བོད། ལྷ་ཀླུ་གཉན་གསུམ།
དེང་སང་དགའ་འོས་པ་ཞིག་ནི། བོད་ཕྱི་ནང་གཉིས་ཀྱི་གཙོ་བའི་བོད་མི་འདུས་བསྡོད་ཀྱི་ཡུལ་གྲུ་ཆེས་མི་ཉུང་བ་ཞིག་ན། བོད་མི་དག་གིས་རང་ངོ་ཟིན་ནས། རང་སྐད་ལ་དུངས་པ་ཞིག་རིམ་གྱིས་བཞུར་ནས་འོང་གི་ཡོད། དེས་ན་ང་ཚོས་བོད་སྐད་གཙང་མ་ཞིག་བཤད་པ་ལ་དམ་བཅའ་འཇོག་པ་དང་འབོད་སྐུལ་ཞུ་བ། ཉེས་ཆད་གཅོད་པ། ཕན་ཚུན་ལ་ངོ་མཚངས་འདྲི་བ་སོགས་བྱེད་འོས་སམ་ཟེར་ནས་གླེང་དགོས་པར་སྙམ། ངས་བསམ་ན་དེང་དུས་ཀྱི་བོད་མི་འདུས་བསྡོད་དང་འཚོ་གནས་ཀྱི་ཡུལ་ཆེ་ཤོས་ནི་བོད་ནང་ཡིན་ལ། བོད་ནང་གི་བོད་མི་དག་གིས་ཀྱང་རང་ཉིད་བོད་ཡིན་པ་དེ་ལ་བོད་སྐད་གཙང་མ་ཞིག་བཤད་པར་སྤོབས་པ་བསྐྱེད་དགོས་པ་དང་བཤད་ཤེས་པ་ནས་རྒྱ་ཁྱབ་དུ་གཏོང་དགོས་པར་སྐད་ཤུགས་ཅི་ཙམ་ཆེ་བ་དེ་ཙམ་གྱིས་ཕྱི་བསྡོད་བོད་མི་དག་གིས་དེ་དག་གི་རྐང་རྗེས་སུ་འགྲེང་བར་འབད་འབུངས་གང་ཐུབ་ཞིག་བྱེད་ཀྱིན་པའི་གཏམ་འདི་དག་ནི། བོད་མི་སུ་ཞིག་གོ་ན་ཉན་བདེ་བ། བསམ་ན་དོན་སྙིང་ཡོད་པ་ཞིག་དུ་འདོད་བཞིན་ཡོད།
དངོས་ནས་བཤད་ན། དེ་ནི་ལོས་ཡིན། མི་རིགས་ཤིག་ཉམ་ཉེས་ཀྱི་འགག་རྩ་ལ་ཐུག་བཞིན་པའི་སྐབས་སུ་དེ་ལྟར་བྱེད་རུང་བ་མ་ཟད། བྱེད་དགོས་པ་དེ་ནི་མི་རིགས་དེ་ཉིད་ལ་གཅེས་ཞེན་དང་དགའ་ཞེན། ལར་ཞེན་བྱེད་སྟངས་ཤིག་ལས། ཡུལ་སྡེ་གང་གི་ཁྲིམས་དང་ལུགས་སྲོལ་ལ་ཡང་འགལ་མེད་པ་ཡིན། འོན་ཀྱང་། བསམ་བློ་ཞིབ་མོ་ཞིག་བཏང་ནས་བཤད་དུས། བོད་མི་དག་གིས་ད་ལྟའི་འཆར་དངོས་ནས་བོད་སྐད་དམ་ཕ་སྐད་གཙང་མ་ཞིག་བཤད་ཐུབ་ཀྱི་ཡོད་དམ་ཞེས་དྲི་བ་ཞིག་རང་ཤུགས་ཀྱིས་སླེབས་ནས་འོང་གི་ཡོད།
