བོད་ཨ་མདོ་རྔ་པ་ཀིརྟི་དགོན་གྱི་གྲྭ་བློ་བཟང་བརྩོན་འགྲུས། རང་ལོ་ ༤༦ ཡིན་པ་ཁོང་ལ་ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༢༩ ཉིན་རྔ་པ་རང་སྐྱོང་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་རྒྱལ་གཅེས་དཔའ་བོ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན་བྱུང་འཕྲལ་སྨན་ཁང་དུ་བསྟེན་གཏུགས་བྱེད་རྒྱུ་འགོག་རྒོལ་བྱས་པའི་ཉེས་མིང་གཡོགས་ནས་ལོ་ ༡༡ གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
ཁོང་འདི་ལོའི་ཕྱི་ཟླ་ ༤ ཚེས་ ༡༢ ཉིན་འཛིན་བཟུང་བྱས་ཤིང༌། ད་བར་གནས་ཚུལ་གསལ་པོ་གཅིག་ཤེས་རྟོགས་བྱུང་མེད་ནའང༌།འདི་ཟླའི་ཕྱི་ཚེས་ ༢༧ ཉིན་ནང་མི་རྔ་པ་རང་སྐྱོང་ཁུལ་གྱི་ལྟེ་གནས་འབར་ཁམས་རྫོང་ལ་ཐོན་དགོས་པའི་བརྡ་ཞིག་འབྱོར་ཡོད་པ་ལྟར་སོང་འདུག་པ་དང༌། ཁོང་ནི་རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གཉིས་པའི་ཇར་ཆེན་ཚང་གི་ཡིན་ཞིང༌། རྒྱལ་གཅེས་དཔའ་བོ་ཕུན་ཚོགས་ལགས་ཀྱི་ཨ་ཁུ་དང་གྲྭ་ཤག་གི་དགེ་རྒན་ཡིན། དེ་སྔོན་ཕྱི་ཟླ་ ༣ ཚེས་ ༢༠ ཉིན་ཁོང་དང་ཁོང་གི་དགེ་ཕྲུག རྒྱལ་གཅེས་དཔའ་བོ་ཕུན་ཚོགས་ལགས་ཀྱི་སྤུན་རྒན་པ་དར་རྒྱས་གཉིས་འཛིན་བཟུང་གིས་ཉིན་ལྔའི་རིང་བཀག་སྐྱིལ་བྱས་རྗེས་གློད་གྲོལ་བཏང་བ་དང༌། དེ་རྗེས་ཕྱི་ཟླ་ ༤ ཚེས་ ༡༢ཉིན་བསྐྱར་དུ་ཁོང་གཉིས་ལྷན་དུ་འཛིན་བཟུང་བྱས།
གནས་ཚུལ་ཡོང་ཁུངས་ནས་བཤད་པ་ལྟར་ན་རྔ་པ་རྫོང་གཅའ་ཞང་ཕྱུགས་ལས་འགབ་མའི་བློ་བཀྲ་ཚང་གི་བློ་བཟང་བསྟན་འཛིན། གཅའ་ཞང་ནག་ཚང་མའི་པད་མ་ཚང་གི་བློ་བཟང་བསྟན་འཛིན་གཉིས་ཀྱི་ནང་མི་རྣམས་ལ་ཡང་ཕྱི་ཚེས་ ༢༨ ཉིན་འབར་ཁམས་ལ་ཐོན་དགོས་པའི་བརྡ་ཐོ་འབྱོར་ཡོད་པ་ལྟར་སོང་འདུག་པས། ཁོང་རྣམས་ལ་ཡང་ཁྲིམས་ཐག་གཅོད་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱིན་ཡོད་འདུག
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་ ༢༠༡༡ ཟླ་ ༨ཚེས་ ༢༩ ལ།