བོད། ལྷ་ཀླུ་གཉན་གསུམ།
ཤི་དང་གསོན་གྱི་བར་ན་སྙན་ངག་ཞིག།
ཚུར་ལ་གྱེར་བ་ང་ཡིས་ཐོས་ན་ཡང་།།
ཁྱེད་ལ་བྲིས་པ་མང་བ་མ་ཤེས་པར།།
མི་ལོ་མང་བོ་ནུབ་ཁའི་ཉི་མའི་སྤུན།།
མུན་ནག་ནང་དུ་རང་རློམ་ལྕི་མོ་ཞིག།
གྲུབ་མའི་རྒྱབ་ན་རང་སྡུག་ཐོལ་བ་ཞིག།
འཚོ་བའི་གསེང་ན་མྱ་ངན་མཐའ་མེད་ཅིག།
སེམས་ཀྱི་དཀྱིལ་ན་ཚོར་བ་ནག་པོ་ཞིག།
ཕར་ལ་འཁོར་དུས་མི་ཡི་གཟུགས་སུ་ཡོད།།
ནང་ལ་བལྟས་ན་གདོན་གྱི་བདག་པོ་ང་།།
མི་ལོ་སུམ་བཅུའི་ཐེམ་སྐས་བརྒལ་ན་ཡང་།།
རིགས་པའི་ལོ་ཚད་ད་དུང་བྱིས་པའི་སྐྱོ།།
ཞག་གསུམ་མཛའ་མོ་མེད་ན་མི་བཟོད་ལ།།
ལོ་གསུམ་སྙིང་གཏམ་མེད་ན་མི་སྐྱིད་པ།།
དུས་གསུམ་སྔ་ཕྱི་མེད་ན་འགག་འགྲོ་བ།།
མི་ལུས་སྐྱུར་མོ་འདི་ལ་སེམས་ཁྲལ་མང་།།
རིགས་ཀྱི་རུས་པ་དཀར་པོར་ནག་ཐིགས་བཏབས།།
སེམས་ཀྱི་འདུན་པ་རྒོད་པོ་རླུང་གིས་ཟོས།།
སྙིང་གི་གཅེས་པའི་མི་ཞིག་རིང་དུ་ལུས།།
ཚེ་ཡི་ལམ་འགྲོ་ཟེར་བ་སྟོན་མཇུག་ལོ།།
བྲིས་ན་འདོད་ཀྱང་ཡིག་རྩལ་ཞན་དྲགས་པ།།
བརྗོད་ན་འདོད་ཀྱང་ཁ་སྒོ་འགག་འགྲོ་བ།།
འགྲོགས་ན་བསམ་ཡང་འདྲིས་སའི་ཡུལ་མེད་པ།།
ས་མཐའི་བྱོལ་མ་ཞིག་གི་འཚོ་བ་སྐྱུར།།
ནམ་བླངས་ཉི་ཤར་ལས་ཀའི་ཆེད་དུ་རྒྱུགས།།
དཀའ་ཚེགས་འཕྲུལ་འཁོར་ལྟ་བའི་ལས་བྱས་ཀྱང་།།
རང་གཞན་གཉིས་ལ་ཕན་པའི་གསོག་དངུལ་མེད།།
ཤ་སྐམ་རུས་སྐམ་གྱུར་བ་དོན་སྟོང་གྱུར།།
དལ་མོའི་ངལ་ཞིག་གསོ་ས་ང་ལ་མེད།།
ལྷོད་མོའི་གཞས་ཤིག་ལེན་པའི་ངག་མི་བདེ།།
སྙན་ངག་ཁ་ཆལ་འགའ་རེ་དྲ་ངོས་སུ།།
འབྲི་བ་དེ་ནི་རང་གི་སྐྱིད་དུ་བཀུར།།
༢༣།༨།༡༡ལ་བྲིས།
ཁྱེད་ཀྱིས་ངོ་མ་བྲིས་སོང། མོད་པོ་བྲིས་སོང། ངོ་མ་་་་་