བོད་ནང་དུ་མཚོན་ནས་བཤད་ན། བོད་སྐད་དམ་ཕ་སྐད་གཙང་མ་བཤད་པའི་ཁོར་ཡུག་མེད་པ་ནས་ཡོད་ལ། ཡོད་པ་ནས་ཡུལ་ལུང་མི་གཅིག་པ་དང་སྡེ་ཁག་མི་གཅིག་པ། འཚོ་གནས་མི་གཅིག་པ་བཅས་ཀྱི་དཀའ་ངལ་བཅས་མི་ཉུང་བ་ཞིག་ཡོད་ལ། དེ་དང་འབྲེལ་ནས་ལས་ཀ་དང་ཁོར་ཡུག་གི་སྟབས་བསྟུན་བཅས་ཀྱི་གནོན་ཤུགས་ཀྱང་མི་ཉུང་བ་ཞིག་ཡོད་དུས། ཕ་སྐད་གཙང་མ་ཞིག་བཤད་པ་ལ་བཀག་མི་ཉུང་བ་ཞིག་ཡོད་པ་ནི། མིག་གིས་མཐོང་ཐུབ་པ་དང་བསམ་བློའི་དཔོག་ཐུབ་པ་ཞིག་ཡིན་མོད། དེ་དུས་མི་ཁས་ཀྱི་དེ་ལ་ཁག་བཞག་ནས། ཕ་སྐད་གཙང་མ་བཤད་པར་ལས་སླ་བོ་མེད་པར་འདོད་ཀྱི་ཡོད་ལ། དེ་ལ་དང་དོད་ཀྱང་དེ་འདྲའི་ཆེན་པོ་བྱེད་ཐུབ་ཀྱི་མེད་པའི་ཁྱིམ་དང་སྡེ་བ། གྲོང་བརྡལ་དང་གྲོང་ཁྱེད་གྱི་བོད་མི་ཆེས་མི་ཉུང་བ་ཞིག་ཡོད་པ་ཡིན།
དེ་དག་གིས་ཅི་ནས་ཀྱང་། འདོར་མི་འོས་པ་དང་དྲན་དགོས་པ་ཞིག་ཡོད་པ་དེ་ནི་རང་ཉིད་གང་དུ་སྐྱེ་བའི་རིགས་དེ་ལ་དགའ་ཞེན་དང་གུས་བརྩི། ལར་ཞེན་དང་སྤོབས་པ་བཅས་ཡོད་མཁན་ཞིག་བྱེད་པ་ལ། ཐོག་མའི་ཆ་རྐྱེན་དེ་ནི་ཕ་སྐད་བཤད་ཤེས་པ་དང་ཕ་སྐད་ལ་གོམ་འདྲིས་ཡོད་པ། ཕ་སྐད་གཙང་མའི་གླུ་གཞས་ལེན་ཐུབ་པ། ཕ་སྐད་གཙང་མའི་ཁོར་ཡུག་བསྐྲུན་དགོས་པ་བཅས་ཡིན་དུས། དམིགས་སུ་བཀར་ནས་བོད་མི་རེ་རེ་ལ་འགན་དེ་ཡོད་པ་ནི། སྐྱེ་རྒྱུད་དང་རུས་རྒྱུད། རིགས་རུས་སོགས་གང་ལ་བསམ་ན་ཡང་མ་ཤེས་ན་ངོ་ཚ་དང་། བཤད་མ་ཐུབ་པ་ཡིན་ན། རང་ཉིད་མི་རིགས་དེར་སྐྱེ་བའི་དོན་གོ་མ་འཁྱོངས་པ་རེད་ཅེས་བཤད་ཆོག་པ་ཡིན། དེ་ཡིན་དུས་བོད་ཁུལ་དུ་འཚོ་བསྡོད་བྱེད་མཁན་གྱི་བོད་མི་དག་གིས་ནང་མི་ཕན་ཚུན་དང་གྲོགས་པོ་ཕན་ཚུན་གྱི་བར་ལ་ཕ་སྐད་བསྲེས་ལྷད་མེད་པ་ཞིག་བཤད་པ་ལ་ལག་ལེན་འདེབས་དགོས་པ་ཡིན་ལ། ཐ་ན་རང་གི་སྤུན་མཆེད་ཅིག་ནས་ཁ་པར་ཨང་གྲངས་ཤིག་གཞན་སྐད་ནས་བཤད་ཀྱི་ཡོད་ན། དེ་མ་ཐག ཐད་ཀར་དེ་ཡི་གདོང་ལ་འབུད་པའི་སྙིང་སྟོབས་དགོས་པ་དེ་ཡིན།
