོགས་ཀྱི་ཁྲོད་དུ་དར་ཁྱབ་འགྲོ་བཞིན་པའི་སྤྲུལ་སྐུའི་སྐོར་གྱི་དཔྱད་བརྗོད་འདི་ཡི་གྲལ་དུ་བདག་ཀྱང་ཐེངས་ཤིག་ཞུགས་པར་འདོད། དེ་ཡང་ཐོག་མར་ལོ་ངོ་བརྒྱ་ཕྲག་མང་པོའི་སྔོན་དུ་དར་ཟིན་པའི་བོད་ཀྱི་ལུགས་སྲོལ་གྱི་སྐུ་ཕྲེང་རིམ་བྱུང་གི་སྤྲུལ་སྐུ་ཟེར་བའི་ལོ་རྒྱུས་རིང་པོ་དེ་ལ་ཕྱིར་མིག་ཅིག་བལྟ་དགོས། དེ་ཡང་དང་པོ་སྐུ་ཕྲེང་རིམ་བྱུང་ཞེས་པའི་བོད་ཀྱི་ལུགས་སྲོལ་དེ་ནི། ༧དཔལ་རྒྱལ་བ་ཀརྨ་པ་ལས་མགོ་བཙུགས་ཏེ་བྱུང་བར་གྲགས་ཤིང་། དེ་དང་དུས་མཚུངས་ཙམ་དུ་བོད་ལ་གསང་སྔགས་ཀྱི་བསྟན་པ་ཡང་དར་ཁྱབ་ཆེན་པོ་བྱུང་བར་སྣང་། སྤྱིར་བོད་ལ་ནང་པ་སངས་རྒྱས་པའི་བསྟན་པ་རིན་པོ་ཆེ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བ་ཞིག་དར་ཁྱབ་བྱུང་བར་མ་ཟད། དེ་ཡང་ཁུངས་བཙན་པ་དང་སྤུས་དག་པ་ཞིག་དར་ཡོད་ན་ཡང་། ཉམས་ལེན་པ་དང་གདན་ས་ཁག་དང་། གཞན་ཡང་འདུས་སྡེ་ཆེ་ཁག་མ་གཏོགས། མི་མང་སྤྱི་ཡི་ཆ་ནས་བཤད་ན་ནང་ཆོས་ཀྱི་ཆུ་ཚད་ཧ་ཅང་དམན་ཞིང་། བསྟན་པ་ཡང་དག་པ་ཞིག་དར་ཐུབ་མེད་པ་ཤིན་དུ་གསལ། དེས་ན་བསྟན་པ་ལ་སེལ་ལྷད་ཞུགས་ཤིང་། ཆོས་དང་ཆོས་མིན་གྱི་ས་མཚམས་ཡག་པོ་འབྱེད་མ་ཐུབ་པས་དབང་གིས། དད་པ་ཙམ་གཙོ་བོར་འཛིན་ཞིང་དབང་དང་སྔགས་གསོག་པ་ཙམ་གྱིས་ཡིད་ཚིམ་ནས་སྡོད་ཀྱི་ཡོད། ཆོས་སྟོན་པ་པོ་རྣམས་ཀྱིས་ཀྱང་དབང་ཆེན་རེ་གནང་ཞིང་། དབང་གི་སྐབས་ཀྱི་བསྲུང་བྱ་རྣམས་འགྲེལ་བཤད་ལམ་ཙམ་བྱེད་པ་ཙམ་གྱིས་ཆོག་པར་བྱེད་ཅིང་། གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་མི་འཆད་པ་དེ་འདྲ་མང་དུ་བྱུང་། མི་མང་གི་ཁྲོད་དུ་གསང་སྔགས་དབང་ཆེན་སྐབས་ཀྱི་བསྲུང་བྱ་རྣམས་ཅུང་ཙམ་རེ་ཡིད་ལ་འཇགས་ཏེ། དཔེར་ན། བླ་མ་དང་སངས་རྒྱས་ངོ་བོ་དབྱེར་མེད་བསྒོམ་དགོས་པ་དང། བླ་སློབ་ཀྱི་དབར་ལ་དམ་ཚིག་གཙང་མ་བསྲུང་དགོས་པ་སོགས་དང་། གཞན་ཡང་ཉིན་རེ་བཞིན་ཆག་མེད་དུ་སྔགས་བཟླ་དགོས་པ་ལ་སོགས་པ་རྣམས། ཆོས་ཕྱོགས་ཀྱི་བྱ་བ་གལ་ཆེ་ཤོས་སུ་བརྩི་སྲོལ་ཡོད་པ་ལྟ་བུའོ། །དེ་ལྟར་རྨོངས་གཉིད་ཀྱི་འོག་ཏུ་ལུས་པའི་མི་མང་རྣམས་ལ། མཁས་པ་ཁག་ཅིག་གིས་བསང་སྔགས་གཞུང་ལས་སྦྱོར་ཆོས་ཀྱི་ཉམས་ལེན་བྱེད་པ་ལ། ཚད་གཞི་ངེས་ཅན་ཞིག་སླེབས་དགོས་པ་རྣམས་སྦས་ཤིང་། གང་འདོད་དུ་བེད་སྤྱད་ཞིང་མགོ་བསྐོར་བྱས་ཏེ་ཆོས་མིན་ཆོས་སུ་སྨྲས། རྒྱུ་རྐྱེན་དེ་དག་ལ་བརྟེན་ནས། མི་མང་གི་ཁྲོད་དུ་བླ་མ་ཡིན་ན་འདུལ་པ་འཛིན་པ་ཡིན་མི་དགོས་པ་དང་། བུམ་པ་མགོ་ཐོག་ཏུ་འཇོག་མཁན་ཚང་མ་བླ་མར་འཛིན་དགོས་པ་སོགས་ཀྱང་རིམ་བཞིན་དར་ཏེ་ཆོས་མིན་སྨྲ་བ་ཚོ་གོ་སྐབས་ཇེ་ཆེ་རུ་སོང་།
མཚམས་དེར་ལྷ་ཡི་སྤྲུལ་བ་དང་། བླ་མའི་སྤྲུལ་བ། སངས་རྒྱས་ཀྱི་སྤྲུལ་བ། གཞན་ཡང་བྱང་སེམས་ཀྱི་སྤྲུལ་བ། མཁའ་འགྲོ་མའི་སྤྲུལ་བ་ལ་སོགས་པ་མང་དུ་དར་ཅིང་། དེ་རྣམས་ནི་གདོན་མི་ཟ་བར་འཇིགས་པ་མཐའ་དག་ལས་སྒྲོལ་ནུས་པ་ཤ་སྟག་ཏུ་ཡིད་ཆེས་བྱས་ཤིང་། སྤྲུལ་མིང་བ་རྣམས་ལ། ཐོས་བསམ་གྱིས་ཕྱུག་པའི་སློབ་དཔོན་གང་འདྲ་ཞིག་ལས་རྩ་ཆེ་བར་འཛིན་སྲོལ་ཞིག་ཀྱང་དར་འཕེལ་བྱུང་། རྒྱུ་རྐྱེན་དེ་དག་དབང་གིས་བླ་མ་དང་སྤྲུལ་སྐུ་ངོ་བོ་དབྱེར་མེད་དུ་འཛིན་ཅིང་། སྤྲུལ་མིང་པ་རྣམས་ལ་བླ་མ་ཞེས་བརྗོད་ཏེ། བླ་སྤྲུལ་གྱི་དབར་ལ་ས་མཚམས་འབྱེད་མི་ནུས་པས་དབང་གིས་སྐུ་ཕྲེང་རིམ་བྱུང་གི་སྤྲུལ་སྐུ་ཞེས་པའི་འཇིག་རྟེན་འདི་ཆགས་པར་སྣང་ངོ་།།
ད་ནི་སྐུ་ཕྲེང་རིམ་བྱུང་གི་སྤྲུལ་སྐུའི་ངོ་བོ་ལ་དཔྱད་པ་དང་། བླ་མ་དང་བོད་ཀྱི་ལུགས་སྲོལ་གྱི་སྤྲུལ་མིང་པ་རྣམས་ཀྱི་དབར་ལ་དཔྱད་པའོ།
དང་པོ་ལ། སྐུ་ཕྲེང་རིམ་བྱུང་གི་སྤྲུལ་སྐུའི་ངོ་བོ་ལ་དཔྱད་པ་ནི།
