བདེ་ཆེན་སྒྲོལ་མ།
མཚན་མོ་ནི་མཚན་མོ་ཡིན་པས།
མཚན་མོ་ལ་རིང་ཐུང་ཞིག་གང་ནས་ཡོད།
་་་་་་་་་་་་་་་་་་ཁ་བྱང་གི་གསང་བ།
ཀ
ཁ་སང་དེ་རིང༌། ཉི་མ་དང་རྡ་སའི་བར་ཐག་ཇེ་རིང་ཇེ་རིང་རེད།
གཅིག་བྱས་ན་བདག་གི་བསམ་ཚུལ་ནོར་ཡོད་སྲིད།
གནས་ལུགས་སྟོང་ཉིད་ཀྱི་མིག་ནང་ནས། མི་རིགས་དང་རྒྱལ་ཁབ་ག་ལེར་བོར་འགྲོ་དུས།
མཚན་མོ་རིང་དུ་རིང་དུ། ལོ་དང་ཟླ་བར་འདྲེས་སོང༌།
ཁ།
སྐུ་ངོ་ཚོས། རྐང་པ་རྡ་ས་དང་མགོ་བོ་ཨ་རིར་བཞག་དུས་དང༌།
འཇོན་པོ་ཚོས། དབྱངས་གསལ་སོ་བཞི་ཡི་ཞིང་སར་ABCDཡི་ས་བོན་འདེབས་དུས།
མཚན་མོ་རིང་དུ་རིང་དུ། ལོ་དང་ཟླ་བར་འདྲེས་སོང༌།
ག
ས་འདི་ནས། མང་པོ་ཞིག་གིས་ཁ་མི་གྲགས་པ་དེ་ཡག་རྟགས་ཤིག་མ་རེད།
ལྐུགས་པ་མིན་པའི་ཁ་མི་གྲགས་མཁན་དེ་ཚོ།
དངོས་གནས་སྐྱག་པ་ལ་ཐུག་ན་སྐྱག་འབུ་དང༌།
ལྕི་བ་ལ་ཐུག་ན་ལྕི་འབུ་རེད་འདུག
མཚན་མོ་རིང་དུ་རིང་དུ། ལོ་དང་ཟླ་བར་འདྲེས་སོང༌།
ང༌།
མང་མང་གིས་ཟླ་འོད་ཀྱང་མི་མཐོང་བའི་མཚན་མོ།
མི་སྐོར་ཞིག་གིས་ཟླ་བའི་ནང་གི་རི་བོང་གི་བཟོ་དབྱིབས་དང་མཛེས་སྡུག་གླེང་གིན་འདུག
རྒད་པོ་ལོ་ལོན་དང་བྱིས་པ་བསམ་མེད་ཚོས།
བླ་མའི་ཡོན་ཏན་ཟེར་བཞིན་ཐོད་པ་ས་ལ་བརྡབས་སོང༌།
མཚན་མོ་རིང་དུ་རིང་དུ། ལོ་དང་ཟླ་བར་འདྲེས་སོང༌།
ཅ།
ཁ་སང་༧གོང་ས་མཆོག་གིས་གསུངས་པའི་བཀའ་སློབ་དེ།
དེ་རིང་མི་དམངས་ཀྱི་མགོ་བོ་རྡུང་བྱེད་ཀྱི་ཐོ་བར་གྱུར་འདུག
བཀའ་བློན་གྱི་རྐུབ་སྟེགས་མཐོ་དྲགས་པའི་སྒང་ལ།
གདོང་ལ་འཛུམ་མདངས་ཀྱང་བཞི་ལྔ་བརྩེགས་རེ་གྱོན་པས།
ལས་བྱེད་ཚོས་མི་ལོ་གསུམ་ལ་བཀའ་བློན་གྱི་བཞིན་རས་ངོ་མ་མཐོང་མ་མྱོང་ཟེར།
མཚན་མོ་རིང་དུ་རིང་དུ། ལོ་དང་ཟླ་བར་འདྲེས་སོང༌།
ཆ།
དགེ་རྒན་མིན་པའི་དགེ་རྒན་མང་པོ།
དགོན་པ་བརྒྱུད་ནས་སློབ་གྲར་སླེབས་སོང༌།
ཁོང་ཚོས་དགོན་པ་ནས་མི་ཆོག་པ་སློབ་གྲས་ཀྱང་མི་ཆོག་ཟེར།
མཚན་མོ་རིང་དུ་རིང་དུ། ལོ་དང་ཟླ་བར་འདྲེས་སོང༌།
ཇ།
