སྙན་བཟང་གཡུང་དྲུང་ཚེ་རིང་།
གོ་ལའི་ཁམས་འདིར། འཚེ་སྦྱོར་གྱི་འཇིགས་སྣང་གིས་རི་བོ་དང་གཙང་པོར་རྒོལ་ཞིང་།
འགྲོ་བ་དག་གིས་མུན་ལྗོངས་རིང་མོ་ཞིག་ལུས་ལ་གྱོན་ཏེ་འཚོ་དགོས་བྱུང་བས།
རྟེན་འབྱུང་གི་ལྟ་བ་དང་། སྔོན་བསགས་ཀྱི་ལས་སྣང་བཙན་པོ་དེའི་དབང་གིས།
རྒྱལ་སྲས་ནག་པོ། ཁྱེད་ཀྱིས་ས་ཆེན་གྱི་ཐོང་ག་ནས་ཞི་བའི་མར་མེ་སྦར་ཞིང་།
མུན་པའི་ཁམས་འདིར་ཐོ་རངས་ཀྱི་ནམ་ཟླ་བསུ་བཞིན་ཕེབས་དགོས་བྱུང་།
ནུས་མེད་ཀྱི་སེམས་ཅན་འདི་ཚོ་དང་། མགོན་མེད་ཀྱི་དྭ་ཕྲུག་འདི་ཚོས།
རང་ཉིད་ཀྱི་ཁུར་བོ་རང་གིས་མི་ཐེག་པའི་དཀའ་ཚེགས་ཀྱིས་འོ་དོད་འབོད་ཅིང་།
ངལ་བ་ཁྲི་ཕྲག་གིས་དྲངས་པའི་ན་ཟུག་གིས་འགྲེ་ལྡོག་ཡང་ཡང་རྒྱག་པས།
སྐད་ཅིག་སྐད་ཅིག་ལ། བྱམས་དུངས་དང་སྙིང་རྗེས་ཁ་ལོ་བྱེད་ཀྱིན།
ཆེ་ཆུང་གི་ངོ་བོ་དབྱེར་མེད་དུ་འདྲེས་པའི་སེམས་ཅན་འདི་ཚོར་སྒམ་ཚུགས་ཀྱིས་གཟིགས་ཏེ།
གཡོ་བ་མེད་པར། ཡོད་ཚད་ལ་བདེ་བ་བླུད་ཀྱིན་བདེ་བའི་ཞིང་འཁོར་བཞེངས་པར་བྱེད།
འཁོར་ལོ་ལྟར་འཁོར་བའི་འཁོར་བ་འདི་ཟག་བཅས་ཀྱི་རང་བཞིན་ཅན་དུ་གྱུར་པས།
རྒྱལ་སྲས་ནག་པོ། ཁྱེད་ཀྱིས་གང་ཟག་དག་ཅི་ཙམ་གྱིས་བདེ་ལམ་དུ་ཁྲིད་ནའང་།
མཐའ་བཞི་ཀུན་ཏུ་དེ་བཞིན་གྱི་སྡུག་བསྔལ་འབྱམས་པར་གྱུར་པའི་ཆོས་ཉིད་ཀྱིས།
ཁྱེད་ཀྱིས་གསལ་ལྷང་ལྷང་གིས་ཟས་གཙང་སྲས་པོའི་སྡོམ་ཚིག་གསལ་པོར་བཀྲལ་ནས།
སྙིང་རྗེ་ཡོད་ཚད་ཀྱིས་ཚང་མ་རང་ཉིད་ལྟར་རྒྱལ་སྲས་ཤིག་ཏུ་འགྱུར་འདོད་ཆེ་བས།
ཁྱེད་ཀྱིས་ཚད་མར་གྱུར་ཅིང་སྙིང་ལ་བརྣག་པའི་གསུང་གི་ལེགས་བཤད་རེ་རེ།
སྐྱོ་སྣང་གིས་བཀྱགས་པའི་འཇིག་རྟེན་དང་། སེམས་ཅན་ཚོའི་རྣ་བར་ཡང་ཡང་སྒྲོག
འཇིག་རྟེན་འདི་ནས། གང་ཟག་གང་མང་གིས་འཁོར་བའི་སྙིང་པོ་སེམས་ཀྱིས་མ་གཅུན་ཞིང་།
