རྔ་བ་རྒྱལ་ཁམས་པ།
རྔ་བ་རྒྱལ་ཁམས་པ།
མངོན་འདོད། ཆོད་སེམས། ཐབས་འཕྲུལ། དྲན་འཛིན། འབྲས་བུ་བཅས་ནི།
སྲོག་ལྡན་འཇིག་རྟེན་གྱི་གསང་བའི་ལམ་ལྔ་ཡིན་ཞིང་།
ནུས་པ། འཐེན་ཤུགས། རྡུལ་ཕྲན། རྫས། འོད་སྣང་བཅས་ནི།
ཕྱི་དོན་འཇིག་རྟེན་གྱི་རྨང་གཞིའི་ཀ་བ་ལྔ་རེད།
བསམ་བློ་ཞིབ་ཏུ་མ་བཏངས་ན།
ང་ཚོ་འཚོ་ཞིང་གནས་པའི་སྣོད་བཅུད་ཀྱི་དངོས་པོ་དང་།
ཤེས་བྱའི་ཆོས་མཐའ་དག་འདི་དག་ལས་བྱུང་ཞིང་།
འདི་དག་ལ་བརྟེན་ཡོད་པའི་ངོ་མཚར་བའི་གསང་བ་དེ་རྟོགས་དཀའ་བ་ཞིག་རེད།
འཇིག་རྟེན་ན་ཤེས་རབ་ཀྱི་བདག་པོར་གྱུར་པའི་སངས་རྒྱས་ཞེས་པའང་།
རང་བཞིན་གྱིས་ཡོད་པའི་གསང་བ་འདི་དག་ལས།
འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ལ་དབང་བསྒྱུར་པ་རེད།
ཡི་ཤུ་མ་ཤི་ཀའི་བྱམས་བརྩེ་དང་། ས་ལམ་གྱི་མངོན་རྟོགས་ཀྱང་གསང་བ་འདི་ལས་བྱུང་སྟེ།
དཀོན་མཆོག་གི༼རྒྱལ་གཞིས་གསར༽བ་རང་གིས་བཙུགས་ཤིང་། རྒྱལ་གཞིས་དེ་ལ་རང་གིས་དབང་བསྒྱུར་བ་རེད།
ད་དུང་གསང་བའི་ལམ་ཁ་འདིའི་ཆེས་གཏིང་ཟབ་ས་དང་།
མངོན་གསལ་དོད་ཤོས་ཤིག་ནི། ཨ་རབ་བྱེ་ཐང་གི་ལུག་རྫི་རྒོད་པོ།
ཁ་སྟོན་མོ་ཧམ་མོ་ཏུས་རྟོག་བཞེངས་བྱས་པའི་རང་གཅེས། ཆོས་གཅེས། རྒྱལ་གཅེས་ཀྱི་བསམ་བློ་དང་།
བསམ་བློ་དེའི་འཁོར་སྐྱོད་ཀྱི་མ་ལག སྙིང་རྩ་ལྕགས་ལས་གྲུབ་པའི་ཨ་ལའི་ལྷ་དམག་གི་ཁྱུ་ཚོགས་རེད།
རེད་ཡ། གྲོགས་པོ་ལགས།
ནང་བཅུད་ཀྱི་སེམས་ཅན་དང་། ཕྱི་སྣོད་ཀྱི་འཇིག་རྟེན་གཉིས་གཉེན་དུ་བསྡེབས་པའི་བརྒྱུད་རིམ་གྱི་ནང་།
བཅུད་ཀྱི་སེམས་ཅན་གྱིས་སྒྲུབ་མ་ཐུབ་དང་། རྟོགས་མ་མྱོང་བ། ཚོད་མ་ཐུག་པའི་ཤེས་པར་བྱ་བའི་ཆོས་ཅི་ཞིག་ཡོད།
ནོས་ཁྲོན(Newton)གྱིས་བརྟན་གཡོའི་གཞི་མར་གྱུར་པའི་འཐེན་ཤུགས་ཀྱི་གསང་བ་བརྟོལ་བྱུང་།
ཁ་ཕུར་ནེ་ཁ་སས(Copernicus)ཉི་མ་འཇིག་རྟེན་གྱི་ལྟེ་བར་བཞག་པའི་གནམ་རིག་གི་ཚད་ཐིག་བཀྲན་བྱུང་།
སྒྲར་བིན(Darwin)གྱིས་སྐྱེ་བའི་དངོས་པོ་འགྱུར་བ་ཅན་གྱི་ལྟ་ཚུལ་བཏོན་ནས།
འཇིག་རྟེན་གྱི་ཆེས་ཟབ་སའི་འབྲེལ་ཐག་གི་སྐུད་ལམ་ཕྲ་མོའང་གསེད་བཀྲོལ་བྱས་འདུག
ཨ་སྒྲི་ཝར(Edward Everell)གྱི༼སོ་ཕག་གི་ཟླ་བ༽ནས། ནོར་བྷྲོང་གི༼འཛམ་གླིང་མཚོ་འགྲུལ་གྱི་དཀའ་རྙོག༽བར།།
སའི་གོ་ལའི་འཐེན་ཤུགས་ལས་འདས་པའི་བར་སྣང་སྟོང་བའི་དབྱིངས་ན།
རྒྱལ་སྤྱིའི་མཁའ་དབྱིངས་འབབ་ཚུགས་བཟོས་ནས། འཇིག་རྟེན་གྱི་ཁམས། ཆ་འཕྲིན་དྲྭ་བས་རྦ་ཀློང་དུ་སྡུད་པའི་རྟེན་འབྲེལ་གྱི་མ་ལག་ཡོངས་སུ་གྲུབ་སོང་།
ད་དུང་དེས་ཀྱང་མི་ཚད། ཨ་ལེག་ཟན་སྒྲར(Alexander Graham Bell)གྱིས།
སྒྲ་ཁམས་ཀློག་ལམ་ནས་སྐྱེལ་འདྲེན་གྱི་ཁ་པར་བཟོས།
ཕོལ་ནེ་ཁོས(Paul Nipkow)གཟུགས་བརྙན་གྱི་འཇིག་རྟེན་སྐུད་ལམ་ནས་སྐྱེལ་འདྲེན་གྱི་བརྙན་འཕྲིན་བཟོས་འདུག
ལྗོ་སི་ཧྥིས(Joseph Nicephre)ཀྱི་པར་ཆས། ཐོ་མ་སི་ཨ་སྒྲིའི་སོན་གྱི་གློག་སྒྲོན།