ཕྱི་བསྡོད་བོད་མི་དག་གིས་ཀྱང་དེ་མཚུངས་ཀྱིས་གྲོགས་པོ་ཕན་ཚུན། བོད་མི་སུ་ཞིག་ལ་ཁ་བརྡ་བྱེད་པ་ལ་བོད་སྐད་ལས་གཞན་སྐད་བསྲེས་ལྷད་ཀྱི་སྐད་ཆ་མི་བཤད་པར་འབད་བརྩོན་བྱེད་དགོས་པ་ནི་བཤད་མི་དགོས་ལ། བོད་མི་ཞིག་ལ་དྲ་ཐོག་ནས་འབྲེལ་བ་བྱེད་པ་ལ། བོད་ཡིག་སྤྱོད་སྒོ་ཡོད་པའི་དྲ་ཚིགས་དང་གདོང་དེབ། གློག་འཕྲིན་སོགས་གང་ནས་ཡིན་ཡང་། བོད་ཡིག་ལས་ཡིག་རིགས་གཞན་དག་བེད་སྤྱོད་མི་གཏོང་བ། སྐད་ཡིག་གཞན་ནས་འབྲེལ་བ་མི་འཛིན་པར་འབད་འབུངས་བྱེད་ཐུབ་པ་ཡིན་ན། ཕ་སྐད་གཙང་མ་ཞིག་གི་ཡར་རྒྱས་དང་མི་རིགས་ཤིག་གི་ཕ་སྐད་ལ་བདག་པོ་བརྒྱབས་པར་བཤད་ཆོག་པ་ཡིན། དེ་མིན་རིག་གཞུང་ཚོགས་པ་རེ་ཟུང་དང་། སྐད་ཡིག་སྲུང་སྐྱོབས་ཚོགས་པ་ཁ་ཤས་ཀྱི་འགྲན་ཚོགས་རེ་བསྡུས་ནས་ཚར་བ་ལྟ་བུ་བྱས་ན། ང་ཚོའི་ཕ་སྐད་ལ་ནམ་ཡང་ཡར་རྒྱས་ཤིག་ཡོང་མི་ཐུབ། ངས་འདི་ནས་ཕ་སྐད་ཅེས་བཤད་ཀྱིན་པ་བོད་མི་རིགས་ཀྱི་སྐད་ཡིག་ལ་བཤད་ཀྱིན་པ་ལས། ཡུལ་ལུང་བྱེ་བྲག་པ་རེ་ཟུང་གིས་སྐད་ལ་སྣང་མེད་དུ་འཇོག་དགོས་པར་བཤད་ཀྱི་མེད་ལ། རང་ཉིད་གང་དུ་སྐྱེ་སའི་ཁོར་ཡུག་གི་སྐད་ནི། ཕ་སྐད་དུ་འབོད་ཆོག་ལ། མདོ་དབུས་ཁམས་གསུམ་གྱི་བོད་མི་སུ་ཞིག་ཡིན་ཡང་། ཕ་སྐད་ནི་བོད་མི་སྤྱིའི་གོ་ཐུབ་པའི་ཡིག་ཐོག་གི་སྐད་དེ་ལ་བཤད་ཀྱི་ཡོད་པ་ཐུགས་སུ་བཞག་ནས། ཞོར་དུ། རང་ཉིད་གང་དུ་སྐྱེ་བའི་ཡུལ་སྡེ་ཡི་སྐད་དེ་ཡང་ཕ་སྐད་ཅིག་ཡིན་ལ། དེ་ཉིད་ཀྱང་མི་ཉམས་གོང་འཕེལ་དང་འབྲེལ། བོད་ཁ་བ་གངས་ཅན་པའི་སྐད་ཡིག་གི་ཕ་སྐད་གཙང་མ་དེ་ཡི་མདུན་བསྐྱོད་ཕྱོགས་སུ་འབད་འབུངས་ལྷོད་མེད་ཡོང་བའི་འབོད་སྐུལ་དུ་བྲིས། དུས་ཚོད་ཀྱིས་དབང་གིས་ལྷོད་ལྷོད་དང་དག་པོ། གསལ་ཞིང་རྒྱས་པོ་ཞིག་འབྲི་མ་ཐུབ་ཀྱང་། བཤད་ན་འདོད་པའི་སྐད་ཆ་དག་ལུས་མེད་པར་སྣང་ངོ་། ཁ་བ་གངས་ཅན་པ་དག རང་ངོ་ཟིན་པ་གྱིས། རང་སྐད་མ་བརྗེད། ཕ་སྐད་མ་སྐྱུར། ཕ་གཞིས་སྐྱོངས་ཤིག
ཐོག་མར་རང་གི་སྐད་ལ་བྱང་བར་གྱིས། །