དེ་ཡང་སྤྲུལ་སྐུ་ཞེས་པ་དེ་ནི་གང་ཟག་གང་ཡང་རུང་བ་ཞིག་གི་སྐྱེ་བ་ཕྱི་མ་ཡིན་པ་ཙམ་གྱིས་མི་ཆོག་པར། ཆ་རྐྱེན་ངེས་ཅན་ཞིག་ཚང་དགོས་པར་སེམས། ནང་པ་སངས་རྒྱས་པའི་སྤྲུལ་སྐུ་ཞེས་པ་དེ་ནི། མཆོག་གི་སྤྲུལ་སྐུ་ལ་སོགས་པ་སངས་རྒྱས་ཀྱི་ས་ཡིས་བསྡུས་པ་དང་། གཞན་ཡང་བྱང་ཆུབ་སེམས་དཔའ་ལ་སོགས་རིགས་ཅན་གསུམ་གྱིས་སྤྲུལ་པའི་སྐུར་བཞེངས་ཏེ། འགྲོ་དོན་བྱས་ཟིན་པ་དང་བྱེད་བཞིན་པ་གྲངས་ཀྱིས་མི་ཆོད་པ་ཞིག་ཡོད་པར་ངེས་ཀྱང་། དེ་ལྟར་སྤྲུལ་བའི་སྐུར་བཞེངས་པ་ལ་ལས་ཉོན་གྱི་དབང་གིས་འཇིག་རྟེན་དུ་སྐྱེ་བ་ལེན་མི་དགོས་པར། བསམ་བཞིན་དུ་སྲིད་པ་ལེན་ནུས་པ་ཞིག་ངེས་པར་དུ་དགོས་པ་ཤིན་ཏུ་གསལ། དེ་གང་གིས་ཤེ་ན། སྤྲུལ་སྐུ་ཞེས་པ་དེ་ནི་སེམས་ཅན་གཞན་གྱི་དོན་དུ། རང་དབང་དུ་སྐྱེ་བ་ལེན་ཞིང་། རང་གིས་དམིགས་ཡུལ་གྱི་གདུལ་བྱ་གང་ཡིན་པ་དེ། ཐོགས་མེད་དུ་སྒྲོལ་ནུས་པ་ཞིག་དགོས་ཤིང་། བསྟན་པ་དང་འགྲོ་བ་ལ་དཀའ་ཁག་ཇེ་ཆེ་རུ་གྱུར་ཉིན། མངོན་གསལ་དོད་པོས་རྩ་འཛིན་བྱེད་མཁན་ཞིག་དགོས། དཔེར་ན། ལོ་ངོ་ལྔ་བཅུ་ཙམ་གྱི་གོང་དུ་རྟེན་དང་བརྟེན་པ་ཐམས་ཅད་ཉམས་ཆག་་གི་གནས་སུ་གྱུར་ཏེ། ལོ་རྒྱུས་ཀྱི་གྱང་རོ་ལྟ་བུར་གྱུར་བ་དང་། འདུས་མང་མང་ཆེ་བ་ཁྱིམ་པའི་གཟུགས་ཅན་དུ་གྱུར་མཚམས་སུ། དམྱལ་ཁམས་ལྟ་བུའི་བཙོན་རའི་ནང་དུ་ལོ་ངོ་བཅུ་ཕྲག་ཁ་ཤས་ལུས་ཀྱང་། རང་ཉིད་ཀྱི་ཚེ་སྲོག་ལ་སྲུང་སྐྱོབ་ཐུབ་པར་མ་ཟད། བསླབ་གསུམ་གྱི་ཡོན་ཏན་ཐམས་ཅད་མ་ཉམས་པར་གཅེས་འཛིན་བྱས་ཤིང་། བཙོན་ར་ནས་གྲོལ་རྗེས་སླར་ཡང་རྟེན་དང་བརྟེན་པ་ཐམས་ཅད། སྔར་ལྟར་ཉམས་གསོ་དང་གོང་སྤེལ་གནང་མཁན་གྱི། བསྟན་དང་འགྲོ་བའི་མཛའ་བཤེས་ཆེན་པོ་དེ་དག་ལྟ་བུ་ཞིག་དགོས།
གཞན་ཡང་ཆོས་སྟོན་པ་གཅིག་པུས་གདུལ་བྱ་རྣམས་ཀྱི་དོན་བྱེད་པ་ཡང་མ་ཡིན་ཏེ། དུད་འགྲོ་དང་ཡི་དྭགས་ལ་སོགས་པའི་ཁྲོད་དུ་ཡང་སྤྲུལ་བའི་སྐུར་བཞེངས་པ་ཡོད་པས་སོ། དེས་ན་རང་དབང་དུ་སྐྱེ་བ་ལེན་མ་ནུས་ན། རང་ཉིད་གར་འགྲོ་མི་ཤེས་པ་ལ་གཞན་གྱི་ཆེད་དུ་སྤྲུལ་བའི་སྐུར་བཞེངས་ནུས་པ་ཞིག་ག་ལ་སྲིད།
གཞན་ཡང་བོད་ཀྱི་ལུགས་སྲོལ་ལྟར། སྐུ་ཕྲེང་རིམ་བྱུང་གི་སྤྲུལ་སྐུ་ཞེས་པ་དེ་ནི་སྐྱེ་བ་ཐམས་ཅད་བོད་ཡུལ་དུ་ལེན་ནུས་པ་ཤ་སྟག་ཏུ་སྣང་ཞིང་། དེ་ལྟ་བུའི་སྤྲུལ་སྐུ་དེ་ཚོ་ནི། ངེས་པར་དུ་ལས་ཉོན་གྱིས་གཞན་དབང་དུ་མ་སོང་བ་ཞིག་དགོས་པར་ཤིན་ཏུ་གསལ་ལོ། །འོ་ན་དེ་ལྟ་བུའི་བསམ་བཞིན་དུ་སྲིད་པར་ལེན་པ་ལ་ཆ་རྐྱེན་ཇི་འདྲ་ཞིག་ཚང་དགོས་ཤེ་ན། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས། ཕར་ཕྱིན་སྤྱི་དོན་ནས། བྱང་སེམས་སོ་སྐྱེ་འགའ་ཞིག་ལས་ཉོན་དབང་གིས་ངན་སོང་དུ་སྐྱེ་བ་ལེན་པར་གསུངས་ཡོད། དེས་ན་བདེན་པ་བཞི་རྟོགས་པ་ལ་མངོན་དུ་ཕྱོགས་ཤིང་བདག་ལས་གཞན་གཅེས་ཀྱི་ཐབས་ཁྱད་པར་ཅན་རང་རྒྱུད་ལ་སྐྱེས་པའི་ལམ་ཞུགས་ཀྱི་གང་ཟག་ཁྱད་འཕགས་པ་རྣམས་ཀྱང་དེ་ལྟར་སྐྱེ་བ་ལེན་དགོས་ན། སྐུ་ཕྲེང་རིམ་བྱུང་གི་མཚན་གནས་འཛིན་པ་ལ། ཆ་རྐྱེན་ངེས་ཅན་ཞིག་ཚང་དགོས་པར་དོན་གྱིས་བསྟན་ཡོད། སྤྱིར་བོད་ཀྱི་དགོན་སྡེ་ཁག་ཐམས་ཅད་ཆོས་འདུལ་བའི་ཉམས་ལེན་ལ་སོགས་བྱེ་བྲག་འགའ་ཞིག་མ་གཏོགས། སྤྱིའི་ཆ་ནས་ཐེག་ཆེན་གྱི་གཞུང་ཤ་སྟག་འཆད་ཉན་བྱེད་མཁན་ཡིན་པས་ན། སྐབས་འདིར་ཐེག་ཆེན་ཀྱི་ལུགས་གཞིར་འཛིན་ཅིང་བཤད་ན། ཐེག་ཆེན་ཀྱི་གཞུང་དག་ལས་སྦྱོར་ལམ་བཟོད་པ་ཐོབ་པ་ན་ད་གཟོད་ལས་ཉོན་གྱི་གཞན་དབང་གིས་ངན་སོང་དུ་འཁྱམ་མི་དགོས་པར་བསྟན་ཡོད། འོ་ན་དེ་ལྟ་བུའི་སྦྱོར་ལམ་བཟོད་པ་ཐོབ་པ་ལ་ཇི་འདྲ་ཞིག་དགོས་ཤེ་ན། ངེས་འབྱུང་གི་བསམ་པ་བཅོས་མ་མ་ཡིན་པ་དང་། སྙིང་རྗེ་ཆེན་པོ། བྱང་ཆུབ་ཀྱི་སེམས་ལ་སོགས་པ་དང་། གཞན་ཡང་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་རྣམས་རང་རྒྱུད་སྐྱེས་བ་སྔོན་དུ་འགྲོ་དགོས། དེ་ལྟ་བུའི་བློ་དེ་དག་གང་འདྲ་ཞིག་དགོས་ཤེ་ན།
དང་པོ་ལ། རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས། ལམ་གཙོ་རྣམ་གསུམ་ནས། ཉིན་མཚན་ཀུན་ཏུ་ཐར་བ་དོན་གཉེར་བློ།། བྱུང་ན་དེ་ཚེ་ངེས་འབྱུང་སྐྱེས་པ་ལགས།། ཞེས་གསུངས་པ་ལྟར། ཉིན་མཚན་ཀུམ་ཏུ་འཁོར་བ་ལ་སྙིང་པོ་མེད་པར་མཐོང་ཞིང། ཐར་བ་དོན་དུ་གཉེར་པའི་བློ་དེ་ལ་ཀུན་སློང་གིས་བཅོས་མི་དགོས་པར་ངམ་ངམ་དུ་སྐྱེ་བ་ཞིག་ལ་ཟེར།
