སློབ་དཔོན་འཇིགས་མེད་བློ་གྲོས་རྒྱལ་མཚན།
༼གསལ་བཤད། བཀུར་འོས་ཀློག་པ་པོ་རྣམས་ལ་ཞུ་རྒྱུར། དག་ཡིག་འདི་ནི་ཕྲན་རང་ལ་བློ་གྲོས་ཤིན་ཏུ་གསལ་པོ་ཡོད་པའི་དུས་ཤིག་སྟེ་ལོ་ཉེར་བདུན་གྱི་སྐབས་སུ་ཟི་ལིང་གི་མགྲོན་ཁང་ཞིག་ནས་བྲིས་པ་ཡིན། དག་ཡིག་འདི་དག་ཡིག་ངག་སྒྲོན་དང་། བརྡ་དག་བྱེ་མ་ལེབ་ཀྱི་གཤོག་རླབས། དག་ཡིག་མ་ཏོག དག་ཡིག་མཁས་པ་དགའ་སྐྱེད། ས་མཐའི་རྣམ་དབྱེ་མདོ་མཚོན་སོགས་སྔར་ཡོད་དག་ཡིག་ཐམས་ཅད་ཀྱི་སྙིང་པོ་བསྡུས་པ་ལྟ་བུ་ཞིག་ཡིན་ལ། བོད་ནང་ནས་མཚོ་སྔོན་སློབ་གསོ་དང་། རྒྱ་གར་ནས་ནོར་གླིང་གིས་པར་སྐྲུན་གནང་ཞིང་། རྗེས་སུ་རང་གཞུང་ཤེས་རིག་གིས་རྩ་འགྲེལ་གཉིས་ཀ་པར་སྐྲུན་གནང་སྟེ་རྒྱ་བལ་འབྲུག་གསུམ་གྱི་སློབ་གྲྭ་ཁག་ལ་བཀྲམས་ཡོད། དག་ཡིག་གི་མཇུག་ཏུ། གཞུང་ལུགས་མང་དུ་མཁྱེན་པའི་མཁས་པ་ལ།། ཉུང་ངུའི་བསྟན་བཅོས་འདི་ཡིས་ཅི་བྱ་སྟེ།། དང་བོའི་ལས་ཅན་བློ་གྲོས་གསར་བུ་བ། དེ་དག་རྣམས་ལ་འདི་ནི་མིག་དང་མཚུངས།། སྣ་ཚོགས་སྤྲོས་པ་མེད་པས་ཚིག་ཉུང་ཞིང༌།། གལ་ཆེའི་གནས་རྣམས་གསལ་བས་དོན་རབ་ལྡན།། སྡེ་ཚན་སོ་སོར་བྱས་པས་རྟོགས་སླ་བ།། དེས་ན་འདི་ནི་བརྡ་སྤྲོད་གཞན་ལས་འཕགས།། ཞེས་བྲིས་ཡོད་པ་དག་ཡིག་འདིའི་ཁྱད་ཆོས་བརྗོད་པ་ཙམ་ཡིན། དེར་མ་ཟད། སྔར་རང་གིས་ཚ་མོ་ལ་དག་ཡིག་ངག་སྒྲོན་སོགས་ཁྲིད་སྐབས་ཁག་པོ་དཔེ་མེད་བྱུང་བའི་ཉམས་མྱོང་གིས། དག་ཡིག་འདི་མིང་སྲིང་དང་། གྲྭ་བ་བཙུན་མ་སོགས་ཀྱི་བར་ལ་བཤད་བདེ་བོ་ཡོང་ཆེད། ཕོ་མོ་འཁྲིག་དང་སྤྲིན་ཕུང་འཁྲིགས།། ལག་པའི་འདོམ་དང་གསང་གནས་འདོམས།། ཞེས་སོགས་ནོར་ས་ཆེ་བས་འབྲི་དགོས་པ་འགའ་ཞིག་བསམ་བཞིན་དུ་བྲིས་མེད། འདི་ལ་རང་འགྲེལ་ཡོད་ཀྱང་ད་དུང་གློག་ཀླད་དུ་བཅུག་