དེ་རྗེས་གཞན་སྐད་གང་ཞིག་སྤྱངས་ན་ཡང་། །
བཟང་བོའི་ཡོན་ཏན་ཟེར་བ་མཐའ་མེད་དུས། །
སྐད་རིགས་སྣ་མང་ཤེས་ན་ཀུན་ལ་ཕན། ། དགེའོ།
༢༩།༨།༡༡ལ།
དྲ་བ་རིག་པའི་ཀུན་མཛོད་ནང་། །
ཆོལ་གསུམ་བོད་རིགས་སྤུན་ཟླ་རྣམས། །
སླད་མེད་ཕ་སྐད་དྭངས་གཙང་ཞིག །
ཡང་ཡང་བསྩོལ་བའི་སྨོན་འདུན་ཞུ། །
རྒན་པོས་ཕ་སྐད་བསྐྱུར་བ་གོ་བརྡའི་ཆེད།།
གཞོན་པས་ཕ་སྐད་བཀོལ་ན་ངོ་ཚ་ཚོར།།
བྱིས་པར་ཕ་སྐད་དག་པོའི་རེ་བ་ཞིག།
ཧ་ཅང་རིང་བའི་རྣམ་ཐར་ཡིན་པར་འདོད།།
དགའ་བསུ་ཡོད། ཕ་སྐད་གཙང་མ་ཟེར་ན་གང་འདྲ་ཞིག་ལ་ཟེར་གི་རེད། བོད་ཆོལ་ཁ་གསུམ་གྱི་སྐད་ཡིག་གཅིག་གྱུར་ཡིན་ན་ཡང་ཁ་སྐད་གཅིག་གྱུར་མིན་པས་ཕ་སྐད་གཙང་མའི་ས་མཚམས་ཤིག་གཏན་འཁེལ་ན་ཡག་གི་འདོད། དཔེར་ན། བོད་ཀྱི་སྐད་ཀྱི་ནང་དུ་ལེགས་སྦྱར་དང་རྒྱ་སྐད། སོག་སྐད། པར་སིག་གི་སྐད། དབྱིན་སྐད་སོགས་དུ་མ་ཞིག་འདྲེས་འདུག་ན་དེ་དག་ལ་བོད་སྐད་གཙང་མ་ཞེས་བརྗོད་ན་འགྲིག་གི་ཨེ་ཡོད་ལགས།
བོད་ཀྱི་སྐད་ཅེས་པ་དེ་གཙང་མ་ཞིག་བསྐྱོད་ཐུབ་ན་དེ་ཟེར་ནི་རེད།
ཕ་སྐད་གཙང་མར་དུངས་ཤིང་།།
མ་ཡིག་བརྡ་སྤྲོད་མཐུན་པ།།
ཆོལ་གསུམ་མི་བུའི་རྒྱན་ཡིན།།
ང་ཚོས་དུས་ཀུན་སྤྱོད་ཤོག།
སྐད་རིགས་གཞན་མཉམ་བསྲེས་མིན་པར་བོད་ཀྱི་བརྡ་སྤྲོད་དང་མཐུན་པའི་ཡི་གེའི་འགྲོས་དང་མཐུན་པའི་བཀོལ་སྤྱོད་ཕྱོགས་སུ་བསྐྱོད་པ་ལ་རང་སྐད་གཙང་མ་ཞེས་འབོད་ཆོག་པར་སེམས།
དཔེར་ན། མིག་ལ་མྱིག་དང་། མི་ལ་མྱི་ལྟ་བུ་ཕ་སྐད་གཙང་མ་ཨེ་ཡིན། ཡིན་ན་བོད་བརྡ་སྤྲོད་དག་ཡིག་དང་ཨེ་མཐུན། གུར་གུམ་ཟེར་བ་པར་སིག་གི་སྐད། དེབ་ཐེར་ཟེར་བ་སོག་སྐད་ཡིན་པས་ཕ་སྐད་གཙང་མ་ཨེ་ཡིན། ཕ་སྐད་གཙང་མ་དང་གཙང་མ་མིན་པའི་དབྱེ་མཚམས་གསལ་བོ་བཟོ་རོགས་ཞུ།
བོད་ནང་གི་གླུ་པ་ཆོས་འཕེལ་ལགས་ཀྱིས་བརྩམས་གནང་བའི་《དྲན་བསྐུལ་》ཞེས་པའི་གཞས་ཚིག།
