(བུ་མོ་ཞིག་གིས་ངའི་སེམས་ནང་ལ་ཟ་འཕྲུག་བསླངས་ནས་འབྲི་དགོས་བྱུང་།)
ཕོ་རོག་དཀར་པོས།
ཟུར་མིག་རྣོན་པོས་སེམས་ལ་ལྐོག་བརྡ་སྤྲོད།།
སྟངས་ཀ་མང་པོས་ང་རང་ཕར་ཕར་འཐེན།།
བཟི་བྱེད་ཆང་གི་ངར་ཤུགས་འབར་བ་ཡི།།
བུ་མོ་ཁྱོད་རང་མཐོང་ན་ཟ་འཕྲུག་ལངས།།
དཀར་བའི་གདོང་ལ་མཛེས་པའི་འཛུམ་མདངས་བཞུར།།
དམར་བའི་མཆུ་ལ་འོད་ཀྱིས་ཅུང་ཟད་འཁྱུད།།
སྨིན་མའི་འཁྲི་ཤིང་ཡོན་པོར་འགུལ་ཐེངས་རེར།།
ང་ལ་རང་དབང་མེད་པའི་ཟ་འཕྲུག་ལངས།།
ནུ་མའི་འབུར་གཟུགས་གསོན་པོར་འགུལ་བ་དང་།།
འཇམ་པའི་གཤིས་ཀར་ལྷོད་ཀྱིས་འཁྱུད་པ་ཡི།།
སྐྲ་རིང་བུ་མོ་ཁྱོད་ཀྱི་ལང་ཚོ་ལ།།
ང་རང་སེམས་ཀྱི་གཏིང་ནས་ཟ་འཕྲུག་ལངས།།
མཛེས་པའི་གོམ་སྟབས་དལ་གྱིས་བཞུད་པ་ཡི།།
ཅུང་ཟད་འབུར་བའི་འཕོངས་ཚོས་འགུལ་སྟབས་རེས།།
བཟི་བའི་མེ་ལྕེ་ཁོང་ནས་འབར་བྱེད་པའི།།
བུ་མོ་ཁྱོད་རང་མཐོང་བས་ཟ་འཕྲུག་ལངས།།
ཁྱོད་ལ་དགའ་བའི་ཕོ་རོག་དཀར་པོ་ང་།།
བརྩེ་བའི་སེམས་ཀྱིས་རྗེས་སུ་བཟུང་བ་ན།།
ལུས་དང་སེམས་ཀྱི་ཕྱེད་ཀ་ཁྱོད་ཕུལ་ནས།།
ཁྱོད་ལ་སེམས་ནས་དགའ་བའི་འོ་ཞིག་བྱེད།།
ང་ནི་བྱ་སྤུ་བཞིན་དུ་རླུང་གིས་ཁུར།།
བྱ་སྤུ་གནམ་ནས་ས་ལ་ལྷུང་དགོས་པས།།
ས་ཆེན་འདི་ལ་ཕ་མཐའ་མེད་ན་ཡང་།།
ཁྱོད་ཀྱི་རུམ་དུ་ལྷུང་ན་ཅི་མ་རུང་།
ལོ་དང་ཟླ་བའི་ཁུག་པ་རེ་རེའི་ནང་།།
ཁྱོད་དང་ཁྱོད་ཀྱི་ལང་ཚོའི་ཐིགས་པ་ལ།།
སེམས་པ་ཤོར་བའི་བཟི་སྣང་ཚོར་འགྱུ་འདི།།
གྱེན་ནས་གྱེན་དུ་འཕྱུར་བ་སུ་ཡིས་འགོག།
ཁྱོད་ཀྱིས་མི་ཤེས་ཁྱོད་ཀྱི་རྐང་རྗེས་ནང་།།
སེམས་ཀྱི་མིག་ཆུ་བཞིན་དུ་བཞུར་བའི་ང་།།
བརྩེ་དུང་སེམས་པ་ལག་པའི་མཐིལ་བཏེགས་ནས།།
ཁྱོད་ལ་འབོད་ཀྱིན་འབོད་ཀྱིན་ཡོང་གིན་ཡོད།།
༢༠༡༡ ༩ ༡
ལུས་སེམས་ཀྱི་ཕྱེད་ཀ་མ་གཏོགས་འབུལ་མ་ཐུབ་པས་ལག་ལ་མི་ཡོང་ཐག་ཆོད་རེད།
དཔེ་སྙན་པོ་འདུག
རྒན་ཀླུ་སྨྱོན། སྐུ་མཁྱེན། ཁྱེད་ཀྱིས་ཀྱང་ཚེ་རིང་སྐྱིད་མཐོང་ཐོས་དྲན་པའི་ཟ་འཕྲུག་ལངས་དགོས་པའི་སྙན་ངག་ཞིག་བྲི་རོགས། སྔོན་མ་བྲིས་པ་རྣམས་ཤིན་དུ་སྙན་པོ་འདུག ད་རེས་ཀྱི་སྙན་ངག་ནང་ལ་གཙོ་བོ་ཁོ་མོའི་བྱད་དབྱིབས་སྐོར་ལ་རང་བཞིན་བརྗོད་པའི་རྒྱན་ཞིག་སྤྲོད་རོགས།
ཚེ་རིང་སྐྱིད་ཐུག་སོང་། ངོ་མ་རྒན་ཁྱེད་ཀྱི་བཤད་པ་བཞིན་ཕོ་བརྒྱ་སེམས་པ་ཤོར་དགོས་པ་ཞིག་དང་མོ་བརྒྱ་རྙིང་རླུང་ལངས་དགོས་པ་ཞིག་འདུག
རྣལ་འབྱོར་ཕོ་རོག་དཀར་པོ། །ཟ་འཕྲུག་ཇི་ཙམ་ལངས་ཀྱང་། །ན་ཚོད་རྒས་ཀྱིས་ཁྱེར་བས། །མཛེས་མ་རག་རྒྱུ་དཀའ་འོ།། ཧཧཧ
ཡ་ཡ། ངས་ཅིག་འབྲི་ཨེ་ཐུབ་བལྟ། ཡིན་ན་ཡང་མཛེས་མའི་དགོངས་ཁྲོལ་མེད་པར་བྲིས་ན་ཆག་སྒོ་སློང་ནི་རེད། དང་པོར་ཁྱོད་ཀྱིས་མཛེས་མར་དགོངས་པ་ཞུས། དེ་ནས་ངས་འབྲི།