(The Wright Brother) གྱི་གནས་གྲུ། ཨེ་མ་ཧོ། ད་དུང་དེས་ཀྱང་མི་ཚད། ཚད་རྡུལ་རིག་པ། འབར་གས་ཆེན་མོ། ལྟོས་བཏགས། བཟོ་གསོ་ནང་དོན་སྒྲ་ཚད་སོགས། ང་ཚོ་རང་ཉིད་ཀྱིས་མ་བསྐྲུན་པ་དང་། མ་ཤེས་པ། མ་བསྒྲུབས་པའི་ཤེས་བར་བྱ་བའི་ཆོས་ཅི་ཞིག་ཡོད་དམ། གྲོགས་པོ་ལགས། འདི་དག་ཚང་མ་ངས་གོང་ན་བཤད་པའི་གསང་བའི་ལམ་དེ་དག་ལ་བརྟེན་ནང་བྱུང་ཡོད་པ་ཉིད་ཀྱིས་མཁྱེད་བྱུང་ངམ། རེད་ཁྱེད་བདེན་པ་རེད། འགྲོ་བའི་ཁམས་དབང་མོས་པ་མི་འདྲ་བའི་དབང་གིས། རང་རང་གི་བསམ་བློ་གཏོང་སྟངས། རང་རང་ཡིད་དབང་འཕྲོག་ཚུལ། འཕྲལ་ཕུགས་ཀྱི་མི་ཚེའི་མདུན་མ་སྙོག་སྟངས། ལས་རྒྱུ་འབྲས་སོགས། ངས་ཀྱང་ཁས་ལེན། ངས་ཀྱང་བསམ་ཤེས། ངས་ཀྱང་ཡིད་ཆེས་བྱེད། འོན་ཏེ། ངས་འདི་ནས་ཁྱོད་ཀྱང་ངེས་པར་དུ་གོང་ནས་བཤད་པའིི་མི་སྣ་དེ་དག་དང་གཅིག་མཚུངས་སུ་འགྱུར་དགོས་པར་གཏན་ནས་བཤད་ཀྱིན་མེད། ངས་བཤད་དོན་གྱི་སྙིང་བོ་ནི། ཁྱེད་རང་གི་མངོན་འདོད་གང་ཡོད། ཁྱོད་རང་ཉིད་ཀྱིས་བསྒྲུབས་ན། འགྲུབ་རྒྱུ་ཡིན་པའི་གཏན་ཚིགས་བཤད་ཀྱིན་ཡོད། ང་ཚོ་བོད་ནའང་། གདོད་མའི་བོན་གྱི་ཤེས་རིག ས་སྐྱ་གོང་མ་རྣམ་ལྔ། རྙིང་མའི་རོང་ཀློང་རྣམ་གཉིས། མར་མི་དྭགས་གསུམ། རྗེ་ཡབ་སྲས་རྣམ་པ། དང་བོ་བྱིས་པ་སྣབ་ལུག་ནས། མཐའ་མ་ཆོས་ཀྱི་རྒྱལ་བོའི་གོ་འཕང་གྱི་བར། ལམ་དེ་ལྔ་ལ་མ་བསྟེན་པ་སུ་ཞིག་ཡོད། ངས་རང་གི་ཤ་རུས་ལས་ཆད་པའི་བུ་ཆུང་སྙིང་རྗེ་མོ། བློ་ཁོག་ཆུང་ངུ་། གཤིས་རྒྱུད་འཇམ་པོ། མདུན་སྐྱོད་ཀྱི་སྤོབས་པ་ཆུང་ངུ་། གཉོམ་ཆུང་རིག་པ་དང་ལྡན་པ་དེ་ལ། ནམ་རྒྱུན་འདི་ལྟར། ཁྱོད་ཀྱིས་སློབ་གྲྭའི་ནང་དགེ་རྒན་གྱིས་ཅི་ཞིག་ཁྲིད་བཞིན་ཡོད་མེད་ཧ་གོ་སོང་ངམ། ཁྱོད་ཀྱིས་ལས་བྱ་འབྲི་སྐབས་རང་ཉིད་ཀྱིས་ཡང་སྙིང་ཅི་ཞིག་འབྲི་བཞིན་ཡོད་མེད་ཧ་གོ་སོང་ངམ། གལ་སྲིད་མེད་ན་འབྲི་རྒྱུ་མཚམས་ཞོགས། ལག་པ་ཡར་ལ་ཆོགས། སྤོབས་སེམས་དང་སྐད་གདངས་མཐོན་པོས་དགེ་རྒན་ལ་དྲིས་ཤིག རྕེད་རིགས་དང་། ཡིག་རྒྱུགས། འཁྲབ་སྟོན། ཐ་ན་སྤྲོ་སྐྱིད་ཀྱི་ཐུགས་སྤྲོ་གཏོང་བ་ལྟ་བུ་ལའང་། རང་ཉིོད་ཨང་རིམ་དང་བོར་ཆགས་རྒྱུའི་ཆོད་སེམས་བརྟན་པོར་ཆོངས། དཔེ་ཁྲིད་སྐབས་ཕྱི་ལ་མ་འདུག་ནང་ལ་སྡོད། བྱ་བ་གང་ཞིག་བརྩམས་ཀྱང་དམིགས་ཡུལ་ངོས་ཟིན་པ། དེ་མ་འགྲུབ་པར་དུ་བློས་མི་གཏོང་བའི་ཆོད་སེམས། དེ་སྒྲུབ་ཕྱོགས་ཀྱི་ཐབས་འཕྲུལ། བྱ་བ་དེ་ཡང་ཡང་ཡིད་ལ་བྱེད་པའི་དྲན་འཛིན། དྲན་འཛིན་དེ་དང་འབྲེལ་བའི་ཧུར་བརྩོན་བཅས་བྱས་ན། དམིགས་དོན་མངོན་གྱུར་གྱི་གྲུབ་འབྲས་ཐོན་རྒྱུ་ཡིན་པར་ཐེ་ཚོམ་བྱ་མི་དགོས་ཞེས་གཞོགས་འདེགས་ཀྱི་སྐུལ་མ་ཡང་ཡང་འདེབས་བཞིན་ཡོད། འདིས་ཁོ་མཐའ་གྲལ་ནས་མདུན་གྲལ། ཨང་རིམ་ཐ་མ་ལས་དང་པོ། འགྲན་རྩོད་ལས་ལྷག་མ་ཐོབ་པའི་མདུན་ལྗོངས་ལ་བསུ་བཞིན་འདུག ང་བོད་ན་ཡོད་སྐབས། ངའི་དམིགས་ཡུལ་རྒྱ་གར་རེད། ང་རྒྱ་གར་སླེབས་སོང་། ང་རྒྱ་གར་ན་ཡོད་དུས། ངའི་དམིགས་ཡུལ་ཨ་རི་རེད། ང་ཨ་རི་ལ་སླེབས་སོང་། ངའི་མ་འོངས་པའི་རེ་བའང་། ངའི་སྔར་བྱས་ཀྱི་གྲུབ་དོན་དང་འདྲ་བར་འགྲུབ་ངེས་ཡིན་པའི་ཡིད་ཆེས་དང་། སྤོབས་པ་མེ་ལྟར་འབར་བཞིན་ཡོད། ངས་ཕྱི་གླིང་གི་རླབས་ཆེན་གྱི་སྐྱེས་བུ་དག་གི་ལྟ་གྲུབ་དང་། ལོ་རྒྱུས་མ་བཀླགས་པར་དུ། ང་ཚོ་ཚང་མ་གསང་བའི་ལམ་ཁ་འདི་དག་གི་འཁར་བ་ལ་བརྟེན་ནས་ཡར་ལངས་ཡོད་པ་སེམས་ནའང་དྲན་མ་མྱོང་། གྲོགས་པོ་ལགས། ཁྱེད་ཀྱིས་ཀྱང་ཐུགས་བསམ་ཞིབ་མོ་ཞིག་བཏངས་ན། ཁྱེད་ཀྱི་མི་ཚེའི་བརྒྱུད་རིམ་མཐའ་དག་གསང་བའི་ལམ་ཁ་འདི་དག་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པར་ངེས་ཤེས་འདྲོངས་འོང་། འདི་ལྟར་བསམ་བློ་བཏང་གིན་བཏང་གིན། གདེངས་ཤིག་རྙེད་པ་ནི། ང་ཚོས་ཅིའང་ཤེས་ཐུབ་ལ། ང་ཚོས་ཅིའང་བྱེད་ཐུབ་པ། འཇིག་རྟེན་འདིར་ང་ཚོས་འགྲུབ་མི་ཐུབ་པ་ཞིག་ཕལ་ཆེར་མི་འདུག