གཉིས་པ་ལ། སློབ་དཔོན་ཀཱ་མ་ལ་ཤཱི་ལས། སྒོམ་རིམ་བར་བ་ལས། སྙིང་རྗེ་ཆེན་པོ་ནི་སེམས་ཅན་སྡུག་བསྔལ་བ་ཐམས་ཅད་སྡུག་བསྔལ་དེ་ལས་བྲལ་བར་འདོད་པའི་རྣམ་པ་ཡིན་ནོ། ཞེས་གསུངས། དེས་ན་སེམས་ཅན་ཐམས་ཅད་སྒྲིབ་གཉིས་ཀྱིས་མནར་བའི་མི་བཟོད་པའི་སྡུག་བསྔལ་ལ་དམིགས་ཏེ། དེ་དག་མ་ལུས་པ་དེ་ལྟ་བུའི་སྡུག་བསྔལ་དེ་ལས་བྲལ་ན་ཅི་མ་རུང་སྙམ་པའི་གཞན་དོན་དོན་གཉེར་གྱི་འདུན་པ་ཞིག་ལ་འཇོག་དགོས་།
གསུམ་པ་ལ། བདག་ཅག་གི་སྟོན་པས། སྡོང་པོ་དཀོད་པའི་མདོ་ལས། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །ཞེས་གསུངས་སོ། དེ་ཡི་ངོ་བོར་དཔྱད་པ་ལ། རྒྱལ་ཚབ་དར་མ་རིན་ཆེན་གྱིས། རྣམ་བཤད་སྙིང་པོ་རྒྱན་ལས། གཞན་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་གཉེར་གྱི་འདུན་པ་དང་མཚུངས་ལྡན་གྱི་སེམས་ཁྱད་པར་ཅན། ཞེས་གསུངས་སོ། དེས་ན་སེམས་ཅན་ཐམས་ཅད་ལ། སྒྲིབ་གཉིས་ཀྱིས་མནར་བའི་མི་བཟོད་པའི་སྡུག་བསྔལ་ལ་དམིགས་ཏེ། དེ་དག་མ་ལུས་པ་དེ་ལྟ་བུའི་སྡུག་བསྔལ་དེ་ལས་བྲལ་བར་འདོད་པའི་གཞན་དོན་དོན་གཉེར་གྱི་འདུན་པ་དང་། སྡུག་བསྔལ་གྱི་མནར་བ་སེམས་ཅན་དེ་དག་སྐྱོབ་པའི་ནུས་པ་ཡོངས་སུ་མངའ་བ་ནི་ཐམས་ཅད་མཁྱེན་པ་ཉིད་ཡིན་པར་ཤེས་ཏེ། དེ་ལ་དམིགས་པའི་བྱང་ཆུབ་དོན་གཉེར་ཀྱི་འདུན་པ་སྟེ། འདུན་པ་གཉིས་དང་ལྡན་པའི་སེམས་བསྐྱེད་ཁྱད་པར་ཅན་ཞིག་ལ་གཙོ་བོར་འཇོག་དགོས།
བཞི་བ་ལ། བདག་ཅག་གི་སྟོན་པས། ཆོས་ཡང་དག་བསྡུས་པའི་མདོ་ལས། སེམས་མཉམ་པར་གཞག་པའི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་གསུང་པའི་མཉམ་གཞག་ནི་ཞི་གནས་དང་། ཇི་ལྟ་བ་བཞིན་ཤེས་པ་ནི་ལྷག་མཐོང་ངོ་། ཞེས་གསུངས་སོ། །དེས་ན་ཞི་གནས་ནི་སེམས་རྩེ་གཅིག་པ་ཉིད་གནས་ཐུབ་པ་སྟེ། དཔེར་ན། སེམས་དེས་གཞི་ཞིག་ལ་དམིགས་པ་གཞག་པའི་ཚེ། གཞི་དེ་ཡི་སྟེང་དུ་སེམས་རྩེ་གཅིག་ཏུ་གནས་ཐུབ་པ་ལས། དམིགས་པ་གཞན་ལ་མི་ཤོར་བཞིག་ལ་འཇོག་དགོས་སོ། ལྷག་མཐོང་ཞེས་པ་ནི་ཡང་དག་པའི་དོན་ལ་དཔྱད་པ་བྱེད་པའི་བློ་ཁྱད་པར་ཅན་ཞིག་ལ་འཇོག་དགོས། ཟུང་དུ་འབྲེལ་བ་ནི་ཞི་གནས་ཀྱི་དམིགས་པ་རྩེ་གཅིག་ལ་གནས་པ་དེ་ལ། ལྷག་མཐོང་གིས་དཔྱད་པ་བྱེས་པ་དེ་ལ་ཟེར་གྱི་ཡོད།
དེ་ལྟ་བུའི་རྒྱུ་རྐྱེན་དེ་དག་ཡོངས་སུ་རྫོགས་པ་ན། ངན་འགྲོའི་ཆོས་ཐམས་ཅད་བཟོད་པར་གྱུར་ཏེ། ལས་ཉོན་གྱི་དབང་གིས་ངན་སོང་དུ་སྐྱེ་བ་ལེན་མི་དགོས་པ་དང་། བསམ་བཞིན་དུ་སྲིད་པ་ལེན་ནུས་པ་ཙམ་བསྟན་ཡོད། དེ་ལྟར་ཡོན་ཏན་རྣམས་མངའ་ན་སྤྲུལ་སྐུའི་མཛད་པ་སྟོན་ནུས་སམ་ཞེ་ན’ དེ་ཡང་ཐག་གཅོད་ཐུབ་པ་མ་ཡིན་ཏེ། ཐེག་ཆེན་ཀྱིས་འདོད་པ་ལྟར་སྤྲུལ་པའི་སྐུར་བཞེངས་ནས་འགྲོ་དོན་བྱེད་པ་ལ། སོ་སྐྱེ་ལས་འདས་པའི་འཕགས་པ་ཞེས་པ་དེ་ཡི་གོ་འཕང་ཐོབ་དགོས་ཤིང་། དེ་ལྟ་བུའི་གོ་འཕང་ཐོབ་པ་ལ་ལྟ་བ་གསུམ་མངོན་སུམ་དུ་རྟོགས་པའི་ཤེས་རབ་རྒྱུད་ལ་ལྡན་དགོས། ལྟ་བ་གསུམ་ནི། གང་ཟག་གི་བདག་མེད་དང་། གཉིས་སྟོང་། སྟོང་ཉིད་བཅས་ཡིན། དེ་གང་ཞེ་ན། གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་བ་དང་པོ་དང་། གཟུགས་དང་གཟུགས་འཛིན་ཚད་མ་རྫས་གཞན་གྱིས་སྟོང་བ་གཉིས་པ། ཆོས་ཐམས་ཅད་བདེན་པས་སྟོང་བ་གསུམ་པའོ། དེ་གསུམ་ཀ་མངོན་སུམ་དུ་ནམ་རྟོགས་ན་སྤྲུལ་བའི་སྐུ་བཞེངས་བར་ནུས་སོ། འདི་དག་ནི་མཚོན་པ་ཙམ་ཡིན་ཞིང། རྒྱས་པར་མཁྱེན་འདོད་ན་དབུ་ཕར་གྱི་གཞུང་དག་ནས་ཤེས་པར་བྱེད་དགོས་སོ།།
གཉིས་པ་ལ། བླ་མ་དང་བོད་ཀྱི་ལུགས་སྲོལ་གྱི་སྤྲུལ་མིང་པ་རྣམས་ཀྱི་དབར་ལ་ཅུང་ཙམ་དཔྱད་པ་ལ།
ཁོ་བོས་ནི་ཇི་ལྟར་དཔྱད་ཀྱང་། ལུགས་སྲོལ་གྱི་སྤྲུལ་མིང་པ་རྣམས་དང་བླ་མའི་དབར་ལ་འབྲེལ་བ་ཐད་ཀར་མེད་པ་ལྟ་བུར་སྣང་། བླ་མ་ནི་མདོ་སྔགས་ཀྱི་གཞུང་ལུགས་ཀུན་མཁས་ཤིང་བྱང་པ་དང་། ཉམས་སུ་ལེན་པའི་རིམ་པ་ལ་མ་རྨོངས་པ་ཞིག་དགོས་ལ། སྲོལ་རྒྱུན་གྱི་སྤྲུལ་མིང་བ་རྣམས་ནི་དེ་ལྟར་མ་ངེས་སོ། དཔེར་ན། སྲོལ་རྒྱུན་གྱི་སྤྲུལ་མིང་པ་མང་དག་ཅིག་སྐྱབས་འགྲོ་སེམས་བསྐྱེད་ཙམ་ཡང་འཆད་མི་ནུས་པ་དང་། བདེན་པ་བཞི་ཐ་སྙད་དུ་ཡང་སྨྲ་མི་ཐུབ་པར་སྣང་ཞིང་། དེ་དག་ནི་བླ་མའི་ས་མཚམས་ནས་ཡོངས་སུ་བུད་དོ།