མེད་པ་དང་། ཅུང་རིང་བའི་རྒྱུ་མཚན་གྱིས་འདིར་རྩ་བ་དང་། དྲིས་ལན་ཉུང་ངུ་ཞིག་ཡོད་པ་གཉིས་མ་གཏོགས་བཀོད་མེད་ཅིང་། འདིར་བསྟན་རྣམས་ལས་འགའ་རེ་དག་ཡིག་མཁན་པོ་ཁ་ཅིག་གི་ལུགས་དང་ཅུང་མི་མཐུན་ཡང་། རང་གི་རིང་ལུགས་ཡིན་པ་ཡང་ཡོད། དེས་ན་ལ་དྭགས་བློ་བཟང་འཇམ་དཔལ་སོགས་མཁྱེན་ལྡན་རྣམས་ཀྱིས་གཟིགས་ཞིབ་དང་། དགོངས་ཚུལ་ལྷུགས་པོར་གསུངས་རོགས་ཞུ་བ་ལགས། ཐུགས་རྗེ་ཆེ།༽
༄༅༅།། འཕགས་མ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ།། བསོད་ནམས་སྤྲིན་གྱིས་ཉེ་བར་མཛེས་པ་གདོང་བཞིའི་གཙུག་གི་རི་བོ་ནི།། ཞབས་མཐིལ་འཁོར་ལོའི་འོད་ཀྱིས་ཕོག་པས་གཟི་བརྗིད་ཤིན་ཏུ་རྒྱས་མཛད་པ།། འགྲོ་བའི་བླ་མ་གསེར་གྱི་མཆོད་སྡོང་དཔེ་མེད་མཚན་དཔེའི་སྣང་བ་ཅན།། ཕན་དགོངས་ཤཱཀྱའི་སེངྒེ་དེ་ལ་ཡོན་ཏན་བསམས་པས་ཕྱག་འཚལ་ཏེ།། གངས་རི་དག་གིས་བསྐོར་བའི་དཔལ་ནི་ཡིད་འོང་ཞིང༌།། ཕོ་བྲང་དྲི་མེད་སྟོན་ཀའི་སྤྲིན་གྱི་ལང་ཚོ་ཅན།། གངས་ཅན་བརྡ་སྤྲོད་ཉི་མའི་མཛོད་ལས་བླངས་པ་ཡི།། སྐོམ་སེལ་བུམ་པའི་ཆུ་བཟང་འདི་ནི་བདག་གིས་སྤེལ།།
སྒྲ་ཡི་འགྲོས་ཙམ་མཐུན་པ་ཡིས།། ཡི་གེའི་སྦྱོར་བ་ལ་འཁྲུལ་ན།། དོན་རྣམས་ལོག་པར་འགྱུར་བའི་ཕྱིར།། སྙོམ་ལས་སྤངས་ཏེ་འབད་པར་རིགས།། སྔོན་འཇུག་དག་གིས་སྦྱོར་བ་དང༌། འཕྲད་དང་འགྱུར་སོགས་གཞན་དུ་ཤེས།། ཡ་ར་ལ་ཡི་འདོགས་ཅན་དང༌།། ནོར་ས་མེད་ཕྱིར་འདིར་མི་འབྲི།། འདིར་ནི་ས་མཐའི་རྣམ་དབྱེ་དང༌།། དབྱངས་དང་མགོ་ཅན་ཝ་བཏགས་ཀྱི།། རྣམ་གྲངས་ཉེ་བར་མཁོ་བའི་ཕྱིར།། སྡེ་ཚན་བཞིན་དུ་ཅི་ནུས་བརྗོད།།