མདོར་ན་སྲོག་ལྡན་འཇིག་རྟེན་གྱི་ནུས་སྟོབས་དང་། ཤེས་རབ་ལ་མཐའ་མེད་པའི་གདེངས་སྤོབས་ངང་གིས་རྙེད་འོང་། དངོས་ཁམས་ཀྱི་འཇིག་རྟེན་འདི་རྡུལ་ཕྲ་རབ་ཅིག་གམ། ཡང་ན། བསམ་གྱིས་མི་ཁྱབ་པའི་ནུས་ཤུགས་ཀྱི་ཕུང་པོ་ཆུང་ཆུང་ཞིག་ལས་བྱུང་བ་འདིའང་། ང་ཚོས་བསྒྲུབས་ན་ཅིའང་འགྲུབ་ཐུབ་པའི་དཔང་རྟགས་རེད། ཆོས་ཐམས་ཅད་སྟོང་དང་རྟེན་འབྱུང་གི་རོལ་གར་དུ་གྲུབ་པ་དེའང་། ང་ཚོས་བྱས་ན་ཅིའང་འགྲུབ་ཐུབ་པའི་དད་པ་རེད། སའི་གོ་ལའི་འཁོར་བསྐྱོད་ལས། དུས་བཞི་དང་ཉི་ཟླའི་འཆར་ནུབ་ཀྱི་རྣམ་འགྱུར་རྫུ་འཕྲུལ་ལྟར་ཤར་བཞིན་འདིའང། ང་ཚོས་འབད་ན་ཅིའང་འགྲུབ་ཐུབ་པའི་ཕྱོགས་སྟོན་རེད། ནང་བཅུད་ཀྱི་སེམས་ཅན་ལ་དགོས་པའི་དངོས་པོ་ཕལ་ཆེར། ཕྱི་སྣོད་ཀྱི་འཇིག་རྟེན་ལ་རང་ཆས་སུ་གྲུབ་པ་འདིའང། ང་ཚོས་བསྒྲུབས་ན་ཅིའང་འགྲུབ་ཐུབ་པའི་དངོས་དོན་གྱི་བདེན་དཔང་མ་ཡིན་ནམ། གྲོགས་པོ་ལགས། ཁྱེད་ཀྱིས་རང་ཉིད་ལ་སྤོབས་པ་བསྐྱེད་ཅིག ཁྱེད་ཀྱིས་རང་ཉིད་ལ་དགའ་བ་སྒོམས་ཤིག ཁྱེད་ཀྱིས་རང་ཉིད་ལ་ཡིད་ཆེས་བྱོས་ཤིག ཅིག་བྱས་ན། ཁྱེད་དང་ངའི་ལུས་ངག་ཡིད་གསུམ་གྱི་འཁོར་ཕྱོགས་མི་གཅིག་ནའང་ཐང་། དེ་ལ་སྐྱོན་མེད། འཇིག་རྟེན་ཁམས་ཀྱི་བྱ་དངོས་གང་ལའང་། རང་རང་གི་ཁ་ཕྱོགས་དང་། རང་རང་གི་དམིགས་འབེན། རང་རང་གི་བྱེད་ལས་སོགས། ཁྱད་པར་མ་འདྲ་བ་རེ་རེ་ཡོད་ངེས་པ་རེད་ལ། ཡོད་འོས་པ་ཞིག་ཀྱང་རེད།
འོན་ཀྱང་གསང་བའི་ལམ་དེ་དག་ནི། སྲོག་ལྡན་འཚོ་གནས་ཀྱི་རང་བཞིན་ཆོས་ཉིད་ཀྱི་བདེན་པ་རེ་རེ་ཡིན་པས། ཁྱོད་ཀྱིས་ཀྱང་བདེན་པའི་སྲུང་འཁོར་དེ་དག་བཏགས་ནས། ཐོབ་ཤོར་རྩོད་པའི་གཡུལ་ངོ་དག་ལ་སྤོབས་པ་ཆེན་པོའི་ངང་མདུན་དུ་བསྐྱོད་དང་།
ཆུང་ས་ནས་རང་དོན་འགྲུབ་པ། ཆེ་ས་ནས་རྒྱལ་དོན་འགྲུབ་པ། དེ་ལས་ཀྱང་འཛམ་གླིང་གི་སྤྱི་དོན་སྒྲུབ་ཐུབ་པའི་སྐྱེས་བུ་ངོ་མཚར་ཅན་ཞིག་ཏུའང་འགྱུར་སྲིད་པ་རེད།
དངོས་གནས་དོན་སྙིང་གིས་ཕྱུག་པའི་ཕྱག་རྩོམ་ཞིག་གནང་འདུག མ་གཞི་ནས་དེ་ལྟར་ལོས་ཀྱང་ཡིན། ཁྱེད་ནི་བོད་གཞི་བྱེས་གཉིས་ན་རིག་གནས་སྨྲ་བ་དང་བསམ་བློ་སྨྲ་བའི་ཁྱབ་ཁོངས་ཀྱི་སྡེ་ཚན་ཞིག་ཏུ་གྲུབ་དང་འགྲུབ་བཞིན་པའི་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་དགེ་རྒན་ཆེན་མོ་ཞིག་ཡིན་པ་དང་། ལྷག་པར་དུ་ཉིད་ཀྱིས་གསོ་སྐྱོང་དང་ཐུགས་ཁུར་འོག་ནས་འཚར་བཞིན་པའི་གཞོན་ནུ་མང་པོ་ཞིག་བཙན་བྱོལ་སྤྱི་ཚོགས་ནང་གི་གཞུང་ཤིང་དང་དཀྱིལ་སྙིང་མིན་རུང་། ཁོར་ཡུག་ངེས་ཅན་ཞིག་ན་བོད་ཀྱི་སྲོལ་རྒྱུན་རིག་གནས་ཞེས་ཁ་ཐོགས་ཚད་ཀྱིས་གླེང་བཞིན་པའི་རིག་གནས་དེ་རྒྱུན་འཛིན་དར་སྤེལ་གྱི་ལས་ལ་གཞོལ་བཞིན་པའི་སྐྱེས་པུ་བློ་གྲོས་ཅན་རྐྱང་ཡིན་ཞེས་བཤད་ཀྱང་ཆོག
ལམ་ནོར་ལྡོག་ཤེས་
ཀ་ཀོར་གླིང་བརྗོད་གནང་ནས་མ་བཞུགས་སྦག་ཆེན་ཕྱག་གྲལ་སྒྲིག་པར་ཞུ།
ཁ་ཞིང་ཆེ་བའི་སྦག་ལྕོག་དེ་ལ་ཕྱེས་བདར་ལེགས་པར་བཀྱོན་པ་བྱ།
ག་རུ་བཞུགས་ཀྱང་རངརང་སོ་སོའི་ཐུགས་འདོད་ཇི་བཞིན་བཞུགས་གདན་འཇགས། ང་ཡི་བརྩེ་བའི་སྦག་གྲོགས་ལྷན་རྒྱས་གང་དགའ་གང་སྤྲོ་གནང་བར་ཞུ།