ང་ལ་ཕ་མེས་ཀྱིས་བརྩལ་བའི་འཚོ་རྟེན་ཞིག་ཡོད།
ང་ལ་ཕ་མེས་ཀྱིས་བསྟན་པའི་མདུན་ལམ་ཞིག་ཡོད།
ང་ལ་ཕ་མེས་ཀྱིས་བཞག་པའི་ཞལ་ཆེམས་ཞིག་ཡོད།
ང་ལ་མི་རིགས་ཀྱི་བཅོལ་བའི་རེ་བ་ཞིག་ཡོད།
སྐད་ནི་བོད་སྐད། ངའི་འགྱུར་མེད་ཀྱི་རང་སྒྲ།
ཀ་ཁ་ག་ང་། ངའི་ཚེ་སྲོག་གི་སྙིང་པོ།
མི་རིགས་འདི་འཚོ་གནས་ཀྱི་ཆེད་དུ།
ང་ཚོ་ཚང་མས་བོད་སྐད་ཅིག་སྐྱོན་ཤོག།
བོད་སྐད་གཙང་མ་ཞིག་སྐྱོན་ཤོག།
ཁྱེད་ཀྱིས་སྐད་རིགས་འདྲ་མིན་ཤེས་ཀྱང་།
ང་ཚོ་བོད་པ་ཕན་ཚུན་བར་ལ།
སྐད་ཆ་ཤོད་དུས་བོད་སྐད་ཤོད་དང་།
བོད་སྐད་ཤོད་དུས་གཙང་མ་ཤོད་དང་།
རང་མགོ་རང་གི་ཐོན་པའི།
ཕ་སྐད་ནོར་བུས་ཕྱུག་ཀྱང་།
ར་མ་ལུག་གི་ནད་ཡམས།
གང་ས་གང་ལ་འགོས་ཤག།
ང་ཡི་སྙིང་ནས་བརྩེ་བའི།
ཆོལ་གསུམ་གངས་རིའི་སྤུན་ཟླ།
མི་རིགས་དར་རྒུད་ཀྱི་རྩ་བ།
སྐད་ཡིག་འདི་ལ་ཐུག་ཤག།
སྐད་ནི་བོད་སྐད། ངའི་འགྱུར་མེད་ཀྱི་རང་སྒྲ།
ཀ་ཁ་ག་ང་། ངའི་ཚེ་སྲོག་གི་སྙིང་པོ།
ནམ་ཡང་འཚོ་གནས་ཀྱི་ཆེད་དུ།
ང་ཚོ་ཚང་མས་བོད་སྐད་ཅིག་སྐྱོན་ཤོག།
སྐད་ནི་བོད་སྐད། ངའི་འགྱུར་མེད་ཀྱི་རང་སྒྲ།
མི་རིགས་འདི་ལ་ཤ་ཞེན་ཡོད་པའི།
ཁ་བ་རི་པའི་བུ་རྒྱུད་ཡིན་ན།
རྒྱུན་གཏན་ང་ཚོའི་འཚོ་བའི་ཁྲོད་དུ།
ར་མ་ལུག་གི་སྐད་ཆ་མ་ཤོད།
ཨོའོ་ གངས་ཅན་པ།
༄༅། དྲ་གྲོགས་མིག་བརྒྱད་པ་ལགས།
ཕ་སྐད་གཙང་མ་ཞེས་པ་དེ་ཕ་མེས་ཡང་མེས་ནས་བྱུང་བའི་སྐད་ཞིག་ལ་གོ་དགོས་པར་སེམས། དེ་ལ་ཕལ་སྐད་དང་ཡིག་སྐད་གཉིས་ཡོད། དེ་ལས་ཕལ་སྐད་ནི་ལུང་པ་སོ་སོའི་སྐད་འདྲ་མིན་སྣ་ཚོགས་ཡོད་པའི་འདི་གཙང་འདི་མི་གཙང་ཟེར་ནས་ཁ་མཚོན་གཅོད་མི་ཐོབ་བསམ། དེ་ལས་བོད་ཆོལ་ཁ་གསུམ་གྱི་ཡི་གེ་གཅིག་ཡིན་པའི་ཡིག་སྐད་ཐོག་ལ་སོ་སོའི་ཕལ་སྐད་མ་འདྲེས་པ་ཞིག་བེད་སྤྱོད་གནང་ཐོབ་ན་ཕ་སྐད་གཙང་མ་ཡིན་པ་དང་དེ་གཉིས་འདྲེས་སོང་ན་མིན་པ་ཚད་བཞག་ན་ག་འདྲ་འདུག ཡུལ་གཞན་གྱི་ཐ་སྙད་བོད་སྐད་ནང་ཡོད་པའི་ཕ་སྐད་མ་གཙང་པ་མ་ཡིན་ཀྱང་དེ་ཚང་མའི་གཅིག་སྒྱུར་དུ་བེད་སྤྱོད་མ་གནང་ན་མ་གཙང་བ་ཡིན་བསམ།