ཀ་ཡི་སྡེ་ལ་གཟུགས་མི་འགྱུར།། ས་མཐའི་ཁྱད་པར་ཕྱེས་པ་མེད།། དེ་ཕྱིར་དབྱངས་དང་མགོ་ཅན་སོགས།། སྦྱོར་བའི་ནོར་ས་བསྟན་པར་བྱ།། ཀི་ཡིས་བཏབས་དང་ཀུ་ཤ་རྩྭ།། ལམ་ལ་བཀྲི་དང་དྲི་མ་བཀྲུ།། འཁའ་རུ་སྤྲིན་དཀྲིགས་གོ་རིམ་དཀྲུགས།། ཁྱོད་ཀྱི་སོགས་དང་ལྕགས་ཀྱུ་སོགས།། སྐྱི་གཡའ་བ་དང་སྐྱུ་རུ་ར།། གདོང་སོགས་བཀྲུས་དང་ཕོ་བ་བཀྲེས།། འབབ་པའི་ཆུ་ཀླུང་རྒྱ་མཚོའི་ཀློང༌།། སྐར་མ་སྐག་དང་འདབ་ཆགས་སྐེགས།། སྤོར་བའི་སྐྱས་དང་ཤིང་སོགས་སྐྱེས།། རེ་བ་སྐོང་དང་ཕག་ཏུ་སྐུང༌།། ཁ་དོག་དཀར་བ་ད་དཀར་ལ།། གནམ་གྱི་སྐར་མ་ས་སྐར་ཡིན།། དཀོན་མཆོག་དཀོར་ནི་ད་དཀོར་ལ།། གནས་སོགས་སྐོར་བ་ས་སྐོར་ཡིན།། སྲེད་པའི་བརྐམ་ཆགས་ར་བརྐམ་ལ།། ཉི་མས་བསྐམ་པ་ས་བསྐམ་ཡིན།། ས་སོགས་བརྐོས་པ་ར་བརྐོས་ལ།། ལས་ལ་བསྐོས་པ་ས་བསྐོས་ཡིན།། རྐང་བ་བརྐྱངས་པ་ར་བརྐྱངས་ལ།། སློབ་མ་བསྐྱངས་པ་ས་བསྐྱངས་ཡིན།། ཁ་ཡི་རྐན་ནི་ར་རྐན་ལ།། ཡོད་རེ་སྐན་ནི་ས་སྐན་ཡིན།། ངོས་ཀྱི་དཀན་གཟར་ད་ཡིས་འཕུལ།། ཆུ་ཡི་རྐ་ནི་ར་རྐ་ལ།། གོས་ཀྱི་སྐ་རགས་ས་སྐ་ཡིན།། སྒྲ་མཚུངས་དཀའ་ཚེགས་ད་ཡིས་འཕུལ།། རང་རྐྱ་ཐུབ་པ་ར་རྐྱ་ལ།། སྐྱ་བབ་སོགས་ནི་ས་སྐྱ་ཡིན།། རི་དྭགས་རྐྱང་ནི་ར་རྐྱང་ལ།། ཁ་སྐྱེངས་པ་ནི་ས་སྐྱེངས་ཡིན།། རྙི་ཡི་རྐོན་པར་ར་རྐོན་ལ།། གོས་སོགས་སྐོན་པ་ས་སྐོན་ཡིན།། སྒྲ་མཚུངས་དཀོན་མཆོག་ད་ཡིས་འཕུལ།། མར་མེའི་རྐོང་བུ་ར་རྐོང་ལ།། ཁ་སྐོང་བ་ནི་ས་སྐོང་ཡིན༌།། མཐུན་པའི་རྐྱེན་ནི་ར་རྐྱེན་ལ།། འཕོང་གི་སྐྱེན་ནི་ས་སྐྱེན་ཡིན།། རྐུན་མའི་རྐུ་ནི་ར་རྐུ་ལ།། ཞེ་སའི་སྐུ་ནི་ས་སྐུ་ཡིན།། ལུས་ཀྱི་དཀུ་སྐབས་ད་ཡིས་འཕུལ།། ལྐོག་གྱུར་ལྐོག་ནི་ལ་ལྐོག་ལ།། ཤུན་པའི་སྐོགས་ནི་ས་སྐོགས་ཡིན།། ཁ་ལྕེ་ལྐུགས་པ་ལ་ལྐུགས་ལ།། ཤོ་རྒྱན་སྐུགས་པ་ས་སྐུགས་ཡིན།། ཀྭ་ཡེ་ཞེས་བྱ་བོད་པ་སྟེ།། ཝ་བཏགས་ཀྭ་ནི་དེར་ངེས་ཞེས།། བཤད་ཀྱང་དེང་སང་བཀྭན་ཡུས་དང༌།། ཞི་བཀྭའ་སོགས་ལའང་བཏགས་པ་མཐོང༌།། དེ་དག་ཀ་ཡི་ནོར་སའོ།།