ཅ་ག་བྱས་པའི་རས་ཁྲ་དེ་ནི་ཕངས་སེམས་མེད་པར་སྦག་གདན་བཏིང།
ཆ་འཇོག་མཐུན་པའི་སྐུ་རྒྱན་དེ་ནི་རྡོ་ལ་u.sསྒོ་རེའི་ཞལ་དན་ཡོད།
ཇ་རོ་ཇི་བཞིན་སེར་སྣ་མེད་པར་སུ་ཐོབ་ལམ་སེང་སྤྲོ་པ་དང།
ཉ་བསད་ཁྱི་སྟེར་མེད་པའི་སྒོ་ནས་སྦག་གཞུང་ལེགས་པར་སྲུང་བ་བྱ།
ཏ་ཡས་ཀྲང་ཀའི་སྦག་མིག་བསྐོས་པའི་སྣེ་འདྲེན་བྱེད་ཤོ་མོ་དེ།
ཐ་དད་སྦག་ཕུབ་གཅིག་གི་སྟིང་དུ་ལག་པརའཕུར་བཞིན་ཤུགས་ཀྱིས་བརྒྱབ །
ད་ལྟའི་ཤོ་ནི་ཁྱི་མོ་ཡིན་པས་གཡོན་ཕྱོགས་དེ་ནས་སྒྲུབ་པར་བྱ།
ན་གཞོན་ང་ནི་ཐན་མེད་ཅུའུ་མེདཏིར་པྰ་ལྔ་འདྲེན་གཅིག་ཁོ་ན།
པ་ལོ་དཀར་བའི་སྦག་གྲོགས་རྒན་པོས་སན་ཅིན་ཟི་ཅིན་བསྟུད་མར་བརྒྱབ།
ཕར་བལྟས་ཚུརབལྟས་སེམས་པ་འཚབ་ཀྱང་སྦག་དཔོན་མེད་པས་བྱ་ཐབས་བྲལ།
བག་ཕེབས་མེད་པས་ཁ་ཡི་དུ་བ་སྐད་ཅིག་མི་ཆད་འཐེན་པ་དང།།
མང་ཐོབ་རེ་བས་ཡོངས་རྫོགས་ཤོར་བ་འཇིག་ཏེན་སྦག་པའི་ཆོས་ཉིད་ལགས།
ཙ་ན་ཡིན་ཡང་ཅིན་གྱི་རེ་མེད་རང་ཕུགས་པོ་ན་ཁེངས་པརའབད།
འཚབ་འཚུབ་ངང་ནས་ཏིར་པྰ་འཕྲལ་ནས་ཏིར་རྫོ་ལྦ་མོའི་སྟིངདུ་བརྒྱབ།
ཛ་དྲག་ཆེན་པོས་པྰ་གསུམ་ལྷག་པ་སྦག་ལྕོག་སྟིང་དུ་ཤུགས་ཀྱིས་བརྡབས།
ལྦ་མོ་ཁྱི་ཡིས་མནན་པ་བཞིན་དུ་དེ་ཡང་ཅུའུ་གསུམ་བརྒྱབ་ནས་མནན།
ཞ་ར་བཞིན་དུ་སྦག་རྩིས་ནོར་བས་རྔུལ་ཆུའི་རྒྱུན་་གྱི་གདོང་པ་གཤེར།
ཟ་རི་ཟི་རེས་འདར་སིལ་རྒྱག་བཞིན་རྒྱ་གར་འང་ཁུག་ཡང་ཡང་བསྔོགས།
འ་འུར་མེད་པར་གཅིག་གཅིག་གཉིས་གཉིས་གྲངས་ལ་འཕྱུག་པ་མེད་ནཡང།
ཡ་མཚན་ཅན་གྱི་དངུལ་ཤོག་ཆགས་པ་འཇའ་ཚོན་བཞིན་དུ་གློ་བུར་ཡལ།
ར་བའི་ནང་དུ་བཟའ་ཟླའི་ཕ་མས་གནང་པས་གསེར་གྱི་ཨ་ལོང་དེ་གཉིས།
ལ་ཀླུང་བརྒྱབ་ནས་ནེའུ་ཡོག་ བཙོངས་པའི་སྒོར་མོ་ཆིག་སྟོང་ལྔ་བརྒྱ་རྣམས།
ཤ་ཚའི་སེར་ན་སྣ་་སྤུ་ཙམ་མེད་པར་ཉིན་ཞག་གཉིས་ལ་ཏག་ཏག་བསྐྱལ།
ས་སྟིང་འདི་ན་སྦག་ལ་དགའ་བའི་སྐྱེ་བོ་རྒན་གཞོན་ཕོ་མོ་ཚོ་
ཧ་ལོག་སྦག་པ་བདག་དང་འདྲ་བར་ཁྱེད་རྣམས་མིག་དཔེ་གཟིགས་རྒྱུར་ན།
ཨ་ཁ་ཁ་ཞེས་ལན་བརྒྱར་བརྗོད་ཀྱང་ཕན་ཐོགས་སྤུ་ཙམ་མི་འདུག་གོ།
བཀླགས་ཟིན། བུད་སོང་། མ་རེད། ཕྱིར་ཡོང་ནས་ཅིག་བཤད་ན་འདོད་ཀི ཁྱེད་ཀྱིས་བརྗོད་པའི་སྐྱེས་བུ་རྣམ་དཔྱོད་ཅན་དེ་དག་ལ་མི་ལོ་ས་ཡ་དུ་མར་ང་ཚོའི་ཕ་མེས་ཚོའི་ཀླད་པའི་ནང་དུ་མ་ཤར་བའི་ཤེས་རབ་དེ་འདྲ་ཞིག་གང་ནས་བྱུང་བ་རེད་དམ། མི་བུ་འདི་དག་གིས་མིའི་རིགས་ཀྱི་ལོ་རྒྱུས་ལ་ཁ་ལོ་སྒྱུར་ཐུབ་པའི་བྱས་རྗེས་བཞག་པ་རེད་ལ། ཁོ་བོ་ནུབ་ཕྱོགས་པ་ཏག་ཏག་རེད། ག་རེ་བྱས་ནས་རང་རེ་ཤར་ཕྱོགས་པའི་ཁྲོད་དུ་འདི་འདྲའི་ཤེས་རབ་ཅན་གྱི་སྐྱེས་བུ་དག་མ་བྱུང་བ་རེད། སངས་རྒྱས་སོགས་ཆོས་ལུགས་སྲོལ་བཏོད་པ་དག་ནི་བསམ་བློའི་གོ་རྟོགས་སྤེལ་བར་བླ་ན་མེད་པའི་བྱས་རྗེས་འཇོག་མཁན་ཤ་སྟག་རེད། ཡིན་ཡང་དངོས་པོའི་ཚན་རིག་གི་ཕྱོགས་ནས་ཤར་ཕྱོགས་པའི་ཁྲོད་དུ་སྒ་ལི་ལེའོ་ལྟ་བུ་ཞིག་མ་བྱུང་བ་རེད། སྒྲར་ཝན་ལྟ་བུ་ཞིག་ཅིའི་ཕྱིར་མ་སྐྱས་པ་རེད། ཡང་གཅིག་བསམས་ནས་གོང་གི་སྐྱེས་བུ་འདི་དག་གི་གྲུབ་འབྲས་ཆེན་པོ་དེ་དག་གློག་གི་ནུས་ཤུགས་དང་འབཻེལབ་་ཆེན་པོ་ཞིག་འདུག་ཅིང་། རང་རེའི་ཤར་ཕྱོགས་པ་ཚོས་གློག་གི་ནུས་ཤུགས་བེད་སྤྱོད་མ་ཐུབ་པར་རྒྱུན་རིང་ཕྱིན་པ་འདིས་ང་ཚོའི་ཁྲོད་ནས་གློག་འབྲེལ་ཚན་རིག་པ་དེ་འདྲ་དེ་འདྲ་མ་བྱུང་བ་རེད་ཀྱང་སྙམ། སྐབས་རེར་ཁོ་བོས་དཀོན་མཆོག་གིས་གོང་གི་སྐྱེས་བུ་རྣམ་དཔྱོད་ཅན་འདི་དག་འཇིག་རྟེན་དུ་མངགས་པ་ཨེ་ཡིན་ཡང་བསམས་མྱོང་། སྐབས་རེར་སངས་རྒྱས་དང་བྱང་སེམས་དེ་འདྲ་མིའི་རིགས་ལ་ཕན་ཐོགས་ཆེད་དུ་མི་དེ་འདྲར་བརྫུས་པ་ཡང་ཨེ་ཡིན་བསམས་མྱོང་། གང་ལྟར་གློག་ཅེས་པའི་དངོས་པོ་འདི་ལ་བརྟེན་ནས་དུས་རབས་བཅུ་དགུ་པ་དང་ཉི་ཤུ་བ། ཉེར་གཅིག་པ་གསུམ་གྱི་ནང་དུ་སའི་གོ་ལའི་སྟེང་བྱུང་མ་མྱོང་བའི་གསར་བཏོད་དང་ལག་ལེན་ཁྱད་པར་བ་སྐོར་ཞིག་བྱུང་དང་འབྱུང་བཞིན་པར་དགའ་ཡང་དགའ་ལ་སྐྲག་ཀྱང་སྐྲག ཨོ། མདང་ངའི་རྨི་ལམ་ནང་དུ་ས་སྟེང་ཐམས་ཅད་མེ་རིས་ཁྱབ་སོང་། མེ་རི་འཕྱུར་སྟངས་ནི་ཧ་ཅང་འཇིགས་སུ་རུང་བ་ཞིག་རེད། ད་བདེ་མོ། བུད་སོང་།
མཚུངས་མེད་སྐུ་ཞབས་རྩོམ་པ་པོ་མཆོག
ཤེས་རབ་རྒྱ་མཚོའི་ཀློང་ཆེན་བརྡོལ་བའམ།།
མ་རིག་སྨག་ཆེན་ཀུན་ནས་བཅོམ་སམ་ཅི།།
བདག་ཡིད་མེ་ལོང་ངོས་ཀྱི་ཐེ་ཚོམ་དག།།
བོད་རྩོམ་རྣལ་མ་ཡིན་མིན་སྦུབས་སུ་ལྷུང་།།
རྗེས་སུ་ཡི་རངས་ཞུ་བ་དང་སྦྲགས་ཡི་གེའི་དག་ཆ་དང་ཐ་སྙད་གཅིག་གྱུར་དང་་བསྟན་བཅོས་སྤྱི་ལ་ཁྱབ་པའི་ཐ་སྙད་མང་ཙམ་བཀོལ་བའི་
འབོད་སྐུལ་ཞུ་རྒྱུ་ཡིན།
རྔ་བ་རྒྱལ་ཁམས་པ་ལགས། ཁྱེད་ཀྱིས་དོན་དག་ཆུང་ཆུང་ཞིག་གླེང་གི་མི་འདུག ངོ་མ་མི་ཚེའི་རེ་སྨོན་འགྲུབ་པའི་གདམས་ངག་གི་མདོ་འགག་ཅིག་གླེང་གི་འདུག ང་ལ་དམིགས་ཡུལ་ཞིག་ཡོད། ཉི་མ་དེ་རིང་ནས་ངས་དམིགས་ཡུལ་དེ་ཁྱེད་ཀྱིས་བྲིས་པའི་གསང་བའི་ལམ་ལྔ་པོ་འདི་ལྟར་བསྒྲུབ་རྒྱུ་ཡིན། ངོ་མ་བློ་སྒོ་ཞིག་ཕྱེས་སོང་། འདི་ཚོ་ཚང་མ་སུ་ལ་ཡང་རང་བཞིན་གྱིས་ཡོད་པ་ཞིག་རེད་མོད། དངོས་སུ་མཛུབ་མོ་བཙུགས་ནས་མ་བསྟན་ན་གཞི་རྩའི་མདོ་འགག་གང་ཡིན་ལ་དོ་སྣང་བྱེད་ཀྱི་མེད་པ་རེད། ད་ཁྱེད་ཀྱིས་སློབ་མ་གཅིག་རག་སོང་། ཧ་ཧ་ཧ།
ཨོ་རེད། ད་དུང་དྲི་བ་གཅིག་འདུག ཁྱེད་ཀྱིས་སྲོག་ལྡན་འཇིག་རྟེན་གྱི་གསང་བའི་ལམ་ལྔ་བརྩི་སྐབས། ༡༽མངོན་འདོད། ༢༽ཆོད་སེམས། ༣༽ཐབས་འཕྲུལ། ༤༽དྲན་འཛིན། ༥༽འབྲས་བུ་བཅས་བྲིས་འདུག ཡིན་ན་ཡང་ཁྱེད་ཀྱི་བུ་ལ་སློབ་གསོ་གཏོང་སྐབས། ༡༽བྱ་བ་གང་ཞིག་བརྩམས་ཀྱང་དམིགས་ཡུལ་ངོས་ཟིན་པ། ༢༽དེ་མ་འགྲུབ་པར་དུ་བློས་མི་གཏོང་བའི་ཆོད་སེམས། ༣༽དེ་སྒྲུབ་ཕྱོགས་ཀྱི་ཐབས་འཕྲུལ། ༤༽བྱ་བ་དེ་ཡང་ཡང་ཡིད་ལ་བྱེད་པའི་དྲན་འཛིན། ༥༽དྲན་འཛིན་དེ་དང་འབྲེལ་བའི་ཧུར་བརྩོན་བཅས་བྱས་ན་ཞེས་ལྔ་པ་དེ་ཧུར་བརྩོན་བྲིས་འདུག དེས་ན་གོང་དུ་འབྲས་བུ་དང་འདིར་ཧུར་བརྩོན་ཞེས་བྲིས་པ་གཉིས་གཅིག་རེད་དམ་ཐ་དད་རེད། ལན་ཞིག་གནང་རོགས།
བཀྲ་ཤིས་སྒྲོལ་མས་སེམས་ཤུགས་བསྐུལ་བར་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང་། ཉིད་ཀྱིས་གསུངས་པ་ལྟར། འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་ནང་། བོད་ཀྱི་ཐུན་མོང་རིག་གནས་ཀྱི་སྐོར་སློབ་སྦྱོང་གཏིང་ཟབ་མོ་ཡོད་པ་རེད། སློབ་གཉེར་ཁང་དེའི་ཤུགས་རྐྱེན་བོད་ཕྱི་ནང་གཉིས་ཀར་ཁྱབ་བཞིན་པའང་བདེན་པ་རེད། ངས་ནམ་རྒྱུན་སློབ་གཉེར་ཁང་དེ་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཚེ་སྲོག་སྲུང་བའི་དཔའ་བོ་མདུང་ཐུང་ཅན་ཞིག་ཡིན་བསམ་དྲན་བསྡད་ཡོད། ཨོ་ད་དུང་བཤད་རྒྱུ་ཞིག་ལ། ཉིད་ཀྱིས་ངས་བཤད་པའི་ལམ་ལྔ་བོ་དེ་དག་ལག་ལེན་བསྟར་ན། དགེ་མཚན་ཞིག་འབྱུང་རྒྱུ་ཡོད་ཁོ་ཐག་ཡིན།