གཞན་ཡང་ སྲོལ་རྒྱུན་གྱི་སྤྲུལ་མིང་པ་ཧ་ཅང་མང་ཡང་། དེ་དག་གི་ཁྲོད་དུ་མཚན་ཉིད་དང་ལྡན་པའི་བླ་མ་ནི་ཆེས་དཀོན་པོ་ཡིན། དེས་ན་སྲོལ་རྒྱུན་གྱི་སྤྲུལ་མིང་པ་རྣམས་དང་བླ་མའི་དབར་ལ་འབྲེལ་བ་ཆེར་ཡོད་པར་མི་སྣང་ངོ་།། འོ་ན་མཚན་ཉིད་དང་ལྡན་པའི་བླ་མ་ཟེར་བ་དེ་གང་འདྲ་ཞིག་དགོས་ཤེ་ན།
འདི་ལྟར་ཏེ། རྒྱལ་ཚབ་བྱམས་པ་མགོན་པོས། མདོ་སྡེ་རྒྱན་ནས། བཤེས་གཉེས་དུལ་བ་ཞི་བ་ཉེར་ཞི་བ། ཡོན་གཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག། དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བརྟེན། ཞེས་གསུངས་སོ། དེས་ན་ཏིང་ངེ་འཛིན་གྱི་བསླབ་བ་དང་། ཚུལ་ཁྲིམས་ཀྱི་བསླབ་བ། ཤེས་རབ་ཀྱི་བསླབ་བ་བཅས་རྟོགས་པའི་ཡོན་རྣམས་དང་ལྡན་པ་དང་། མདོ་སྡེའི་སྡེ་སྣོད་དང་། མངོན་པའི་སྡེ་སྣོད། འདུལ་བའི་སྡེ་སྣོད་སོགས་སྡེ་སྣོད་གསུམ་འཆད་པ་ལ་ལྷག་པར་མཁས་པ། ཡང་དག་པའི་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པ་ལ་སོགས་པའི་ཡོན་ཏན་མངའ་བས། མཁྱེན་བརྩེ་ནུས་གསུམ་ཀྱི་བདག་ཉིད་ཅན་ཞིག་དགོས་སོ། ། རྒྱས་པར་ནི་ལམ་རིམ་ལ་སོགས་པའི་གཞུང་དག་ལས་ཤེས་པར་བྱ་དགོས་སོ། ། དུས་ཀྱི་དབང་གིས་ཡོན་ཏན་དེ་དག་ཚང་བར་རྙེད་པ་དཀའ་བས་དེ་ལྟར་མ་རྙེད་ན་ཇི་ལྟར་བྱ་ཞེ་ན། བདག་ཅག་གི་སྟོན་པས། དཔུང་བཟང་གིས་ཞུས་པའི་མདོ་ལས། དེ་ལྟའི་ཡོན་ཏན་མ་ལུས་ལྡན་པ་དག། རྩོད་པའི་དུས་ན་ཤིན་ཏུ་དཀོན་པས་ན། ཡོན་ཏན་ཕྱེད་དམ་བཞི་ཆ་བརྒྱད་ཆ་ཅས། དེ་ལྟ་བུ་ནི་སྔགས་པས་གྲོགས་པོར་བསྟེན། ཞེས་གསུངས། ཞེས་གྲོགས་ལ་མཚན་ཉིད་ཡོངས་རྫོགས་གསུངས་པའི་བརྒྱད་ཆ་ལ་མ་མཐར་གསུངས་ཡོད། དེ་བླ་མ་ལའང་མཚུངས་སོ་ཞེས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་གསུང་བར་པོ་ཏོ་བའི་གསུང་སྒྲོས་དོལ་བས་བསྒྲིགས་པ་ལས་བསྟན་ལ། འཇམ་མགོན་བླ་མས། བྱང་ཆུབ་ལམ་རིམ་ཆེ་མོ་ནས་ཀྱང་དེ་ལྟར་བཞེད་ཡོད། དེས་ན་གོང་སྨྲས་ཀྱི་ཡོན་ཏན་དེ་དག་ནས་བརྒྱད་ཆ་གཅིག་ཚང་ན་བླ་མར་འཇོག་རིགས་པར་སྣང་ངོ་། །མདོར་ན་བླ་མར་འཇོག་པ་ལ། རང་སེམས་དུལ་ཞིང་སྙིང་རྗེས་ཟིན་པ། ཐོས་པས་ཕྱུག་ཅིང་འཆད་ལ་མཁས་པ། ལྷག་བསམ་ལྡན་ཞིང་ཕྱོགས་འཛིན་དོར་བ། ང་རྒྱལ་མེད་ཞིང་རབ་ཏུ་ཞི་བ། འཇིག་རྟེན་ཆོས་བརྒྱད་ཀྱི་དབང་དུ་མ་སོང་བ་བཅས་ངེས་པར་དུ་ཚང་དགོས་ཏེ། སློབ་དཔོན་ཆེན་པོ་བྷ་བི་ལྷས། བླ་མ་ལྔ་བཅུ་པ་ལས། བློ་ལྡན་སློབ་མའི་བླ་མ་ལ། སྙིང་རྗེ་མེད་ཅིང་ཁྲོ་ལ་གདུག། ཁེངས་ཤིང་ཆགས་ལ་མ་བསྡངས་དང་། སྤྱོམས་དང་བཅས་པ་མི་བྱའོ། ཞེས་གསུངས་པས་ཕྱིར།
འོ་ན་དེ་ལྟ་བུའི་ཡོན་ཏན་རྣམས་ཡོངས་སུ་རྫོགས་པའི་སྤྲུལ་མིང་པ་དེ་དག་ཡིན་ན་སྤྲུལ་སྐུ་དང་བླ་མ་གཉིས་ཀ་ཡིན་དགོས་སམ་ཞེ་ན། དེ་ཡང་མི་དགོས་ཏེ། སྤྲུལ་སྐུ་རྣམས་རང་ཉིད་སྤྲུལ་བ་པོ་སྤྲུལ་སྐུ་མ་ཡིན་པ་རེ་ཡོད་དགོས་ཤིང་། དེ་དག་ནི་གོང་སྨྲས་ཀྱི་ཡོན་ཏན་དེ་དག་དང་ལྡན་པ་ཞིག་དགོས། དེས་ན་དེ་དག་ལ་སྤྲུལ་མིང་རེ་བཏགས་ཀྱང་དོན་ལ་སྤྲུལ་སྐུ་ཡིན་མི་དགོས་པར་ཤེས་པ་བྱས་ཤིང་། ཆ་གཉིས་སུ་ཕྱེས་ཏེ་གསལ་བཤད་བྱེད་དགོས་སོ།།
གཞན་ཡང་སྤྲུལ་མིང་པ་རྣམས་རང་ཉིད་ཀྱི་སྐུ་གོང་མར་གྲགས་པ། དེ་དག་གི་ཤེས་རྒྱུད་ངོ་མ་ཡིན་མིན་ཀྱང་ཐེ་ཚོམ་གྱི་ཡུལ་ལས་མ་འདས་ཏེ། དཔེར་ན། རྒྱལ་མཆོག་ཐམས་ཅད་མཁྱེན་པས། ངས་གང་ཤེས་པ་དེ་ནི་དགེ་བའི་བཤེས་གཉེན་རྣམས་ཀྱི་བཀའ་དྲིན་ཉག་གཅིག་ཡིན་གྱི། སྤྲུལ་མིང་ཆེན་པོ་འདི་ཡིས་གང་ཡང་མ་ཕན་ཞེས་དང་། ཀུན་གཟིགས་པཎ་ཆེན་མཆོག་གིས། ངས་པཎ་ཆེན་སྐུ་ཕྲེང་རིམ་བྱུང་གི་འགན་ཁུར་དགོས་པས། སྐུ་གོང་མ་རྣམས་ཀྱི་སྐུ་གདུང་བསྐྱར་བཞེངས་བྱས་པ་ཡིན་ཞེས་པ་དང་། རྒྱལ་བ་ཀརྨ་པས། རྩ་བའི་བླ་མ་རྣམས་ཀྱིས་ང་ལ་ཀརྨ་པའི་ཡང་སྲིད་ངོས་འཛིན་གནང་བ་ཡིན་པས། ངས་སྐུ་གོང་མ་རྣམས་ཀྱི་འགན་འཁུར་དགོས་ཞེས་སོགས་མཁས་གྲུབ་གཉིས་ལྡན་ཀྱི་བླ་མ་རྣམས་ཀྱིས། རང་ཉིད་ཀྱི་སྐུ་གོང་མ་རུ་གྲགས་པ་རྣམས་ཀྱི་ཤེས་རྒྱུད་ངོ་མ་ཡིན་པར་ཁས་ལེན་མིན་ཇི་ལྟར་ཡང་སྐུ་གོང་མ་ཚོའི་མཛད་པའི་རྒྱུན་བསྐྱང་དགོས་ཚུལ་གསལ་པོར་བསྟན་འདུག་པ་དེ་དག་ནི་ང་ཚོས་ངེས་པར་དུ་དོ་སྣང་བྱེད་དགོས་པའི་གནད་ཡིན་ནོ།