ཤིང་ཐོག་ཁམ་བུ་འབྱུང་བའི་ཁམས།། བྱི་བའི་ཁུང་དང་ཕུགས་ཀྱི་ཁུངས།། རྐང་བ་འཁུམ་དང་ཤེས་པ་འཁུམས།། འཁྱག་ནས་འཁོབ་དང་ཆུམ་པའི་འཁོབས།། འཐབ་པའི་འཁྲུག་དང་གོ་རིམ་འཁྲུགས།། ཁོང་ཁྲོ་བ་དང་ཁོངས་སུ་གཏོགས།། བཀུག་པའི་ཁུག་དང་སྟན་གྱི་ཁུགས།། སྒོ་ཡི་ཁྱི་དང་ཚོགས་པའི་ཁྱུ།། གདན་གྱི་ཁྲི་དང་ལག་པའི་ཁྲུ།། མེ་ཏོག་འཁྲི་ཤིང་སྦྱོངས་པའི་འཁྲུ།། ལམ་ལ་འཁྲིད་དང་དྲི་མ་འཁྲུད།། ལུས་ལ་འཁྲིལ་དང་ནོར་བའི་འཁྲུལ།། ལུགས་ཀྱི་ཁྲིམས་དང་ཟླ་བའི་ཁྲུམས།། ཐ་གུས་འཁྱིག་དང་གློག་དམར་འཁྱུག། ཚད་ཀྱི་མཁྱིད་དང་མཁྱུད་སྤྱད་སྦྱར།། གནས་ཀྱི་ཁང་བ་དྲེགས་པའི་ཁེངས།། ཆར་སྤྲིན་འཁྲིགས་པ་གི་གུ་སྟེ།། འདི་ནི་གོ་རིམ་འཁྲུགས་ལས་ལྡོག། ཁ་ལ་ཝ་བཏགས་ཁྭ་ཏ་སྟེ།། ཝ་བཏགས་ཁྭ་ནི་དེར་ངེས་སོ།། དེ་དག་ཁ་ཡི་ནོར་སའོ།།
གང་ཞིག་སོགས་དང་གངས་ཀྱི་རི།། དུད་འགྲོ་གྲོག་མ་མཛའ་བའི་གྲོགས།། ཐག་རིང་རྒྱང་དང་མངོན་པའི་རྒྱངས།། རྐང་བས་རྒྱུག་དང་ཇ་སོགས་རྒྱུགས།། རེ་བའི་དངོས་གྲུབ་ཆག་འབྱོར་གྲུབས།། འདབ་ཆགས་གླག་དང་བསླུ་ཐབས་གླགས།། དུད་ཚོའི་གྲོང་དང་གུམ་པའི་གྲོངས།། རེག་བྱའི་གྲང་དང་རྩིས་ཀྱི་གྲངས།། ལྕགས་སྒྲོག་དང་ནི་སྐད་སྒྲ་སྒྲོགས།། འགྲོ་བའི་གོམ་དང་འདྲིས་པའི་གོམས།། བྱ་གེག་དང་ནི་བར་ཆད་གེགས།། ཁུ་བྱུག་གྲག་དང་སྙན་པའི་གྲགས།། ཉིན་གྱི་དགོང་ཀ་ཐུགས་ཀྱི་དགོངས།། ཆུ་ཡི་འགྲམ་དང་ཁྱབ་པའི་འགྲམས།། གཙོག་གྲིབ་གླེགས་བམ་སྤྱང་གྲུང་རྣམས།། དངོས་གྲུབ་སོགས་ཀྱི་ལྡོག་ཕྱོགས་ཡིན།། གྱི་ན་བ་དང་གྱ་གྱུ་ཆེ།། ཐུམ་གྱིས་འགྲིལ་དང་མགྲོན་གྱི་འགྲུལ།། དྲི་མས་སྒྲིབ་དང་རིགས་པས་སྒྲུབ།། རལ་གྲི་སོགས་དང་ཡུལ་གྲུ་སོགས།། གྲལ་སོགས་བསྒྲིགས་དང་བྱེ་མ་བསྒྲུགས།། བློ་ཡིད་གྲིམས་དང་གཅན་གཟན་གྲུམ།། ཉིན་གྱི་གུང་དང་གྲལ་གྱི་གོང༌།། ལོ་ཡི་དགུང་གྲངས་སྨད་པའི་དགོང༌།། དད་པའི་གུས་དང་རས་ཀྱི་གོས།། ཆུ་སོགས་བསྒྲུངས་དང་བསད་པའི་བསྒྲོངས།། ལྟོ་བ་འགྲང་དང་གྱེན་དུ་འགྲེང༌། གྲངས་བགྲངས་པ་དང་རྒྱལ་མཚན་བསྒྲེངས།། འགྲོ་ལམ་བགག་དང་གདོན་གྱི་བགེགས།། སྒྲ་མཚུངས་མནའ་བསྒགས་ས་མགོ་ཅན།། གླང་བོ་ཡུལ་གླིང་གཏམ་གླེང་བྱེད།། དགེ་འདུན་པ་ནི་ད་དགེ་ལ།། སྒེའུ་ཁུང་ནི་ས་སྒེའུ་ཡིན།། གྲངས་ཀྱི་དགུ་ནི་ད་དགུ་ལ།། འདོད་རྒུ་སོགས་ནི་ར་རྒུ་ཡིན།། བཞད་པའི་དགོད་ནི་ད་དགོད་ལ།། བྱ་རྒོད་སོགས་ནི་ར་རྒོད་ཡིན།། གནོད་པའི་དགྲ་ནི་ད་དགྲ་ལ།། སྙན་པའི་སྒྲ་ནི་ས་སྒྲ་ཡིན།། ཤུན་པ་དགོག་པ་ད་དགོག་ལ།། སྔོ་ཡི་སྒོག་པ་ས་སྒོག་ཡིན།། འགུག་པའི་དགུག་ནི་ད་དགུག་ལ།། གྲོགས་ཀྱིས་སྒུག་པ་ས་སྒུག་ཡིན།། དུས་ཀྱི་དགུན་ནི་ད་དགུན་ལ།། ཤིང་ཐོག་རྒུན་འབྲུམ་ར་རྒུན་ཡིན།། ལྟག་པར་དགྱེ་བ་ད་དགྱེ་ལ།། སྣོད་ཀྱི་སྒྱེ་ནི་ས་སྐྱེ་ཡིན།། ནང་རོལ་རྒྱུ་མ་ར་རྒྱུ་ལ།། མི་བདེན་སྒྱུ་མ་ས་སྒྱུ་ཡིན།། ན་ཚོད་རྒ་བ་ར་རྒ་ལ།། རྟ་ཕོའི་སྒ་ནི་ས་སྒ་ཡིན།། སྒྲ་མཚུངས་ཡིད་དགའ་ད་ཡིས་འཕུལ།། རི་དྭགས་རྒ་བ་ར་རྒོ་ལ།། ཁང་བའི་སྒོ་ནི་ས་སྒོ་ཡིན།། ཆུ་སོགས་བརྒལ་བ་ར་བརྒལ་ལ།། ལུས་ཀྱི་སྒལ་བ་ས་སྒལ་ཡིན།། རྩེ་བྱད་ལྒང་ལི་ལ་ལྒང་ལ།། ས་མཐོའི་སྒང་ནི་ས་སྒང་ཡིན།། ན་སོ་བགྲེས་ལ་ས་མགོ་མེད།། ཁྲག་ལ་བསྒྲེས་པ་ས་མགོ་ཅན།། སྐལ་བ་བགོས་ལ་ས་མགོ་སྤངས།། བཀའ་བསྒོས་པ་ནི་དེ་ལས་ལྡོག། འབྲི་གཡག་གྭ་པ་གོས་ཀྱི་གྲྭ།། གྲྭ་དོར་ཆོས་གྲྭ་གྲྭ་བ་དང༌།། གྲྭ་ཟུར་རྣམས་ནི་ཝ་འདོགས་ཏེ།། ཝ་བཏགས་ག་ནི་དེར་ངེས་སོ།། ཁ་ཅིག་གྭ་པ་གྭ་དོར་ལས།། ཝ་བཏགས་མེད་པར་གསུངས་མོད་ཀྱང༌།། འདི་ནི་དཔལ་ཁང་ལོ་ཙཱ་དང༌།། དཔྱི་ས་བློ་གྲོས་རྒྱ་མཚོའི་ལུགས།། དེ་དག་ག་ཡི་ནོར་སའོ།།