རྩོམ་རིག་པ་གྲགས་ཅན་ཀླུ་སྨྱོན་ལགས། ཁམས་བཟང་། ཁྱེད་ཀྱིས་རང་གི་གསེར་ལྟ་བུའི་དུས་ཚོད་བློས་བཏང་ནས་ངའི་རྩོམ་ཡིག་བཀླགས་པ་མ་ཟད། གནད་དོན་ཅན་གྱི་དགོངས་འཆར་རིགས་གསུངས་པར་སྙིང་ནས་ཐུགས་རྗེ་ཆེ་ཞེས་ཞུས་པ་ལགས། ཉིད་ཀྱི་དྲི་བ་དེ་ངས་ཀྱང་བསམ་བློ་གཏོང་མྱོང་བའི་གནད་དོན་ཞིག་རེད། ངས་བསམས་པར། ཤར་ནུབ་གཉིས་ཀས། བདེན་པ་འཚོལ་བའི་དམིགས་ཡུལ་ལ་མི་འདྲ་བ་ཆེར་མེད་ཀྱང་། གཙོ་ཆེར་ཤར་ཕྱོགས་པའི་རིག་པའི་ཁ་ཕྱོགས་ནང་སེམས་ཀྱི་ཤེས་རིག་གི་ཕྱོགས་སུ་འཁོར་བཞིན་ཡོད་པ་དང་། ནུབ་ཕྱོགས་པའི་རིག་པའི་ཁ་ཕྱོགས་ཕྱི་ཡུལ་ཀྱི་ཤེས་རིག་གི་ཕྱོགས་སུ་གཞོལ་བཞིན་ཡོད་སྟབས། ཤར་ཕྱོགས་པ་ནང་སེམས་ལ་མཁས་ཤིང་། ནུབ་ཕྱོགས་པ་ཕྱི་ཡུལ་ཀྱི་གནས་ཚུལ་ལ་མཁས་པ་དང་གཅིག
ཤར་ཕྱོགས་པ་རང་གི་སྲོལ་རྒྱུན་རིག་གཞུང་གི་ར་བ་ལས་བརྒལ་བ་ཤས་ཆུང་ཞིང་། ནུབ་ཕྱོགས་པ་རང་གི་སྲོལ་རྒྱུན་རིག་གཞུང་ལས་བརྒལ་ནས། རང་གི་ནུས་པ་བེད་སྤྱོད་གཏོང་ཕོད་པའི་ཆོད་སེམས་ཆེ་བ་དང་གཉིས། ཤར་ཕྱོགས་སྤྱི་དང་ལྷག་པར་ནང་ཆོས་དར་ཁྱབ་སོང་བའི་ཡུལ་གྲུ་ཕལ་ཆེར་ཞིག འཇིག་རྟེན་འདིར་འཁོར་བ་ཞེས། རང་གི་སྐྱེ་ཁམས་ཁོར་ཡུག་ལ་གཏན་གྱི་བདེ་སྣང་གི་བསམ་བློའི་འདུ་ཤེས་ཤུགས་ཆུང་བ་དང་། ནུབ་ཕྱོགས་པས་འཇིག་རྟེན་འདི་རྟག་བརྟན་ཡིན་པ་མ་ཟད། ས་གཞི་འདི་འཇིག་རྟེན་གྱི་ལྟེ་བར་འདོད་པའི་བསམ་བློའི་ལྟ་ཚུལ་ཤུགས་ཆེན་པོ་ཡོད་པ་དང་གསུམ་གྱི་སྒོ་ནས། ནུབ་ཕྱོགས་པར་ཕྱི་དངོས་པོའི་འཇིག་རྟེན་གྱི་གསང་བའི་ཤེས་བྱ་མང་བོ་ཞིག་རྩལ་དུ་འདོན་ཐུབ་པའི་གོ་སྐབས་དེ་རང་བཞིན་གྱིས་ཐོབ་པ་ཞིག་རེད། ཅེས་བཤད་ན་གང་འདྲ་འདུག
ནུབ་ཕྱོགས་སུ་བདེན་དོན་གྱི་ཆེད་ལུས་སྲོག་ལོངས་སྤྱོད་ཡོངས་སུ་གཏོང་མཁན་མང་བོ་ཞིག་བྱུང་འདུག བསམ་བློ་བ་དེ་དག་ཀྱང་མང་བོ་ཞིག རང་གི་ཆོས་ལུགས་ཀྱི་འཇིག་རྟེན་ལྟ་ཚུལ་ལ་ཐོག་མའི་བློ་དྭོགས་ཤིག་གིས་སྣེ་དྲངས་ནས། རང་གི་ལྟ་བ་གསར་དུ་འཇོག་ཐུབ་པ་དང་། འཇིག་རྟེན་གྱི་གསང་བ་གསར་དུ་རྙེད་མཁན་དེ་འདྲ་རེད་འདུག
ནགས་ཀྱི་སེངྒེ་ལགས། སྐུ་ཉིད་འདིར་ཕེབས་ནས་ཐུགས་སྣང་གནང་བར་ང་སེམས་རབ་ཏུ་དགའ་ཡོད། ཉིད་ཀྱིས་ལམ་ལྔ་བོ་དེ་མུ་མཐུད་ཕྱག་བསྟར་གནང་ཐུབ་ན། ཐུགས་དགོངས་འགྲུབ་མི་འགྲུབ་ལ་དྭོགས་པ་མི་དགོས། ངའི་རྩོམ་ཡིག༼ང་ཚོ་ངེས་པར་དུ་འཇུག་དགོས་པའི་ལམ༽ཞེས་པ་ཞིག་དེ་སྔོན་ཁ་བརྡའི་ཐོག་བཀོད་ཡོད། ཁྱེད་ཀྱིས་ཁ་བརྡའི་གཡས་ངོས་ཀྱི༼འཚོལ༽ཞེས་པའི་ནང་མིང་བྱང་དེ་བླུགས་རྗེས་བཙལ་ན་རྙེད་ཐུབ་ངེས་ཡིན། ཡི་གེ་དེ་ན་ལམ་དེ་དག་གང་ཡིན་གསལ་བོ་འདྲ་ཞིག་བྱས་ནས་བཤད་ཡོད། ལམ་དེ་དག་གི་ལོ་རྒྱུས་རྒྱབ་ལྗོངས་དང་། རིག་པའི་གཞུང་ལུགས། ནུས་པས་ཁྱབ་ཚད། ཉམས་མྱོང་གི་ལག་ལེན་སྐོར། ངས་རྒྱས་པ་ཞིག་འབྲི་བཞིན་ཡོད། རང་མིན་ཁྱེད་རྣམ་པའི་སྤྱན་ལམ་དུ་བསྟར་ཐུབ་པའི་རེ་བ་ཡོད།
སྐུ་ཞབས་སྣྲོན་ངག་ཁྲི་ལགས། ཁྱེད་ཕེབས་པར་དགའ་བསུ་ཞུ། ངས་ཉིད་ཀྱི་ཐུགས་རེ་ལ་ཉམས་འཇོག་ཅི་ཤེས་བྱ་ངེས་ལགས།