ཁོ་མོས་འགྲོ་ཞོར་དུ་ང་ལ་འགྲམ་ལྕག་ཚ་བེར་བ་ཞིག་གཞུས་སོང༌།
སྐད་ཆའི་འགྲམ་ལྕག་དེ་དངོས་གནས་སྙིང་ལ་གཟན་པ་ལའང༌།
ཝེ། ཁྱོད་ཀྱིས་སྙུ་གུ་སྒུལ་ཤེས་པ་ལས་ཅི་ཞིག་ཤེས།
ཙོང་དང་ཀྲུ་མ་ཀྲོ་གཏུབ་ཨེ་ཤེས་ཟེར།
མཚན་མོ་རིང་དུ་རིང་དུ། ལོ་དང་ཟླ་བར་འདྲེས་སོང༌།
སྐད་ཆའི་འགྲམ་ལྕག་ཞུས་ན་སྙིང་ལོས་གཟན་བཏམ་ལ་མཚོན་ཆ་མེད་ཀྱང་མིའི་སྙིང་དུམ་བུར་བཅད་ཅེས་བཤད་སྲོལ་ཡོད་དེ་འདྲ་སོང་མ་འོང་པར་ཁྱེད་རང་ནས་མིའི་སྙིང་དུམ་བུར་གཅོད་བྱེད་ཀྱི་སྐད་ཆའི་མཚོན་ཆ་མི་འཕེན་པས་རེ་བ་ཞུ་བཞིན་མཆིས།།
མཚོན་མོ་རིང་དུ་རིང་དུ་འགྲོ་དུས་ཉིན་མོ་ནི་དུས་ཡུན་ཐུང་དུ་ཐུང་དུ་འགྲོ་རྒྱུ་མིན་འགྲོ།
སྐོམ་པ་ཆུ་འཕྲད་པའི་རྣམ་པ་ཡིན་ཚུལ་ཟེར་་་་་་་་་རེ་འདོད་ཡིད་བཞིན་ཡིན་ཚལ་་་་་་་་་་་
བདེ་ཆེན་སྒྲོལ་མའི་མཚན་མོ་རིང་བར་མཐོང་སྟངས་ལ་བལྟས་ན་མོ་རང་གི་ཆོ་ག་གནས་སྐབས་རིང་གཞན་ཞིག་ཏུ་ལས་དོན་གང་ཞིག་སྒྲུབ་པའི་ཆེད་དུ་སོང་ཡིན་པར་འདྲ། བདེ་སྒྲོན་ལགས། ཞག་ཤེས་སྡུག་རུས་རྒྱོབས་ནས་ལུས་སེམས་གཉིས་ཀའི་ཐོག་ནས་གཙང་མར་སྒུག་ཤོག་ཨ།
ཁོང་ཡུན་རིང་མི་ཐོག་པའི་སྨོན་ལམ་ཡོད།
ཧ་ཧ།
དྲང་གཏམ་ལགས། བདེ་ཆེན་སྒྲོལ་མ་ནི་ཕོ་མཚན་ཡོད་པའི་བུད་མེད་དེ་འདྲ་རེད། སྐྱེ་དམན་སྒུག་བཞིན་ཡོད་ན་ལས་ཁྱོ་ག་སྒུག་བཞིན་མེད་པ་ཁོ་ཐག་ཡིན། ཧཧཧཧཧཧཧ
ཨ་རོ་བོན་རྒྱས་ཁྱོའི་སྙན་ངག་འདི་ཅིག་རྐུས་ཡོད་ཀི་ར། ཨ་མ་འདི་བཀླགས་དུས་གཞི་ནས་བྲོ་བ་ཚོར་སོང་།
སྙན་ངག་ལའང་རང་ཚུགས་ཀྱི་སྐད་ཆ་བཀོལ་སྟངས་ཤིག་ཡོད་པ་ལས། ཉིད་ཀྱི་རྩོམ་འདིར་ཚིག་འགྲོས་ཀྱི་བར་མཚམས་དུམ་བཅད་བྱས་ཡོད་པ་ཙམ་ལས་སྐད་ཆའི་བཤད་འགྲོས་ལ་གསར་འགྱུར་དང་འབོལ་རྩོམ་གྱི་ཆ་ཞིག་མངོན་ནས་ཡོད་པ་འདིས་སྙན་ངག་གི་སྒྱུ་རྩལ་ཆ་ཞིག་ཡལ་ནས་ཡོད་པར་མཐོང་བ་ནི་ཉིད་ཀྱི་རྩོམ་ཡིག་འདི་བཀླགས་པའི་མྱོང་ཚོར་ཡིན། མ་གཞི་གནས་སྟངས་འདི་ནི་དེང་སྐབས་ཀྱི་སྙན་ངག་འབྲི་མཁན་མང་པོ་ཞིག་གི་ནད་ཡམས་ལྟ་བུ་རེད། རྩེ་སྐར་གྱིས།