ཐོར་རྒོད་པ་སྤྱན་ཆབ།
རྩལ་ལ་གཏད་པ་ཞིག
བློ་ཡིས་བཏབ་པ་ཞིག
བཅད་པ་ཞིག མཐུད་པ་ཞིག
ཆོ་འཕྲུལ་མ་ཡིན་པའི
སྒྱུ་རྩལ་མ་ཡིན་པའི
མཛེས་རིས་ཀྱི་དོད་དུ
ཆུ་རིས་ཀྱི་དབྱིབས་སུ
སེམས་དང་སེམས་ལ་སིམ་པ་དེ
རྐང་དང་རུས་པར་ཟུག་པ་དེ
ཡིད་ཆེས་ཐེངས་ཤིག་གི་མིའི་སེམས་དྲོད་དོ
01:40 20/08/2011
རྒོལ་སྟངས་གཞན་ཤིག
རྐང་ལག་རྐྱོང་ཐེངས་དང
རྐང་ལག་སྐུམ་ཐེངས་དེས
སྔུར་དབྱངས་འཐེན་སྟངས་དང
གཉིད་བཤད་མཐོ་སྟངས་དེས
ཤ་ལྷོད་སེམས་ལྷོད་ཀྱི་རང་དབང་སྒྲུག་གིན་འདུག
01:46 20/08/2011
ཡིད་ལ་གཅུགས་པ།
ལག་ཟུང་གི་སེར་ག་དང་དེའི་ཟབ་ཚད
སེམས་ཀྱི་གཏིང་ལ་ཕོག་པ་ནས
ངས་ཁྱོད་ཀྱི་སྤྱན་ཆབ་ཧུབ་ཀྱིས་བཏུང་བཞིན
ངས་ཁྱོད་ཀྱི་བཀའ་བཀྱོན་གླུ་རུ་སྒོམ་བཞིན
དབང་ལ་དབང་བརྡ་སྤྲད་ཅིང་དམ་ཚིག་མནའ་ཡིས་མནན་ཡོད
01:50 20/08/2011
མི་ཡི་སེམས།
ཉི་མ་ནུབ་པར་བསམ་བསམ་རྗེས
རང་ཉིད་གློ་བུར་དུ་ལྟོག་སྣང་སྐྱེས
མིག་སྐྱིབས་ལྟ་བུའི་མུན་པ་དེས་ཀྱང
ས་རྩིད་ལྟ་བུའི་སྐྲ་ལོ་དེས་ཀྱང
ངོ་གདོང་ཡོད་ཚད་མུན་པས་གླན་སྣང་སྐྱེས
གློ་སྙིང་ཐམས་ཅག་སེན་མོས་བྲད་སྣང་སྐྱེས
མི་སེམས་འདི་གཡོ་བ་རླུང་དང་འདྲ་བྱུང
མི་སེམས་འདི་བརྟན་པ་རྟེན་དང་མཚུངས་སོང
02:02 20/08/2011
གཉའ་མནན་པ།
མགོ་བོ་སྔས་སུ་བཞག་པ་དེས
མི་སེམས་ཕྱི་ལ་འཁྱམས་པ་དེས
སྡུག་ཡས་དང་གོ་རིམས་ཤིག་ཟིན་སོང
མནར་གཅོད་དང་ཁྲིམས་ཆད་ལྟ་བུའི
འཇིགས་སྐུལ་ཀྱི་རྨི་ལམ་ལྟ་བུའི
དབུ་ལྕོག་ལྡེམ་སྟངས་དེ་ཟིན་སོང
02/43 08/20/2011
ཨ་ཁུ་འཇིགས་མེད་བོར་བརླག་ཤོར་བའི་གཏམ་ནག་རྣ་ཡི་ཚེར་མ།
བླ་བྲང་ཨ་ཁུ་འཇིགས་མེད་ལགས། ཉིས་སྟོང་བཅུ་གཅིག་པའི་སྤྱི་ཟླ་བརྒྱད་པའི་ཚེས་པ་ཉི་ཤུ་ཉིན་གྱི་སྔ་དྲོར། གཙོད་གྲོང་ཁྱེར་གྱི་མགྲོན་ཁང་ག་གེ་མོ་ཞིག་ཏུ་གློ་བུར་གར་སོང་ཆ་མེད་དུ་གྱུར་སོང་སྐད།
ཨ་ཁུ་ཁོང་ཉིད་སོས་དལ་བག་ཕེབས་སྐབས་བདག་ལ་འབྲེལ་འདྲིས་དང་ཁམས་འདྲི་གང་རིགས་གནང་མཁན་གྱི་མི་ཞིག་ཡིན་འདུག ཏག་ཏག་ཁོང་གི་དབུ་ཐོག་ཏུ་གནམ་རྡོ་མགོ་ལྷུང་གི་ཆག་སྒོ་བྱུང་སྐབས། སྐྱིད་ལ་འབོད་དགོས། སྡུག་ལ་འགྲོ་དགོས་ཞེས་པའི་བོད་པའི་ཁ་དཔེ་ལྟར། རྟ་བོར་ལ་ར་མདའ་དང་མི་བོར་ལ་བཙལ་ཞིབ་ཀྱི་ཚུལ་དུ་ཚིག་འགས་རོགས་ར་མདའ་ཡང་མ་བཏང་བ་ཡིན་ན་ནི། རང་གི་རྒྱུ་འབྲས་བློ་མིག་གིས་ཀྱང་ཇི་ལྟར་བཟོད་ཨང་།
ཨ་ཁུའི་གནས་ཚུལ་གསལ་ཁ་ཐོན་པ་ཤེས་མཁན་འདྲ་བྱུང་ན། དུས་ལྟར་བརྡ་ལན་རེ་ཅིས་ཀྱང་སྤྲོད་གནང་ཡོད་པར་མཁྱེན།
འཇམ་དབྱངས་སྐྱིད་ཀྱི་ཟིན་བྲིས་ལས་བཤུས། http://www.sangdhor.com/blog_c.asp?id=4381&a=menzhu