ཕུན་ཚོགས་ལགས་ཕེབས་པར་དགའ་བསུ་ཞུ། ཉིད་ཀྱི་ཀ་རྩོམ་དེ་སྙིང་རྗེ་མོ་འདྲ་ཞིག་འདུག སྐབས་རེར་ཕྱི་རྒྱལ་ཞིག་གིས་བྲིས་པའི་ཉམས་འདྲ་བོ། སྐབས་རེར་བསྒྱུར་རྩོམ་ཞིག་ཀྱང་ཨ་ཡིན་སྙམ་པའི་ཚོར་བ་འདྲ་ཞིག་སྐྱེས་སོང་། ཐུགས་རྗེ་ཞུ། ད་དུང་དགོངས་འཆར་མུ་མཐུད་གསུང་རོགས་ཞུ།
རྔ་བ་རྒྱལ་ཁམས་པ་ལགས། ཉིད་ཀྱི་གསུང་ལྟར་༼ང་ཚོ་ངེས་པར་དུ་འཇུག་དགོས་པའི་ལམ་༽ཞེས་པ་དེ་བཀླགས་པ་ཡིན། ཡག་པོ་དཔེ་མེད་འདུག ཡིན་ན་ཡང་། ངའི་དྲི་བ་དངོས་ནི་དེ་མ་རེད། ངའི་དྲི་བ་ནི། ཉིད་ཀྱིས་སྲོག་ལྡན་འཇིག་རྟེན་གྱི་གསང་བའི་ལམ་ལྔ་བརྩི་སྐབས། ༡༽མངོན་འདོད། ༢༽ཆོད་སེམས། ༣༽ཐབས་འཕྲུལ། ༤༽དྲན་འཛིན། ༥༽འབྲས་བུ་བཅས་བྲིས་འདུག ཡིན་ན་ཡང་ཁྱེད་ཀྱི་བུ་ལ་སློབ་གསོ་གཏོང་སྐབས་འབྲས་བུའི་ཚབ་ཏུ་ཧུར་བརྩོན་བྲིས་འདུག ཡང་༼ང་ཚོ་ངེས་པར་དུ་འཇུག་དགོས་པའི་ལམ་༽ཞེས་པ་ལས་ཐབས་འཕྲུལ་གྱི་ཚབ་ཏུ་ལུས་ངག་གི་རྩོལ་བ་ཆུ་རྒྱུན་ཞེས་དོན་ལ་ཧུར་བརྩོན་བྲིས་འདུག གང་ལྟར་གསུངས་སྟངས་དེ་ཏག་ཏག་ཅིག་བསྡད་མེད་ཁ་རེད། ཡང་ན་དོན་བསྒྲུབ་པའི་ཐབས་ཡིན་པས་འབྲས་བུ་མ་བརྩིས་པ་བྱས་ཏེ། ༡༽མངོན་འདོད། ༢༽ཆོད་སེམས། ༣༽ཐབས་འཕྲུལ། ༤༽དྲན་འཛིན། ༥༽ལུས་ངག་གི་རྩོལ་བ་ཆུ་རྒྱུན་བཅས་ལྔའམ། ཡང་ན་འབྲས་བུ་བསྣན་ནས་དྲུག་བྱས་ན་ག་འདྲ་འདུག ཨ་ལ་རྩེད་མོ་ཡིན་ཡང་དོགས་པ་དྲིས་པ་ཡང་ཡིན།
བཀུར་འོས་རྒྱལ་ཁམས་པ་ལགས་ནས་དོན་སྙིང་ལྡན་པའི་རྩོམ་ཡིག་མི་ཉུང་བ་ཞིག་སྤེལ་གནང་བར་སྙིང་ནས་དགའ་བསུ་དང་གུས་བཀུར་ཡོད། འཇིག་རྟེན་གྱི་གསང་བའི་ལམ་ལྔ་ཟེར་དུས་འཇིགས་ནི་ཞིག་རེད། ལམ་ལྔ་བོ་འདི་ལས་ངས་འགྲུབ་ཐུབ་ནི་གཅིག་རྐྱང་མེད་ཀི ཡིན་ནའང་བསམ་བློ་བཏང་ས་རྐྱང་རྐྱང་གསུང་འདུག བཀའ་དྲིན་ཆེ། ངས་ཡང་ཡང་བསམ་མྱོང་བ་ཞིག་ལ་་་་་་་་ཤར་ཕྱོགས་པ་དང་ནུབ་ཕྱོགས་པའི་བསམ་བློའི་གོ་རྟོགས་རྒྱ་ཆེ་བ་དེ་ཤར་ཕྱོགས་པ་ཡིན་ས་རེད་བསམ་གི རྒྱུ་མཚན་་་་་་ཤར་ཕྱོགས་པས་མིའི་སེམས་ཁམས་ལ་བསྒྱུར་བཅོས་བཏང་ཕྱོགས་ལ་བློ་རྩེ་ཤུགས་ཆེར་འཁོར་དང་འཁོར་བཞིན་འདུག་ལ། ནུབ་ཕྱོགས་པས་ཕྱིའི་འཇིག་རྟེན་ལ་དབང་བསྒྱུར་ཁོ་ནར་བསམ་བློའི་ནུས་ཤུགས་ཆེ་ཙམ་འདོན་དང་འདོན་བཞིན་འདུག་དྲན། གཅིག་བྱས་ན་་་་ཤར་ནུབ་གཉིས་སེམས་ཀྱི་མངོན་འདོད་ལ་ཡ་རབས་ཟེར་བའི་ཆོས་ཀྱི་གོམས་གཤིས་འདིས་ཀྱང་མི་འདྲ་བར་བཟོས་ཡོད་ཤས་ཆེ།
རྩམ་དགའ་ལགས། ཁྱེད་ཕེབས་པར་དགས་བསུ་ཞུ། ངས་བཤད་ཀྱིན་པའི་ལམ་དེ་དག་ང་ཚོའི་བྱ་བཞག་ཆེ་ཕྲ་ཚང་མར་རང་བཞིན་གྱིས་ཁྱབ་བསྡད་པ་ཞིག་ཡིན་སྟབས། འགྲུབ་ཐུབ་མི་ཐུབ་ཀྱི་ཐུགས་ཁྲལ་གནང་མི་དགོས། གཙོ་བོ་དེ་དག་ངོས་ཟིན་ན་རང་ཉིད་ལ་སྤོབས་པ་ཞིག་རང་བཞིན་གྱིས་སྐྱེ་འོང་གི་རེད། དེས་ནམ་རྒྱུན་རང་གིས་རང་ཉིད་འཁོས་ཆུང་ངམ། ཡང་ན། རང་ཉིད་ལ་ཡིད་ཆེས་དང་གདེངས་འཇོག་མེད་པའི་ཉམས་ཆུང་གི་སེམས་པ་དེར་སྤོབས་པ་ཞིག་བསྐྱེད་འོང་དུས། རང་རང་གི་མ་འོངས་པར་དགེ་མཚན་བསུ་ཐུབ་པའི་ཁྱད་པར་ཡོད་པ་རེད། ཐུགས་རྗེ་ཆེ།
ནགས་ཀྱི་སེངྒེ་ལགས། འབད་པ་མ་བྱས་ན། རང་དགར་དོན་དག་འགྲུབ་ཐུབ་རྒྱུ་ཁག་པོ་ཡིན་པས། ༼ལུས་ངག་གི་རྩོལ་བ་ཆུ་རྒྱུན་ལྟ་བུ༽བསྣན་ནས་དྲུག་བྱས་ན་བདེ་བར་འདུག ད་དེ་རིང་ནས་བཟུང་ཁྱེད་ཀྱིས་ལམ་དེ་དག་ལ་སློབ་སྦྱོང་ཧུར་ཐག་གྱིས་ཤིག བསམ་དོན་ཟེར་ནོ་འདོད་ཐོག་ལ་རྟ་རྒྱུག་རྒྱུག་བྱེད་ཡོང་གི་རེད། ངའི་སློབ་མ་དགའ་བོ། ཧཧཧ བཀྲ་ཤིས་བདེ་ལེགས་བཅས།