རིགས་པའི་ལྷ་མོ་ནོར་བུའི་དོ་ཤལ་ཅན།།
རོལ་སྒེག་གར་གྱི་ཉམས་ལྡན་ཕྱོགས་དེ་ལ།།
ལང་ཚོའི་མཚར་སྡུག་མངའ་བའི་གཞོན་ནུ་ཡིས།།
མཛའ་བརྩེའི་ལྷིང་འཇགས་རོལ་ལ་སུ་མི་དགའ།།
ཞེས་བར་སྐབས་སུ་ངལ་གསོ་བར་བྱས་ཞིང་། སླར་ཡང་རིགས་པའི་རོལ་རྩེད་ཅུང་ཙམ་སྤྲོ་བར་བྱེད་དོ། །
དེ་ཡང་སེལ་ལྷད་ཅན་གྱི་སྤྲུལ་མིང་བ་དེ་དག་གི་རྒྱུ་རྐྱེན་ལ་དཔྱད་པ་དང་། འདི་ཡི་སྐོར་གྱི་དཔྱད་བརྗོད་པ་རྣམས་དང་སྐབས་བསྟུན་ཏེ་སྨྲ་བའོ།
དང་པོ་ལ། སྲོལ་རྒྱུན་གྱི་སྤྲུལ་མིང་བ་རྣམས་ནི་གཞན་གྱིས་དབང་འཛིན་ཁོ་ནས་སྟེང་ནས་བྱུང་དགོས་ཤིང་། རང་ཉིད་ཀྱིས་ཕུགས་བསམ་ལ་རྒྱང་ལྟ་བྱེད་ནུས་པའི་མཚམས་སུ། རང་ཉིད་ཀྱིས་གདམ་ཁ་བྱེད་མི་ཆོག་པའི་འགན་འཁྲི་ལྗིད་པོ་ཞིག་སྐུ་ཚེའི་འདུ་བྱེད་མ་སྟོང་གི་བར་དུ་འཁུར་དགོས་ཤིང་། དེ་ཡི་རྒྱུ་རྐྱེན་ནི་རང་ཉིད་ཆུང་ངུའི་དུས་ནས་ཁྲི་སྟེང་དུ་འཇོག་མཁན་དེ་དག་ཡིན། བྱིས་པ་རྣམས་སྤྲུལ་སྐུ་ཡིན་པར་ངོས་འཛིན་བྱེད་མཁན་ཀྱི་ཆོས་པའི་མཚན་ཅན་རྣམས་དང་། ངོ་སྤྲོད་བྱེད་མཁན་གྱི་ཨ་མ་ཁ་བདེ་དེ་དག་ཡིན། ཨ་མ་ཚོས་སོ་སོའི་བྱིས་པ་བཙས་སྐབས་སུ་རྟེན་འབྲེལ་གྱི་རྣམ་གཞག་མང་དག་ཞིག་ངོ་སྤྲོད་བྱས་ཤིང་། ཡང་སྲིད་འཚོལ་བ་པོ་རྣམས་ཀྱིས་དེ་ལ་འགྲེལ་བ་མང་དག་ཅིག་བྱས་ཏེ། བྱིས་པ་དེ་དག་ལ། མིང་ཆེན་པོ་རེ་གནང་ནས་མི་ཚེ་དེ་ལ་དོར་ཐབས་མེད་པའི་འགན་འཁྲི་རེ་འཁུར་དུ་བཅུག་གི་ཡོད། འོན་ཀྱང་རྒྱུ་མཚན་དེ་དག་ནི་ཆེད་ཡིད་ཆེས་བྱེད་དཀའ་བའི་དངོས་པོ་འབའ་ཞིག་ཏུ་གྱུར་བར་སེམས་ཏེ། དཔེར་ན། ཁང་སྟེང་ནས་ཁུ་བྱུག་གྲག་པ་སྤྲུལ་སྐུ་འཁྲུངས་བའི་རྟགས་ཡིན་ན། བྲག་ཐོག་ནས་ཕོ་རོག་གྲག་པ་ཡང་། ཅིས་ཕྱིར་སྤྲུལ་སྐུ་འཁྲུངས་བའི་རྟགས་མིན། ཉེ་འདབ་དུ་ཟླ་གུར་ཕུབ་པ་སྤྲུལ་སྐུ་འཁྲུངས་བའི་རྟགས་ཡིན་ན། ཐག་རིང་དུ་ཉི་གུར་ཕུབ་པ་ཡང་། ཅིས་ཕྱིར་སྤྲུལ་སྐུ་འཁྲུངས་བའི་རྟགས་མ་ཡིན། ཁྱིམ་ཕུག་ཏུ་མེ་ཏོག་ཤར་བ། སྤྲུལ་སྐུ་འཁྲུངས་བའི་རྟགས་ཡིན་ན། ར་བ་རུ་སྨྱུ་གུ་སྨིན་པ་ཡང་། ཅིས་ཕྱིར་སྤྲུལ་སྐུ་འཁྲུངས་བའི་རྟགས་མ་ཡིན། བྱིས་བ་བཙས་ཁ་མའི་ཨ་མར་སྣང་བའི་འཇའ་ཚོན། སྤྲུལ་སྐུ་འཁྲུངས་བའི་རྟགས་ཡིན་ན། མགོ་ཐོག་ཏུ་དབྱུག་པ་ཕོག་པའི་མི་ལ་ནམ་མཁའ་དམར་པོ་སྣང་བ་དེ་ཡང་། ཅིས་ཕྱིར་སྤྲུལ་སྐུ་འཁྲུང་བའི་རྟགས་མ་ཡིན། དེ་ལྟ་བུའི་རྒྱུ་མཚན་ཕྱི་མ་རྣམས་ཁས་ལེན་པར་མ་ནུས་ན། དང་པོ་རྣམས་ཀྱང་འགྲུབ་བར་མི་འགྱུར་ལ། ཕྱི་མ་རྣམས་ཁས་བླངས་ན་ནི། མི་ཡིན་ན་སྤྲུལ་སྐུ་ཡིན་དགོས་པར་གྱུར་རོ། མདོར་ན་སྤྲུལ་མིང་བ་རྣམས་སྐུ་འཁྲུངས་སྐབས་སུ་རྟེན་འབྲེལ་གྱི་རྣམ་གཞག་མང་དག་ཅིག། བོད་པ་རྣམས་ཀྱིས་གླེང་འདུག་ཀྱང་ངོ་མཚར་བསྐྱེད་དགོས་པ་ནི་གང་ཡང་མི་སྣང་ངོ་།
གཞན་ཡང་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་པོ་རྣམས་ནི། སྐྱེ་བོ་མང་པོའི་རང་དབང་རྩ་བརླག་གཏོང་མཁན་ལྟ་བུར་སྣང་སྟེ། ཡང་སྲིད་ངོས་འཛིན་ཟེར་བའི་ཐ་སྙད་དེ། རྣ་བར་ཐོས་བ་ཙམ་གྱིས་མ་དྲང་བའི་རང་བཞིན་ཞིག་ངམ་ངམ་དུ་ཤར་ཐུབ། གལ་སྲིད་སྐུ་ཕྲེང་རིམ་བྱུང་གི་སྤྲུལ་སྐུ་ཞིག་བོད་པ་རྣམས་དང་བྲལ་མེད་དུ་ཡོད་པའི་དབང་དུ་བཏང་ན་ཡང་། དེ་བསྟན་པ་དང་འགྲོ་བའི་དོན་དུ་མི་བྲལ་བ་ཡིན་གྱི། གསེར་ཁྲི་དང་ལོངས་སྤྱོད་ཀྱི་ཆེད་དུ་མི་བྲལ་བ་ནི་མི་སྲིད་དོ། ། སྤྲུལ་སྐུ་ཞེས་པའི་མིང་དེ་ཡི་འོག་ནས་སྐྱེ་བོ་མང་པོ་ཞིག་དཀའ་ངལ་ཕྲད་དང་འཕྲད་བཞིན་པ་ཡིན་མིན་ཐོག་དོགས་པ་ཙམ་ཡང་མི་དགོས་ཀྱང། འདི་ནི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་པོ་རྣམས་ཀྱི་ལག་རྗེས་འབའ་ཞིག་གོ། དེས་ན་ཇི་ཙམ་དཔྱད་ཀྱང་། ཡང་སྲིད་ངོས་འཛིན་བྱེད་སྲོལ་གྱི་ལོ་རྒྱུས་དེ་ནི། དོར་བྱ་ཡིན་གྱི་བླང་བྱ་མ་ཡིན་པར་ར་སྤྲོད་བྱེད་ནུས་སོ།།