ང་ཚོའི་པེན་མཐུན་ཚོགས་ཀྱི་སྙན་དངགས་ཕྱོགས་སྒྲིག་ནང་ལ་སྙན་རྩོམ་འདི་བཞག་ན་འདོད། ཡང་ན་གཞན་ཞིག་སྐུར་ཡང་ཆོག ངོ་སྤྲོད་ཅིག་དང་མཉམ་དུ།
chapbrag@gmail.com
སྙན་ངག་པ་རྣམ་པས་གློག་འཕྲིན་དེའི་ཐོག་ལ་སྙན་ངག་གི་ཞལ་འདེབས་ཡོད་ན་མྱུར་གཏོང་འཚལ་ཟླ་འདིའི་ཟླ་མཇུག་ནས་ཡོངས་སུ་མཇུག་རྫོགས་ཀྱིན་ཡོད།
ལྷ་མོ་སྐྱབས་ལགས། འདི་འཁུར་ནས་སོང་ན་འགྲིག་གི་ཡོད།
འེ་གྲོགས་བཟང་པོ་ས་མཐའ་ནས་སེམས་མ་སྐྱོ་རང་བདེ་མོ་ཡིན་ནམ།
རིགས་ཀྱི་མྱུག་གུ་གཉིས་བ་དེ་འཁྲུངས་འེ་སོང་རང་གིས་མཛའ་མོ་ལ།
དེང་སང་ག་རེད་གནང་གིས་ཡོད་ངས་རང་ལོ་རྒྱུས་ཟིན་དེའི་མཇུག་ལ་སྐོམ་བ་ཆུ་བཞིན་སྒུག་ནས་ཡོད།
འོན་དེའི་བར་ཡང་རང་གིས་ལྷག་བསམ་གཞུང་དྲང་དང་ཤ་ཁྲག་རེས་གསེང་ནས་ཛག་བའི་བྲོ་བ་ཅན་གྱིས་རྩོམ་འགའ་གློག་རྒྱུ་བྱུང་བའི་སྙིང་ནས་གུས་བཀུར་ཞུ།།
རང༼གི༽ལོ་རྒྱུས་ཟིན༼ཐོ༽འོན༼ཀྱང༽དེསབར༼ལའང༽རས༽་འདི་དག་ཆད་ཡོད་བ་འདྲ་དགོངས་དག།།
རྨ་ཆུ་སྐལ་བཟང་ལགས། ཉིད་ནས་བདག་གི་ཟིན་བྲིས་མུ་འགོད་དེ་དུས་ལྟར་དོ་སྣང་ཆེན་པོས་ཀློག་པ་དེར་དགའ་གུས་ཚད་མེད་ཞུ། བདག་གིས་མུ་འགོད་ཟིན་བྲིས་དེ་ནི་ད་ལྟ་བསྟུད་མར་འབྲི་བཞིན་ཡོད། འོན་ཀྱང་། ཟིན་བྲིས་སུ་སྤེལ་མཚམས་འཇོག་དོན་ནི། ནམ་ཞིག་དེབ་ཀྱི་གཟུགས་སུ་དཔར་བསྐྲུན་བྱེད་པར་འབད་པར་བསམ་གྱི་ཡོད་ལགས། དེ་དོན་ཐུགས་འཇག་ཡོད་པ་ཞུ། དེབ་གཟུགས་སུ་ག་དུས་དཔར་དུ་བཏབས་པ་ཡིན་ན། དེ་དུས་དྲ་ངོས་བརྡ་ཁྱབ་གཏོང་ཆོག
གྲོགས་པོ་ལགས། སྙན་ཚིག་འདི་ང་ཚོར་ཞལ་འདེབས་སུ་འབུལ་རོགས་ཞུ།
ལྷ་མོ་སྐྱབས་ལགས། གོང་དུ་ཡང་ཉིད་ལ་ལན་ཞུས་ཡོད། འདི་འཁུར་ནས་སོང་ན་འགྲིག་གི་ཡོད་ལགས།