ཁམས་རྟའུའི་དཔའ་བོ་ཚེ་དབངནོར་བུ་མཆོག་སྐྱོ་བས་རྗེས་དྲན་བྱས།
འབའ་པ་སྐལ་བཟང་འཕྲིན་ལས།
·
གཏམ་རྒྱུད་ཅིག་ལ་མིག་ཉུལ་བྱེད་པའི་སྐབས།།
སེམས་དང་བསམ་པ་འོ་མའི་རྒྱུན་གྱིས་བཞེངས།།
འོ་མའི་འཕྱུར་ཁ་ཁོག་ན་སྐྱོམས་པ་ན།།
སླར་ཡང་གསེར་འབྲུར་འབུར་བའི་ངག་སྐད་འབྱིན།།
·
ཁོར་ཡུག་ཚེར་མས་ཁེངས་པའི་ངང་ཚུལ་ལ།།
སྙི་མོ་སེམས་ཀྱིས་བཟོད་པ་མ་ཐེག་ཏེ།།
བཙན་པོའི་སྙིང་སྟོབས་མཁྲེགས་པོའི་ཁུག་སོ་ནས།།
དོན་དངོས་གནས་ལུགས་སླད་དུ་མདུན་མཆོང་བྱས།།
·
ལྗིད་ཏིག་ཏིག་གི་གོམ་ཁ་རེ་རེ་ནི།།
སང་ཉིན་རྒྱལ་ཁ་མཚོན་པའི་ཐལ་སྒྲར་བྱས།།
བློས་བོར་ཟིན་པའི་རང་གི་དུས་གསུམ་རྣམས།།
རྒྱལ་ཁའི་རྨང་གཞིའི་ངོས་སུ་གནད་སྨིན་སྦྱོར།།
ཟ་ཧམ་མིག་ཟུང་རྒོད་པའི་བཞི་མདོ་རུ།།
གདོང་དམར་སྐྱིད་སྡུག་གསལ་བར་ཐོན་པའི་སླད།།
ཕྱིར་བལྟས་བོར་བའི་དམ་ཚིག་ལྕི་མོ་དེས།།
རིན་ཆེན་ཚེ་སྲོག་མེ་ཡི་རྩེ་རུ་བསྒྲོན།།
·
དམར་ལྷང་འབར་བའི་མེ་ལྕེ་སྟུག་པོ་དེས།།
སྨག་འོག་རྒྱལ་ཁམས་ཤིག་གི་དོན་དངོས་སྒྲོག།
ཚེ་སྲོག་ཕངས་མེད་བོར་པའི་གོམ་སྟོབས་དེས།།
ཁ་བའི་ལང་ཚོ་དགྲ་བོའི་མིག་སྔར་འགྲེལ།།
·
མེ་ལྕ་དམར་པོས་ཚེ་སྲོག་བཟས་ན་ཡང་།།
སྙིང་སྟོབས་གོ་ཆ་ཆེན་པོའི་ངར་ཤུགས་ཀྱིས།།
གདུང་བ་བདེ་བའི་དཔལ་དུ་བསྒྱུར་བྱས་ནས།།
མུ་མཐུད་སེམས་ཀྱིས་དམིགས་དོན་ཆད་མེད་གྱེར།།
·
དམར་རྗེན་བྲང་ཁ་ལེབ་མོའི་ངོས་ཁ་ན།།
མེ་ལྕེ་དམར་པོས་བཙན་ས་བཟུང་པའི་ཚེ།།
སྐད་ཅིག་ཐ་མའི་དབུགས་ཀྱི་རྒྱུ་བས་ཀྱང་།།
ལས་དབང་རྒྱང་འབོད་བྱས་པའི་སྐད་ངག་འབྱིན།
རུས་པ་མཁྲེགས་པ་ཨ་རོགས་ཁམས་པའི་བུས།།
ཕ་ཁུས་དགྲ་རྒོལ་བྱས་པའི་རྗེས་ཤུལ་ན།།
དོན་དངོས་གནས་ལུགས་རྙེད་པའི་རྟོགས་སད་ཀྱིས།།