གཉིས་པ་ལ། དེང་གི་དུས་འདིར་དྲྭ་ལམ་ཁག་དང་། དུས་དེབ། རྩོམ་དེབ། གླུ་གར་ལ་སོགས་པ་མང་དག་ཞིག་ནས། སྤྲུལ་མིང་བ་རྣམས་ལ་དགག་པ་ཆར་ལྟར་བབས་འདུག་ཀྱང་། ཡང་སྲིད་ངོས་འཛིན་བྱེད་པོ་རྣམས་ཀྱིས་ནི་དེ་ཙམ་དོ་སྣང་མ་བྱས་པར་མངོན་། གནས་ཚུལ་འདི་ཡི་ཕྱོགས་སུ་དཔྱད་པ་བྱེད་མཁན་ཚོས། གནད་འགག་འདི་དོན་ཆུང་དུ་འཛིན་པ་ནི་ཆེས་བསམ་ཡུལ་ལས་འདས་པ་ཞིག་རེད། རྒྱུ་རྐྱེན་དེ་ལ་དོ་སྣང་མི་བྱེད་པ། སྤྲུལ་མིང་བ་རྣམས་ལ་དགག་པ་བྱས་པ་ནི་དོན་མེད་པར་སེམས་ཏེ། སྤྲུལ་མིང་བ་རྣམས་ལ་ཇི་ཙམ་དགག་ཀྱང་། རྒྱུ་རྐྱེན་དེ་དག་ཇི་སྲིད་གནས་པའི་བར་དུ་སྤྲུལ་མིང་བ་རྣམས་ལ་གནོད་པར་མི་འགྱུར་ཏེ། དཔེར་ན། ཡལ་ག་བརྒྱ་དང་ལྡན་པའི་སྡོང་པོ་དེ་ལ། སྡོང་པོ་དེ་ཇི་ཙམ་གནས་པ་ན། དེ་ཙམ་དུ་ཡལ་ག་རྫོགས་མེད་དུ་སྐྱེ་བ་དང་། ནམ་ཞིག་སྡོང་པོ་དེ་མེད་པར་གྱུར་ན། ཡལ་ག་རྣམས་ཀྱང་རང་བཞིན་གྱིས་ཡལ་འགྲོ་བ་ལྟ་བུའོ། །
གཞན་ཡང་སྤྲུལ་མིང་བ་རྣམས་ལ། མི་བུ་ཕལ་བ་རྣམས་ལས་ལྷག་པ་ཞིག་དགོས་ཟེར་བ་ནི་ཁུངས་མེད་ཀྱི་གཏམ་དུ་ཟད་དེ། སྤྲུལ་མིང་བ་མང་དག་ཅིག་ནི་སྐྱེ་བོ་ཕལ་བ་རྣམས་ཀྱི་ཕྱི་རོལ་དུ་མི་འདས་ཤིང་། མི་བུ་ཕལ་བ་དག་ལ་སྤྲུལ་མིང་ཆེན་པོ་ཞིག་སྤྲད་ཀྱང་། མི་བུ་རང་གི་ནུས་ཚད་ལས་འདས་པའི་བྱ་བ་བྱེད་མི་ཐུབ་པ་ལྟ་བུའོ།།
བླ་མ་དང་སྤྲུལ་སྐུ་ལ་ཟུར་རམ་མུ་བཞི་སྟེ།
སྤྲུལ་སྐུ་དང་བླ་མ་གཉིས་ཀ་ཡིན་པ།
སྤྲུལ་སྐུ་ཡིན་ལ་བླ་མ་མིན་པ།
བླ་མ་ཡིན་ལ་སྤྲུལ་སྐུ་མིན་པ།
བླ་མ་དང་སྤུལ་སྐུ་གཉིས་ཀ་མ་ཡིན་པའོ། །
ཨོ་རྒྱན་རིག་འཛིན་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༨ གི་ཆུ་ཚོད་ ༨ སྐར་མ་ ༢༩
མཁས་དབང་བཀའ་ཁྲི་བློ་བཟང་སེང་གེ་མཆོག་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།
བོད་དོན་བདེན་མཐའ་མྱུར་དུ་གསལ་བར་ཤོག །རྒྱ་དམར་སྲིད་གཞུང་མགོ་སྟེང་སློག་པར་ཤོག །
བོད་ཡུལ་བླུན་པོའི་རྨོངས་དད་སེལ་བར་ཤོག །བོད་འཇོམས་བླ་སྤྲུལ་མིང་མེད་བྱེད་པར་ཤོག །
ལྷག་པར་བོད་ནང་གི་བྱ་སྤྱོད་ཐལ་དྲགས་པའི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཟེར་བ་སོགས་ལ་གནད་ལ་ཁེལ་བའི་བསླབས་བྱ་རེ་མཁས་དབང་ཁོང་གིས་གནང་ཐུབ་པར་ཤོག
ཚུལ་ཁྲིམས་བློ་གྲོས་ཟེར་བ་སོགས་ཀྱི་ཆོས་སྲིད་མཉམ་བསྲེས་ཀྱི་ཐལ་ཆ་ནི་ཧ་ལས་དགོས་པ་རང་རེད།
ང་དེ་སྔོན་ཚུལ་ཁྲིམས་བློ་གྲོས་ལ་ཧ་ཅང་དགའ་པོ་ཡོད། དེ་ནི་ངས་ཚུལ་ཁྲིམས་བློ་གྲོས་ཀྱི་བཟང་ཕྱོགས་གཅིག་པུ་སྟེ། ཁོང་ནི་བོད་ཀྱི་སྐད་ཡིག་སོགས་ལ་ལྷག་བསམ་ཡོད་མཁན་ཞིག་ཡིན་པ་མཐོང་པས་རེད། འོན་ཀྱང་དེ་གཅིག་པུར་བསམ་ན་མི་འགྲིག་པར་དེའི་རྗེས་ནས་ང་ཚོས་ཁོང་གི་སྐྱོན་ཆ་ཚབས་ཆེན་གང་མང་ཞིག་མཐོང་བྱུང། ངོ་མ་ཚུལ་ཁྲིམས་བློ་གྲོས་ནི་དགྲ་དགའ་གཉེན་སྡུག་གི་ལས་ཀ་ཚབས་ཆེན་གང་མང་བསྒྲུབས་དང་སྒྲུབ་བཞིན་ཡོད་མཁན་ཞིག་རེད།
༡ བོད་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་གསེར་རྟ་བླ་རུང་ནས་གྲྭ་བཙུན་གཅིག་ཀྱང་ཡར་ལང་བྱེད་མི་ཆོག ཡར་ལང་བྱེད་མི་བྱུང་ན་བླ་རུང་སྒར་ནས་ཕྱིར་ཕུད་གཏང་ངེས་ཡིན། བཤད་ཡོད།
༢ ས་བྱི་ཞི་རྒོལ་སྐབས་ཁམས་ཏྲེ་ཧོར་བྲག་མགོ་ས་ཁུལ་དུ་ཡོང་ནས་ཚུལ་ཁྲིམས་བློ་གྲོས་གྱིས་མི་མང་ལ་ཡར་ལང་མ་བྱེད། བོད་གངས་ཅན་ལ་བདེ་སྐྱིད་ཀྱི་ཉི་མ་ཞིག་ཤར་ཡོང་ན་ཁྱོད་ཡར་ལང་མི་དགོས་པར་རང་གི་སྐལ་བ་རག་ཡོང་གི་རེད། ཁྱོད་ཡར་ལངས་མ་བྱས་པར་བརྟེན་སྐབས་དེར་ཁྱོད་ཀྱི་སྐལ་བ་ཆད་འགྲོ་གི་མ་རེད། ཅེས་སོགས་བཤད་ཡོད།
༣ ཡང་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་ཚུལ་ཁྲིམས་བློ་གྲོས་ཀྱིས་ད་ཐེངས་ཀྱི་ཡར་ལངས་ངོ་རྒོལ་འདི་ནི་སྟོད་ཀྱི་གདན་ས་སེ་འབྲས་དགའ་གསུམ་གྱི་མགོ་བཙུགས་ནས་མདོ་དབུས་ཁམས་གསུམ་གྱི་དགེ་ལུགས་པའི་དགོན་སྡེ་ཁག་གཙོ་བོ་རེད། དེ་ནི་དགེ་ལུགས་པ་ཁོང་ཚོའི་ལག་ཏུ་ད་ལྟ་བོད་ཀྱི་སྲིད་དབང་ཡོད་པར་བརྟེན་ད་དང་མུ་མཐུད་ཁོང་ཚོའི་ལག་གི་སྲིད་དབང་དེ་སྲ་བརྟན་དང་། རྒྱུན་འཁྱུངས་ཡོང་ཆེད་རེད། ང་ཚོ་རྙིང་མ་པ་ཚོ་དེའི་རྗེས་སུ་རྒྱུགས་དགོས་དོན་མི་འདུག་ཅེས་སོགས་བཤད་ཡོད།
༤ ཡང་སྤྱི་ལོ་༢༠༠༩ལོར་ཚུལ་ཁྲིམས་བློ་གྲོས་ཀྱིས་ས་བྱི་ཞི་རྒོལ་ཆེན་མོ་དེ་མང་ཚོགས་ཀྱིས་ནོར་འཁྲུལ་ཚབས་ཆེན་ཤོར་བ་ཡིན་པ་རྒྱལ་བ་རིན་པོ་ཆེས་གསུངས་ཡོད་པ་རེད། ཅེས་སོགས་མི་མང་ནང་ཁྱབ་བསྒྲགས་བྱས་ཡོད།
༥ དེང་སྐབས་ཚུལ་ཁྲིམས་བློ་གྲོས་ཀྱིས་དགེ་བཅུའི་ཁྲིམས་ཟེར་བ་ཞིག་མང་ཚོགས་ནང་བཞག་ནས་འབྲོག་ཕྱོགས་མང་ཚོགས་ཚོས་ནོར་ལུག་གཞན་ལ་བཙོང་མི་ཆོག་པ་དང་། རང་གིས་བཤའ་མི་ཆོག་པ། ཤ་ཟ་མི་ཆོག་པ་སོགས་མདོ་སྟོད་སྨད་ཀྱི་ས་ཁུལ་གང་མང་ཞིག་ཏུ་ཁྲིམས་བཞག་པ་དེ་ལ་རྙིང་མའི་བླ་ཆེན་དང་དགོན་པ་གང་མང་གིས་རྒྱབ་སྐྱོར་བྱས་ཏེ། ད་ལྟ་འབྲོག་ཕྱོགས་ས་ཁུལ་གྱི་མང་ཚོགས་ལ་མགོ་འགྱོགས་ས་མེད་པ་ཆགས་ཡོད་པར་བརྟེན། འབྲོག་ཕྱོགས་མང་ཚོགས་ཕལ་ཆེར་ཞིག་གིས་ད་ནི་སྒོ་ཕྱུགས་ལ་བེད་སྤྱོད་མི་འདུག་ཅེས་ནོར་ལུག་བཞག་ནས་གྲོང་དུ་འབབ་བཞིན་ཡོད་པ་རེད། གནས་ཚུལ་འདིའི་རིགས་ནི་རྒྱ་གཞུང་གིས་འབྲོག་ཕྱོགས་གྲོང་ཁྱེར་ཅན་དུ་བསྒྱུར་རྒྱུ་སྲིད་ཅུས་ལ་བོད་མི་རང་ཉིད་ཀྱིས་རྒྱབ་སྐྱོར་མཐུན་འགྱུར་ཆགས་ཡོད་པ་རེད། ད་བར་རྒྱ་གཞུང་གི་འཆར་ལྡན་བུ་སྐྱེས་ནང་བོད་ཁྱིམ་རེར་ཕྲུ་གུ་གཉིས་རེ་ལས་སྐྱེས་མི་ཆོག་པ་བཟོས་ཡོད་ལྟར་དེང་སྐབས་གྲོང་ཁྱེར་ནང་གི་བོད་ཁྱིམ་རེར་ཕྲུ་གུ་གཉིས་ལས་སྐྱེས་ཐུབ་རྒྱུ་མེད་ཀྱང། འབྲོག་ཕྱོགས་མི་ཚང་རེར་བུ་ཕྲུག་མང་པོ་ཡོད་པ་དེས་བོད་མིའི་མི་འབོར་ལ་ཕན་ཐོགས་ངེས་ཅན་འབྱུང་བཞིན་ཡོད་ཀྱང། གལ་ཏེ་འབྲོག་ཕྱོགས་ཉམས་ཉེས་འདི་ལྟར་ཕྱིན་པ་ཡིན་ན་སྒོ་ཕྱུག་མེད་པའི་སྤྲང་པོ་ཆགས་པར་མ་ཟད། མི་རིང་པར་བོད་ས་འདི་བོད་མིས་སྟོང་རྒྱུ་ཉག་གཅིག་རེད།
༦ ང་ཚོས་ཚུལ་ཁྲིམས་བློ་གྲོས་ནི་མཁན་ཆེན་འཇིགས་མེད་ཕུན་ཚོགས་ལྟ་བུའི་ཆོས་ལུགས་རས་མེད་ཅིག་ཡིན་བསམ་མི་རུང་། ཚུལ་ཁྲིམས་བློ་གྲོས་ལ་ཧ་ཅང་ཆོས་ལུགས་ཕྱོགས་རས་ཆེན་པོ་ཡོད། ཚུལ་ཁྲིམས་བློ་གྲོས་ཀྱིས་རྗེས་རིན་པོ་ཆེའི་ལམ་རིམ་ཆུང་པ་དེ་རྙིང་མ་པ་དང་མཐུན་པོ་ཡོད། དེ་ཁྲིད་ན་ཡག་པོ་རེད། གཞན་ལམ་རིམ་ཆེན་མོ་དང་། ལམ་རིམ་འབྲིང་པོ་གཉིས་རྙིང་མའི་ལྟ་བ་དང་མི་མཐུན་པས་འདི་རྗེས་རིན་པོ་ཆེའི་དགོངས་པ་མཐར་ཐུག་མ་རེད། ཅེས་དང། ཡང་རྗེ་རིན་པོ་ཆེས་ཐ་སྙད་ཚད་གྲུབ་སྐོར་གསུངས་པ་དེ་དག་ཀྱང་རྗེ་རིན་པོ་ཆེའི་དགོངས་པ་མཐར་ཐུག་མ་རེད། དགེ་འདུན་ཆོས་འཕེལ་གྱིས་གསུངས་པའི་ཀླུ་སྒྲུབ་དགོངས་རྒྱན་དེ་རྗེ་རིན་པོ་ཆེའི་དགོངས་པ་མཐར་ཐུག་རེད། ཅེས་སོགས་ཤོད་བཞིན་ཡོད་པ་རེད། ད་དུང་གནས་ཚུལ་གང་མང་ཡོད་ཀྱང་དེ་རིང་དུས་ཚོད་འདང་མིན་བྱུང་བས། རྗེས་ནས་རིམ་བཞིན་འགོད་ངེས་ཡིན། ངས་བཤད་པ་འདི་དག་དངོས་གནས་ཡིན་མིན་བཀུར་འོས་དྲ་གྲོགས་ཚོས་ཞིབ་འཇུག་གནང་རོགས་ཞུ།
འཁྲིག་པ་སྤྱོད་པ་བཟང་སྤྱོད་དང་འགལ་བ་ཡིན་པའི་སྒྲུབ་བྱེད་ཡང་དག་ཡོད་ན་ནི་གོང་གི་གཏམ་འདི་དག་བདེན་པ་རེད། དེ་མིན་འཁྲིག་པ་སྤྱོད་པ་བཟང་སྤྱོད་དང་འགལ་བའི་སྒྲུབ་བྱེད་མེད་ན་འཁྲིག་གཏམ་བཤད་པ་ཡང་བཟང་སྤྱོད་དང་འགལ་བའི་རྒྱུ་མཚན་ཅང་ཡོད་པར་མ་མཐོང་།
སེར་ཤུལ་རིན་ཆེན་དོན་གྲུབ་ལེགས།
བདག་གིས་བོད་ཚིག་གི་དག་ཆ་དག་ལ་མཐའ་དཔྱོད་བྱེད་པ་ནི། བདག་རང་གི་ཤེས་པ་ངོམས་པ་གཏན་ནས་མ་ཡིན་གྱི། བོད་ཡིག་དག་ཆ་དག་འཆལ་འཆོལ་དུ་མ་འགྲོ་བར་རང་རེས་བསྲུང་དགོས་པའི་རྒྱུ་མཚན་གྱིས་དེ་ལྟར་བྱེད་པ་མཁྱེན་དགོས། དྲ་གྲོགས་འགའ་ཤས་ཀྱིས་ང་ལ་སྐྱོན་བརྗོད་མཛད་པའི་དམ་བཅའ་བཞག་པ་བཞིན། འདིར་རང་རེས་བོད་ཚིག་དག་ཆ་ལ་རྩོད་པས། དག་ཆའི་སྐོར་ལ་སྐྱོན་ཡོན་བརྗོད་དགོས་པ་ཡིན་གྱི། བརྗོད་ཚིག་གྱི་འདོན་སྟངས་དང་བྲིས་སྟངས་ལ་རྩོད་མི་དགོས། དེས་ན་ཁྱེད་ཀྱི་བྲིས་སུ། སྤྲུལ་སྐུ་ངོ་མ་མ་ཡིན་པའི་ ཞེས་དང་། སྤྲུལ་སྐུ་དངོས་མ། ཞེས་གཉིས་སུ་གསལ་བ་དེ་ན། ངོ་མ། དངོས་མ། དག་གིས་དོན་གཅིག་རང་སྟོན་བསམ། དེ་ཡང་སྔ་མ་དེ་ནི། བོད་དབུས་གཙང་དང་ཤར་ཕྱོགས་པ་དག་གིས་ཁ་ནས་འདོན་པ་མེད་པ་ལས། བོད་ཀྱི་དག་ཆ་སྔོན་འཇུག་དང་རྗེས་འཇུག་གཉིས་ཀ་རིང་དུ་དོར་བ་ལས་འབྱུང་བར་མཐོང་། ཕྱི་མ་དེ་དག་པར་མཐོང་སྟེ། བོད་ཀྱི་རྩོམ་དངོས་མ་ནི། ཞེས་བོད་ཀྱི་རིག་གཞུང་ལ་གཅེས་པ་དགེ་འདུན་ཆོས་འཕེལ་གྱིས་དེབ་དང་པོའི་ཤོག་༢༨༢ བྲིས་པ་བཞིན་བདག་ཅག་བོད་ནུབ་ཕྱོགས་པས་ད་ལྟ་ཡང་དེ་ལྟར་འདོན། གལ་ཏེ་རང་རེས་ཁ་ནས་མ་འདོན་པའི་དབང་གིས་བོད་ཀྱི་དག་ཆ་དག་ལ་འགྱུར་བཅོས་གཏོང་ན། བོད་སྐད་ལ་སྔོན་གྱི་མཁས་པ་རྣམས་ཀྱིས་བྲིས་ནས་བཞག་པའི་རིག་གནས་རྒྱ་མཚོ་ལྟ་བུ་རྣམས། ་མ་འོངས་པ་ན། བོད་མི་དག་གིས་ཀློག་པ་ན་མི་གོ་བའི་རྐྱེན་ངན་པ་ཞིག་ཏུ་ཆགས་པ་མི་འདུག་གམ་ཞེས་བོད་ཀྱི་ཡི་གེ་པ་དག་ལ་དྲི་བ་ལགས་སོ།།
མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། ཡོད་ཅེས་བྱ་བ་འདི་ཡང་བཅོས་མ་སྟེ།།མེད་ཅེས་བྱ་བ་འདི་ཡང་བཅོས་མ་ཉིད།།དེ་འདྲའི་བཅོས་མ་ཀུན་གྱིས་མ་བསླད་པ།།སེམས་ཀྱི་རང་བཞིན་རྫོགས་པའི་སངས་རྒྱས་ཡིན།།ཡིན་མིན་རྣམ་རྟོག་ཆུ་ཡི་གཉེར་མ་བཞིན།།གཅིག་རྗེས་གཅིག་གིས་མཐུད་དེ་འགྲོ་བ་འདི།།གཏོད་མེད་ངང་དུ་ལྷོད་ཀྱིས་ཞིགས་པའི་ཚེ།།ཆོས་དབྱིངས་གདོད་མའི་རྒྱ་མཚོར་སླེབས་པ་ལགས།།ཅེས་པ་ལྟ་བུའི་ལྟ་བའི་ཉམས་འདོན་ལུགས་ཀ་དག་ཆོས་ཟད་ཀྱི་དགོངས་པ་རང་ས་ནས་རྡོལ་བ་གསལ་བོར་གསུངས་འདུག་པ་ལ་བལྟས་ན་ལྟ་བའི་ཆ་ནས་རྙིང་མ་དང་མཐུན་ལ། བཙུན་མ་གཡང་འཛོམས་ཀྱི་ངོར་གསུངས་བས་གདམས་ངག་གི་རྩོམ་འདི་ལ་གོང་ས་མཆོག་གིས་ཀྱང་བསྔགས་བརྗོད་གནང་ཡོད།
གངས་ལྗོངས་ཀྱི་མཁས་དབང་རྣམ་པ། དཔྱོད་ལྡན་གྱི་གཞོན་ནུ་གསར་སྐྱེ། རྒྱལ་ཕྱི་ནང་ན་འཁོད་པའི་བོད་རིགས་སྤུན་ཟླ་ཚོ་གསོན་དང་། །བདེན་པ་དྲང་པོ་བཤད་ན་མཁན་པོ་ཚུལ་ཁྲིམས་བློ་གྲོས་ནི་མཁན་པོ་འཇིགས་ཕུན་གྱི་ཐུགས་སྲས་ཡོད་ན་གཅིག་ཆོག མེད་ན་ཐབས་ཆག་པའི་མཁན་པོ་ཞིག་རེད་འདུག ཁོང་ལ་སྨད་ན་མཁན་པོ་འཇིགས་ཕུན་ལ་སྨད་པ་གཅིག་མཚུངས་རེད། དེས་ན་སྤྱི་དོན་རང་དོན་ཞོར་ལ་ཐོབ་པའི་ཏྰ་ལའི་བླ་མས་ཀྱང་རྒྱལ་ཕྱི་ནང་ལ་མཁན་པོ་ཚུལ་ཁྲིམས་བློ་གྲོས་ལས་ལྷག་གཅིག་དེང་དུས་མི་འདུག ང་ཚོ་བོད་མིའི་བསོད་ནམས་རེད། དཔེ་དགའ་བོ་བྱུང་། ཡི་རང་དང་བསྔགས་བརྗོད་ཡོད་ཅེས་ཡང་ཡང་དང་ཞེས་སོགས་དང། །རང་དོན་ཁ་ལ་ཁྱེར་སྤྱི་དོན་ཁོ་ན་གཉེར་བའི་གཟན་དཀར་རིན་པོ་ཆེས་ཀྱང་། ད་ལྟ་གངས་རིའི་ལྗོངས་ན་མཁས་བཙུན་བཟང་པོའི་ཡོན་ཏན་གྱི་མངོན་པར་མཐོ་ཞིང་གཞན་ཕན་རྣམ་དཀར་གྱི་ཕྲིན་ལས་མཚུངས་པ་མེད་པ་མཁན་ཚུལ་ཁྲིམས་བློ་གྲོས་མཆོག་གི་བསྟན་འགྲོར་སྨན་པའི་ཐུགས་བསྐྱེད་ཟབ་མོ་དུས་སུ་སྨིན་པས་གཞི་བསླངས་པ་དང་། གཞན་ཡང་གངས་ལྗོངས་རིག་གནས་ཀྱི་མདུན་ལྗོངས་ལ་གཟིགས་པ་ཡངས་ཤིང་ལྷག་བསམ་དགེ་བའི་དཔྱོད་ལྡན་མཁྱེན་ཡང་དུ་མས་དུས་ཡུན་རིང་པོར་དཀའ་བ་མང་དུ་སྤྱད་པའི་འབྲས་བུ་འབའ་ཞིག་ལགས་པས་ཤིན་ཏུ་ཡི་རང་དང་ལེགས་སོ་བརྗོད་པའི་འོས་སུ་ཆེ་ལ། ངེད་ཀྱིས་ཀྱང་འདིར་ཆེད་དུ་ཚུལ་ཁྲིམས་བློ་གྲོས་ལགས་ལ་བཀའ་དྲིན་ཆེ་ཞེས་ཞེ་ཐག་པ་ནས་ཞུ་ཞིང་། སླད་ཀྱང་འདི་དང་འདི་ལྟ་བུའི་གངས་ལྗོངས་རིག་གནས་ལ་གཅིག་ཏུ་ཕན་པའི་གཞན་ཕན་གྱི་མཛད་པ་གང་བརྩམས་པ་གེགས་མེད་ལེགས་པར་འགྲུབ་པའི་སྨོན་འདུན་ཞུ་བ་ལགས། ཞེས་པའང་ཐུབ་བསྟན་ཉི་མ་ནས་་་ཞེས་དང་། གནའ་དེང་རིགས་ལམ་ལ་བྱང་ཆུབ་པའི་རྨི་ལམ་དབང་ཕྱུག་གིས་ཀྱང་། ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་ཞེས་ཁ་ནས་མ་ཎི་འདོན་འདོན་དང་།གསོལ་འདེབས་དད་པའི་མཆོད་སྤྲིན་ལས། །ལྟ་བ་ཀློང་ཆེན་རབ་འབྱམས་ཐུགས་དགོངས་ཀྱི་ངོ་བོ། །སྒོམ་པ་མཁྱེན་བརྩེ་འོད་ཟེར་ཕན་བདེ་ཡི་རང་བཞིན། ། སྤྱོད་པ་རྒྱལ་བའི་མྱུ་གུ་མཚུངས་མེད་ཀྱི་ཐུགས་རྗེ། །འབྲས་བུ་བསྟན་པའི་བདག་པོ་སྙིང་དབུས་འདུད་དོ། །བསྟན་འགྲོའི་དོན་ཆེན་འགྲུབ་པའི་བྱིན་རླབས་ཞིག་སྩོལ་ཤོག །ཨོཾ་ཤྰི་ལ་མ་ཏི་བཛྲ་སིདྡྷི་ཧྰུཾ་ཨ། །ཤྲྰིས་སྙིང་ནས་སྨོན་པ་དགེའོ། །ཞེས་སོགས་བཟང་ངན་ཀུན་པོས་མགྲིན་གཅིག་གི་དབྱངས་དང་དགོངས་པ་གཅིག་གི་བསྔགས་བརྗོད་མཛད་པ་ལ་བོན་ནག་འགའ་ཞིག་དང་ཨོ་རྒྱན་ཙམ་འཛིན་པ་ཚོ་མ་དགའ་ཕྲག་དོག་སྐྱེ་རུང་སྒེར་སྐྱོན་མ་རིག་པས་སྒྲིབ་པ་ཁོ་ནའོ། །
སྤྲུལ་སྐུ་ལོག་ནས་གྲྭ་ཆེས་ཕུད་ན་འགྲིག་འདུག་མོད་དེང་སང་སྤྲུལ་སྐུ་་མང་པོ་ཞིག་ནས་གྲྭ་ཆེས་གྱོན་དེ་བུད་མེད་ལ་འཁྲིགས་པ་སྤྱོད་བཞིན་པ་ནི་ངོ་མ་ཡ་མཚན་པ་ཞིག་རེད་ཡ་་་གྲྭ་བ་དང་སྤྲུལ་སྐུ་ཚད་ལྡན་རྣམས་ཡང་གཞན་གྱིས་ལྟས་གཅིག་པ་ཡིན་རྒྱུ་རེད་ཟེར་མཁན་འདུག་པའི་ངོ་ཞབས་འདྲེན་ཀི་འདུས་ཡ་་་་