བོད། ལྷ་ཀླུ་གཉན་གསུམ།
དངོས་ནས་བདག་གི་བུ་ཆུང་ཁྱོད
ཡོང་ལ་ཉེ་བ་ཡིན་ནམ
ཁྱོད་ཀྱི་ཨ་མས་བཤད་ན
ང་ལ་གྲྭ་སྒྲིག་བྱོས་ནས་བསྡོད་ཟེར
མོ་རང་རླངས་འཁོར་གྱི་ཁ་ལོ་བ་རེད
ད་དུང་ ཁྱེད་ཀྱི་ཨ་ཅེ་ཐར་མ་མཚོ་ཡང་ཡོད
དེ་བས་ག་ལ་ཚད ཁྱེད་ཀྱི་ཨ་མྱེ་ལ་རས་ཀྱང་ཡོད
ཁྱོད་ཀྱིས་རང་གི་དྲིན་ཆེན་མ་ལ་དཀའ་ལས་མ་བཟོ
ཕ་རྒན་ངས་འདི་ན་སྒུག་ཡོད
ཁྱེད་རང་ཡོང་བར་སྒུག་ཡོད
འཇིག་རྟེན་ཁམས་ཆེན་མོ་འདིར་གོམ་པ་འཇོག་པར་སྒུག་ཡོད
རེ་བས་བལྟས་དེ་ཡོད སྐྱེ་བ་དོན་ཡོད་པ་ཞིག་ཡོང་བར་ཤོག
མི་ལུས་བླངས་པ་དོན་གོ་ཡོད་མཁན་ཞིག་འཁྱོངས་པར་ཤོག
ཕ་རྒན་ངས འདི་ན་རྟེན་འབྲེལ་བསྒྲིགས་བཞིན་ཡོད
ཁ་གཡང་འབོད་བཞིན་ཡོད
སྙིང་གི་བུ་ལོ་ཆུང་ཆུང་ ད་དུང་ ཁྱེད་ལ་མིང་ཡང་མེད
ངའི་རེ་བ་ལ ཁྱེད་ཀྱིས་རང་གི་མིང་ཡང་འཁུར་ནས་ཤོག
ཁྱེད་ཀྱིས་མི་ཡུལ་འདི་ལ་ཞི་བདེ་དང་སྤྲོ་སྐྱིད་ཅིག་འཁྱེར་ནས་ཤོག
ཁྱེད་ཀྱི་ཨ་མས་རླངས་འཁོར་གཏོང་བཞིན་ཡོད་ཟེར
ཁྱེད་རང་མ་རྒན་གྱི་གྲོད་ཁོག་ནང་དུ་འཕག་འཚག་བརྒྱབས
སྐར་མ་གཉིས་དང་གསུམ་གྱི་བར
ཁ་སང་ཉིན་བཀང་བོར ང་ཚོས་ཁྱེད་རང་ལ་སྒུག
དེ་རིང་ང་རང་ལས་ཀར་སེམས་ལྷོད་དུ་འབབ་ནས་སོང་མེད
གཅིག་བྱས་ན ཁྱེད་ཀྱི་ཨ་མས་ང་ལ་ཁ་པར་སླེབས་ཡོང་སྙམ
ལས་ཀ་གྲོལ་སོང་ གྲོད་ཁོག་ཡང་ལྟོགས་ཀྱི་འདུག
ལམ་ཁ་ནས ངས་ཁྱེད་ཀྱི་ཨ་མར་ཁ་པར་ཞིག་བཏང་
ཡོད་ཚད་བདེ་ལེགས་རེད་ཟེར དངོས་ནས་བཟང་གི
ངས་དེ་རིང་ཁྱེད་རང་མ་ཡོང་བ་རེད་སྙམ་ནས
སྤྱི་སྤྱོད་རླངས་འཁོར་དུ་བུད་ནས་ནང་དུ་འབྱོར
ཁ་པར་ཞིག་སླེབས་སོང་ ང་སྨན་ཁང་དུ་འགྲོ་བཞིན་ཡོད
དེ་ནི་ཁྱེད་ཀྱི་ཨ་མའི་སྐད་རེད
ང་རང་འཚབ་འཚུབ་དུ་གྱུར
ཁ་པར་སླེབས་ཐེངས་རེར
ངས་ཁྱེད་དང་ཁྱེད་ཀྱི་ཨ་མ་ལ་བདེ་ཐང་ཡོང་བར་སྒུག
ཁ་པར་ཡོང་བར་སྒུག སྒུག་སྒུག
ད་མགྱོགས་པོ་ཤོག་ཟེར་ནས་ཁ་པར་ཞིག་འབྱོར་ན་བསམ་བཞིན་ཡོད
༢༨།༨།༡༡།སྐྱེ་ལ་ཉེ་བའི་བདག་གི་བུ་ཆུང་གི་སྐོར་ལ་ཁ་པར་ཞིག་མཛའ་མོས་འབྱོར་ནས་ནང་དུ་ཁ་པར་སྒུག་ནས་བསྡད་ཡོད་སྐབས་སུ་ཤར་མར་བྲིས།
ལྷ་ཀླུ་གཉན་གསུམ་རང་རེད། ད་ཁྱོད་ཀྱི་མ་བུ་བདེ་ཐང་ཤོག་
ལྷོ་མོན་འབྲུག་རི་ལགས། ཕེབས་ནས་སྨོན་འདུན་ཞུས་པ་དང་ཁ་གཡང་བརྗོད་པ་དེར་དགའ་ནས་ཡོད། ད་དུང་སྐྱེ་མ་སོང་། ན་ཟུག་མ་གཟོད་པར་སྨན་ཁང་དུ་སོང་ནས་བརྟག་དཔྱད་གྲུབ་རྗེས་སྨན་པས་བཤད་ན། ཉིན་ཁ་ཤས་ཤིག་འགོར་ས་རེད་ཟེར། མཛའ་མོ་དང་བུ་ཆུང་བདེ་ཐང་རེད། བཀའ་དྲིན་ཆེ་ལགས།