ཆོལ་གསུན་བོད་རིགས་ཡོངས་ཀྱི་གཅིག་འགྱུར་དུ་གོ་བརྡ་འཕྲོད་ཐུབ་པའི་སྐད་དེ་ལ་ཕ་སྐད་གཙང་མ་ཞེས་བརྗོད་ན་མི་འགྲིག་ཅི་ཡང་མེད། སྐབས་འདིར་ཕ་སྐད་ཅེས་པའི་ཕ་ནི་བོད་གངས་ཅན་གྱི་ཡུལ་ལམ་ཡང་ན་བོད་རིགས་འབྱུང་ཁུངས་ཀྱི་ཐོག་མ་ཕ་སྤྲེའུ་བྱང་ཆུབ་སེམས་པ་ལ་གོ་དགོས་པ་ལས་ཡུལ་ལུང་བྱེ་བྲག་པའམ་རང་རང་སྐྱེད་བྱེད་ཀྱི་ཕ་དེར་བསམ་ན་ཧ་ཅང་གི་ཁྱབ་ཆུང་ངོ་།
སྣ་ཚོགས་རང་གྲོལ་དང་འབྲི་གུང་སྒྲོན་མེ་རྣམ་པ་གཉིས་ཀྱིས་གསུངས་པ་ལ་གོ་རྒྱུ་འདུག་ལགས། པདྨ་ཟེར་བ་ཕ་སྐད་གཙང་མ་ཡིན་དང་མིན་ལན་ཞིག་གསུང་རོགས་ཞུ།
སྔོན་བྱོན་ལོ་ཙྭ་བ་རྣམས་ཀྱིས་ལེགས་སྦྱར་གྱི་ཐ་སྙད་ཁག་ཅིག་བོད་སྐད་དུ་མ་བསྒྱུར་བར་རང་སོར་བེད་སྤྱོད་གནང་འདུག་པས་དེར་དགོས་པ་རྒྱུ་མཚན་གང་ཞིག་ཡོད་མིན་ངས་མི་ཤེས། འོན་ཀྱང་བསྒྱུར་མ་ཐུབ་པར་ལུས་པ་ནི་མིན་པར་ཐག་གིས་ཆོད་ཐུབ། དེས་ན་པདྨ་ཟེར་བ་འདི་ཕ་སྐད་གཙང་མ་ཞིག་མ་རེད་སྙམ་མོ།
པདྨ་ཞེས་པ་དེ་ཆོལ་གསུམ་བོད་མི་ཡོངས་ཀྱི་མེ་ཏོག་ལ་གོ་བ་ཡིན་ན་དེ་ཕ་སྐད་གཙང་མ་མ་ཡིན་པའི་རྒྱུ་མཚན་མི་འདུག་སྙམ།
གངས་ཅན་པ་ཚོ་རང་སྐད་གཙང་མ་ཤོད་དང་་མེས་པོའི་ཐུགས་སེམས་བདེ་ངེས། རང་རེའི་
ཕུགས་བསམ་འགྲུབ་ངེས། བོད་པ་ཚོ་རང་ལ་ཤ་ཞེན་ཡོད་ན་གཞན་་སྐད་བསྲེས་མ་དོར་དེ་
རང་སྐད་གཙང་མ་བཤད་ན་ང་ཚོའི་རིག་གཞུང་འཕེལ་ངེས།།
ཡིན་ མིན། རེད་ མ་རེད། ཡོད་ མེད། འདུག་ མི་འདུག དག་ང་ཁྱོད་ཁོ་འདི་སོ་སོར་ཐོབ་མ་ནོར་བར་བོད་རིགས་ས་ཡ་བརྒྱད་ཀྱིས་གཅིག་མཚུངས་སུ་བེད་སྤྱད་ཁ་སྐད་དུ་བསྒྱུར་ཐུབ་ན། བོད་རིགས་སྤྱི་སྐད་སྤྱི་མཚུངས་ཡོང་བར་ངེས་ལགས།