རང་ཉིད་ཀྱི་ལན་ཆགས་བཀྲུ་བར་བཟོད་སྒོམ་དང་བྱམས་བརྩེས་སྟོང་པས།
སེམས་པ་འགུལ་སྟངས་རེ་རེ་དང་། དེ་ལས་བརྡོལ་བའི་ཧམ་སེམས་རེ་རེས།
ཕ་བུ་ནང་འཁོར་གཟི་བརྗིད་ཀྱིས་གསོད་ཅིང་། དམར་ནག་ཁྲག་གི་ཤ་འོད་བརྡོལ་བས།
རྒྱལ་སྲས་ནག་པོ། ཁྱེད་ཀྱིས་ཞི་བ་དང་བྱམས་པ་ཕྱག་མགོར་བཀྲུས་ཏེ།
མ་དག་པའི་གང་ཟག་འདི་དག་གི་མགོ་ལ་བྱིལ་བྱལ་གྱིས། དག་པའི་ཁ་ཕྱོགས་དེར།
ཕྱག་མཛུབ་ནན་གྱིས་བཀེར་ཞིང་། ཐབས་ཤེས་ཟུང་གིས་ཡོད་ཚད་སྲུང་།
ད་དུང་། འཁོར་བའི་ཞིང་དུ། བདག་འཛིན་གྱི་དུད་སྤྲིན་ནག་པོ་མུན་པའི་ཚུལ་གྱིས་རྒྱུ་བས།
གང་ཟག་དག་གིས་སྨུག་ཞགས་ཁྲོད་ལག་པ་ཡང་ཡང་བསྲིངས་ཤིང་།
ཅི་ཞིག་འཐོབ་འདོད་ཀྱིས་སེམས་པ་རྩི་ཤིང་བཞིན་འདར་བཞིན།
སྐར་ཆ་རེ་རེར་དབུགས་རིང་འདེབས་ཤིང་། འོ་དོད་རྒོད་པའི་འགྲོ་བ་འདི་ཚོར།
ཁྱེད་ཀྱིས་བཙན་ཁ་ཐག་པའི་བྱིན་རླབས་ཀྱི་རོལ་རྩེད་ཀྱིས་ཡར་ལ་འདྲེན་ཅིང་།
ཡོད་ཚད་སྐྱོང་བ་ལ། བྱམས་དུངས་ཀྱི་ཕྱག་རྒྱ་ལན་མི་ཆད་པར་གཡོ།
ཀྱེ་མ། འགྲོ་བའི་ཁམས། འཁོར་བའི་ཞིང་། གོ་ལའི་སྟེང་འདིར།
རྫས་མཚོན་གྱི་སྙིང་ལ་ང་རྒྱལ་ཞུགས་པའི་རྫུ་འཕྲུལ་གྱིས་སྲིད་པར་རྨ་ཁ་བཟོ་ཞིང་།
མི་རྣམས་ཉི་ནུབ་ཀྱི་འཁོར་བསྐྱོད་ཁྲོད་སོ་ཁ་ཐག་ཐག་གིས་ངལ་བས།
འགྲོ་དྲུག་ཀུན་མཁྱེན་ས་ལམ་མ་བཀོད་དེ་སྲིད་སྲིད་པ་མི་གཏོང་བར་བདེན་ན།
རྒྱལ་སྲས་ནག་པོ། ཉམ་ཆུང་གི་འགྲོ་བ་དང་། ནུས་མེད་ཀྱི་དུད་འགྲོ་འདི་ཚོར་གཟིགས་ཏེ།
ཁྱེད་ཀྱིས་འཇིག་རྟེན་སྐྱུར་ཏེ་ཕེབས་མི་འོས་ཤིང་།
འཇམ་པའི་ངག་དང་། ཞི་བའི་ཉམས། བརྩེ་བའི་ཐུགས་བཅས་ཀྱིས།
འགྲོ་བ་འདི་དག་མཐའ་ནས་སྐྱོང་རོགས།
གང་ཟག་འདི་ཚོར་ཁ་ཕྱོགས་ཡང་དག་ཅིག་སྟོན་རོགས།
མིག་གིས་བལྟས་ཟིན། སེམས་ཀྱིས་མྱངས་ཟིན། ད་དུང་ཡོད་དམ།