རིན་ཆེན་ཚེ་སྲོག་སྐྱིད་སྡུག་ཁ་ཐེག་བྱས།།
·
ཚེ་སྲོག་བསྲེགས་སྦྱོར་བྱས་པའི་གོ་རིམ་གྱིས།།
གོ་ལའི་མིག་སྔར་གངས་རིའི་སྐྱོར་གར་བསྐྱལ།།
དོན་དངོས་སྐྱོ་གར་རྙེད་པའི་སྤྱན་ཅན་ཚོས།།
ཁྱེད་ཀྱི་སྐྱོ་བ་འཐུང་བཞིན་སྐྱོ་བ་གླེང་།།
·
མནར་གཅོད་ལན་དུ་ཕན་པ་བཏང་པ་ཡི།།
མི་དབང་སྤྱན་རས་གཟིགས་ཀྱི་ཕྱག་རྒྱ་འོག།
སྡང་བ་ཁོག་ཏུ་བཞུགས་པའི་དགྲ་བོ་ལ།།
རང་གི་ཚེ་སྲོག་དྲན་གཟོའི་སྐྱེས་སུ་འབུལ།།
·
ཚེ་སྲོག་ཕྱེ་མར་འཐག་པའི་ཁང་ཞིག་ནས།།
ལྷེམ་པའི་རྣམ་ཤེས་གནས་གཞི་སྤོས་པའི་ཚེ།།
དམ་ལ་བཏགས་པའི་འབོད་ཚིག་གཉིས་པོ་ལ།།
ཕྱིར་བལྟས་བོར་བཞིན་ཁོག་ཏུ་གཅུན་ནས་སོང་།།
དེའི་ཚེ་སྤྲིན་ཐོག་འཁོད་པའི་རྒྱལ་བ་ཡིས།།
བདེན་པ་བདེན་པར་བདར་པའི་སྲང་མཐིལ་ནས།།
བདག་མེད་རྣམ་ཤེས་བདག་ཏུ་བཟུང་བྱས་ནས།།
སླར་ཡང་གངས་རིའི་བདག་པོའི་དབང་བསྐུར་ཐལ།།
·
འབྲས་སྤུངས་བློ་གསལ་གླིང་འདུ་ཁང་གི་རབ་གསལ་ཁང་དུ་རྩོད་རྒྱུགས་ཀྱི་བར་གསེང་དུ་བྲིས། ༨ ༢༠ཉིན།
·
ཚེ་སྲོག་འདིའི་བྱས་རྗེས་ལ་མཐའ་ཡོད་པ་མ་རེད། སྙིང་ནས་གུས་འདུད་ཞུ།
༄༅།།སྐུ་ཞབས་ཚེ་དབང་ནོར་བུ་མཆོག་བོད་མི་རྣམས་་སྡུག་བསྔལ་ལས་སྐྱོབ་པའི་ཆེད་རང་སྲོག་དོར་བར་སྙིང་དབུས་ནས་མཆོག་གསུམ་ལ་གསོལ་འདེབས་ཞུ་རྒྱུ་ཆོལ་གསུམ་བོད་མིའི་ད་ལྟའི་ལས་འགན་དུ་མངོན།།
ས་གསུམ་གྲགས་པ་འབར་བའི་གངས་ཅན་ཡུལ།།
དུས་མཐའི་རླུང་དམར་ཞིག་གིས་འཇིག་ཉེན་བྱུང་།།
གང་གི་བུ་རྒྱུད་སྙིང་སྟོབས་དཔའ་ཆེ་བས།།
བདེན་དོན་རྩོད་ཆེད་ཚེ་སྲོག་ཕུལ་དེར་དུད།།
དྲ་གནས་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་འབའ་སྐལ་ལགས་ཀྱིས་ཚིག་དོན་གཉིས་ནས་ཐོད་བརྒལ་གྱི་རྩོམ་རྩལ་ཚད་མཐོན་པོ་ཞིག་བཞེངས་འདུག་པས་ཡི་རངས་ཞུ།