ལྷ་ཀླུ་གཉན་གསུམ་ལགས་ཀྱི་རྩོམ་དམ་དུམ་མཐོང་མྱོང་འདུག་ཡིན་ཡང་ཁོ་བོས་འགོ་མཇུག་ཚང་
བ་ཞིག་ཀློག་མ་ཐུབ་མའི་རྐྱེན་གྱིས་མཆན་ཆུང་སོགས་འགོད་པའི་གོ་སྐབས་བྱུང་མེད་།དེ་རིང་ཁྱེད་
ཀྱི་རྩོམ་ཆ་ཚང་བཀླགས་པས་བྲོ་བ་ཡོད་པ་ཞིག་རེད།ཁྱེད་ཀྱི་ཕྱག་རྒྱ་མཛེས་མ་དེས་ཕྲུ་གུ་མཚན་
བཟང་ཞིག་སྐྱེ་རྒྱུས་ཁ་གཡང་ཡོད།
འཚུབ་དགའ་ལགས། ཁ་གཡང་བོས་པ་ལྟར་བཀའ་དྲིན་ཆེ། མི་རིང་བར་བུ་ཞིག་སྐྱེ་རྒྱུ་རེད། མཛའ་མོ་དང་བུ་ཆུང་གཉིས་ཀ་བདེ་བོ་འཚམ་པོ་ཡོང་བར་རེ་བ་རྒྱགས་ཞོར། དྲ་ཐོག་ལ་ཉུལ་ཁོམ་རེ་བཙལ་ནས་ཡོང་ཡོད་ཡ།
ཨ་ཨ་ཨ། ད་ཁྱོད་སྐྱ་སྟོང་ཟེར་ནོ་རེད་ཡ། བྱིས་པ་སྐྱེས་ལ་ཡོད་དུས་ལ་གློག་ཀླད་སྟེང་དུ་འཇུར་ནས་ཡི་གེ་འདྲ་བྲིས་མ་སྡོད་པར། རྒྱུགས་རྒྱུགས། མ་བུ་གཉིས་ཡོད་སར་རྒྱུགས། གཡས་ནས་སྐྱོར་དེ་གཡོན་ནས་ལོངས། གཡོན་ནས་རྒྱུགས་དེ་གཡས་ནས་བུད། བདུན་ཕྲག་ཁ་ལས་ལ་ཤུགས་རྒྱོབས་དང་། དེ་ནས་བྱིས་པས་ཨ་ཕ་ཟེར་ནས་བང་དུ་རྒྱུགས་ཡོང་གི་རེད། ཨ་ཕའི་ལོ་ལོ་ཟེར་ཞོར་དུ་དྲ་ལམ་དུ་ཕ་བུ་གཉིས་ཀས་ཨ་མ་ཁྲིད་ནས་ཤོག ཨ་མ་ཟེར་བུའི་ཨ་མ་ཁྲིད་ནས་ཤོག དེ་ནས་ངེད་ཚོས་ལ་མོའི་ལུང་གཏམ་བཤད་ཡ།
རྒྱལ་སྲས་ཞི་བ་ལྷས་སྨོན་ལམ་འདི་ལྟར་ཁྱོད་ལ་སྐུར་སོང་།
ལྷ་མོ་སྒྱུ་འཕྲུལ་ཇི་བཞིན་དུ།།
སྦྲུམ་མའང་གནོད་མེད་བཙའ་བར་ཤོག།
བླ་རྒན། ལྷ་མོ་སྒྱུ་འཕྲུལ་མས་རྒྱལ་བུ་གཞོན་ནུ་དོན་གྲུབ་དེ་གནོད་པ་མེད་པར་བཙས་པའི་ཁུངས་སྐྱེལ་ཅི་ཡོད། གནོད་པ་མེད་ན་བུ་སྐྱེས་ནས་ཞག་བདུན་གྱིས་ཨ་མ་གྲོངས་དགོས་དོན་མེད་ཀ ངས་བསམས་ན་བུ་སྐྱེ་མ་ཐུབ་པར་སྨན་པས་གྲོད་ཁོག་གཡས་པ་ནས་བུ་ག་ཞིག་བརྟོལ་ཏེ་རྒྱལ་བུ་ཕྱིར་བཏོན་རྗེས་ཁྲག་ཟགས་ཚབས་ཆེ་བས་གྲོངས་པ་ལོས་ཡིན་བསམས་ཀི
གང་ལྟར་བོད་ཤ་ཁྲག་རུས་གསུམ་གྱི་བུ་དེ་སྐྱེ་བར་དཀའ་ལས་ཡོད་པ་མ་རེད། དེང་རབས་སྨན་ཁང་དུ་བུ་སྐྱེ་བ་ལས་ལྷག་པའི་ལས་སླ་བོའི་བྱ་བ་ཞིག་ཡོད་པ་མ་རེད།
ནང་མི་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞིག །
ཕ་མས་བུ་ལ་རེ་བའི་ཤེས་ཡོན་སྨོན། །
ཉེ་གཉེན་ལྷན་འཛོམས་ཡོང་བའི་རེ་སྨོན་ཞིག །
གཞིས་བྱེས་བདེ་སྐྱིད་སྨོན་པའི་སྙིང་སྟོབས་ཤིག །
ཁ་བའི་རྡུལ་བརྩེགས་ཕྱོགས་ནས་སྨོན་འདུན་ཆོག །