ཡ་ལགས། ངའི་དགེ་རྒན་དགའ་བོ། ཡིན་ན་ཡང་ད་དུང་ང་ལ་དངོས་ལན་བཏབ་མི་འདུག སྐྱོན་མེད་ཀི སྔོན་མ་དགེ་ཆོས་ཀྱིས་ཀྱང་དགེ་རྒན་རྡོ་ཤེར་ལ་སུན་པོ་བཟོས་པ་མིན་ནམ། ད་ཁྱེད་ལ་ཡང་རང་ལས་མཁས་པའ་སློབ་མ་གཅིག་ཡོད་ནི་རེད། ཧ་ཧ། སླར་མཇལ། དགེ་རྒན་རིན་པོ་ཆེ་ལགས།
ནགས་ཀྱི་སེངྒེ་ལགས། ༼སྙིང་སྟོབས་རིག༽
ལྟར་ན། ༡ མངོན་འདོད། ༢ཆོད་སེམས། ༣ཐབས་འཕྲུལ། ༤ དྲན་འཛིན། ༥ འབྲས་བུ་བཅས་སོ།།
༼བུ་ལ་གདམས་པ༽
༡ དམིགས་ཡུལ། ༢ ཆོད་སེམས། ༣ ཐབས་འཕྲུལ། ༤ དྲན་འཛིན། ༥ ཧུར་བརྩོན། ༦ གྲུབ་འབྲས་བཅས་དྲུག
༼ང་ཚོ་ངེས་པར་དུ་འཇུག་དགོས་པའི་ལམ༽
༡ མངོན་འདོད། ༢ ཆོད་སེམས་སམ་སྙིང་སྟོབས། ༣ ཡིད་ལ་བྱེད་པའི་སྒོམ། ༤ ལུས་ངག་རྩོལ་བ་ཆུ་རྒྱུན་ལྟ་བུ། ༥ མཇུག་འབྲས།
དེ་དག་ལས་བུ་ལ་གདམས་པ་དེ། དག་པའི་ཕྱོགས་སུ་བཟུང་དགོས། ༼སྙིང་སྟོབས་རིག་པ༽ ལྟར བགྲངས་ན་ཧུར་བརྩོན་ཆད་པའི་སྐྱོན་དང་། ༼ང་ཚོ་ངེས་པར་དུ་འཇུག་དགོས་པའི་ལམ༽ལྟར་ན། ཐབས་འཕྲུལ་ཆད་འདུག་པས།
ཕས་བུ་ལ་གདམས་པའི་ཕྱོགས་དེ། དག་པའི་ཕྱོགས་སུ་འཛིན་དགོས་སོ།།
ད་ངའི་སློབ་མ་དགའ་བོ། ཁྱེད་བསོད་ནམས་ཆེན་པོ་རེད། གཞུང་ལུགས་མང་བོ་ཀློག་པའི་ཐུགས་ངལ་མ་དགོས་པ་དང་། དྲང་དོན་དང་ངེས་དོན་གང་ཡིན་རྩད་གཅོད་མ་དགོས་པར། རྩོམ་པ་པོ་ཉིད་ཀྱིས་དངོས་སུ་དག་སེལ་གནང་སྟེ། ཞལ་ནས་དངོས་སུ་གསུངས་བཞག་པ་རེད། དེ་མིན་ན་དུས་རབས་ཁ་ཤས་ཀྱི་རྗེས་སུ་ལམ་ལྔའམ་དྲུག་གང་ཡིན་ངོས་འཛིན་མི་མཐུན་པའི་རྩོད་གླེང་ཤུགས་ཆེན་འབྱུང་གི་རེད། ཧཧཧ། སྐུ་རྩེ་ཡིན། ཁྱེད་ཡང་ཡང་ཕེབས་པར་ཐུགས་རྗེ་ཆེ་ཞུའོ།།
དགེ་རྒན་རིན་པོ་ཆེ་ལགས།
ང་ཚོ་ངེས་པར་དུ་འཇུག་དགོས་པའི་ལམ། ༡ མངོན་འདོད། ༢ ཆོད་སེམས་སམ་སྙིང་སྟོབས། ༣ ཡིད་ལ་བྱེད་པའི་སྒོམ། ༤ ལུས་ངག་རྩོལ་བ་ཆུ་རྒྱུན་ལྟ་བུ། ༥ མཇུག་འབྲས་བཅས་ཡིན་ན་དེ་དུས་ཐབས་འཕྲུལ་ལ་བསམ་བློ་གཏོང་མི་དགོས་ནི་ཨེ་རེད། ངེས་པར་དུ་འཇུག་དགོས་པའི་ལམ་གྱི་ནང་དུ་ཐབས་འཕྲུལ་ནི་མེད་དུ་མི་རུང་བ་ཞིག་ཡིན་ཁ་རེད། ད་ངོ་མ་མི་ཤེས་ཀི་ལགས། མགོ་ཉོག་སོང་། ཡང་མིན་ན་ཁྱེད་དགེ་རྒན་ཞལ་གསལ་པོ་ཞིག་མ་རེད། ཡང་མིན་ན་ང་འདི་ངོ་མ་སློབ་མ་ལྐུགས་པ་ཞིག་རེད། སང་ཉིན་ཨ་ར་པ་ཙའི་མཚམས་ལ་གཅིག་འདུག་དགོས་པ་འདྲ། གང་ལྟར་ད་དུང་རིང་པོ་ཞིག་འབྲི་གི་ཡོད་གསུངས་ལ་སྒུག་བསྡད་ཡོད་ལགས། ཨ་དགེ་རྒན་དགའ་བོ། མན་ངག་ཡོངས་རྫོགས་གནང་ན་རང་མཁས་ཀྱི་སློབ་མ་ཐོན་རྒྱུར་མི་སྐྲག་གམ།
ཨོ་ཡ། ད་ཁྱོད་སློབ་མ་གྱོང་ཞེད་ཅན་ཞིག་རེད་འདུག དགེ་རྒན་གྱི་གསུང་སྔོན་མའི་ནང་མི་གསལ་བ་གཞུག་མའི་ནང་གསལ་བ། གཞུག་མའི་ནང་མི་གསལ་བ་སྔོན་མའི་ནང་གསལ་བ། དབུ་ལ་མི་གསལ་བ་དཀྱུས་ན་གསལ་བ། དཀྱུས་ན་མི་གསལ་བ་མཇུག་ན་གསལ་བ། དེ་དག་གང་དུའང་མི་གསལ་ན་དགོངས་པ་ལེན་དགོས་པ་རེད། ད་ནི་ས་སྐྱ་པན་ཆེན་གྱིས་སེངྒེའི་ལྟ་སྟངས་ཀྱིས་ཆོས་ཉིད་འཚོལ་བ། རུས་བལ་གྱི་འགྲོས་ཀྱིས་གཞུང་དོན་འཚོལ་བའི་གདམས་པ་དེ་ལག་ལེན་དུ་བསྟར་དགོས་པའི་དུས་ཚོད་མ་ཡིན་ནམ། ཀུ་རེ་ཡིན། ལམ་ལ་ད་དུང་དེས་མི་ཚད་ངས་སྙིང་བཏུས་འདྲ་ཞིག་བྱས་ཡོད། ལམ་གྱི་རྣམ་པ་ཆ་ཚང་ཞིག་རྩོམ་ཡིག་རྗེས་མར་འགོད་ཡོང་ལགས།