གཞན་ལ་ངོམ་དང་ཚིམས་པའི་ངོམས།། མངག་གཞུག་པ་དང་རྒྱང་དུ་མངགས།། བརྗིད་པའི་རྔམ་དང་མཐུག་པའི་རྔམས།། བརྗེད་ངས་པ་དང་ཚད་མས་ངེས།། རིན་ཆེན་དངུལ་ནི་ད་དངུལ་ལ།། ལུས་ཀྱི་རྔུལ་ནི་ར་རྔུལ་ཡིན།། རི་དྭངས་རྔོན་པ་ར་རྔོན་ལ།། མདུན་གྱི་སྔོན་ནི་ས་སྔོན་ཡིན།། བརྡུང་བྱའི་རྔ་ནི་ར་རྔ་ལ།། གྲངས་ཀྱི་ལྔ་ནི་ལ་ལྔ་ཡིན།། དེ་དག་ང་ཡི་ནོར་སའོ།།
བྲབ་པའི་ལྕག་དང་མགར་བའི་ལྕགས།། ཁང་བའི་ལྕོག་དང་བློ་ཡིས་ལྕོགས།། ཅི་ཞིག་སོགས་དང་སུམ་ཅུ་སོགས།། རློན་པ་བཅིར་དང་འཕྲང་དུ་བཅུར།། བློ་ཡིས་ལྕིགས་དང་ལྕུག་ཕྲན་ཤིང༌།། ལག་པ་གཅུས་དང་གཅེས་པའི་ནོར།། ནུ་བོའི་གཅུང་དང་གཅོང་རོང་སོགས།། ཅུང་ཟད་སོགས་དང་རོལ་མོ་ཅོང༌།། འཆང་བའི་བཅངས་དང་ཐག་པས་བཅིངས།། ལྕོང་ཀ་ལྕོང་མོ་ལ་མགོ་སྟེ།། ནུ་བོའི་གཅུང་ལ་སོགས་ལས་ལྡོག། བཅྭོ་ལྔ་བཅོ་བརྒྱད་ཝ་འདོགས་ལོ།། དེ་དག་ཅ་ཡི་ནོར་སའོ།།
བཏུང་བའི་ཆང་དང་ཟན་གྱི་ཆངས།། དུམ་བུར་ཆག་དང་བློ་ཡིད་ཆགས།། ཆུ་ཡི་ཆབ་དང་ལྷན་ཅིག་ཆབས།། འགྲོ་བའི་འཆག་དང་ཉེས་པ་འཆགས།། ཆེམ་སྒྲ་གྲག་དང་ཁ་ཆེམས་སྨྲ།། རིན་ཆེན་མཆོང་དང་རྩལ་གྱིས་མཆོངས།། གྲོགས་མེད་ཆིག་རྐྱང་ཁ་རུ་ཆུགས།། ཡོད་པའི་མཆི་དང་རྩོད་པའི་མཆུ།། རྟ་ལ་ཆིབས་དང་མངོན་བྱང་ཆུབ།། རིག་སྔགས་འཆང་དང་འཆིང་ཞགས་འཛིན།། ཡོ་བྱད་ཆས་ཀ་བློ་ཡིད་ཆེས།། ཆིངས་སུ་བཅིངས་པ་གུག་ཅན་ཏེ།། འདི་ནི་ཟན་ཆངས་སོགས་ལས་ལྡོག། དེ་དག་ཆ་ཡི་ནོར་སའོ།།
རྩྭ་ཡི་འཇག་མ་ཡིད་ལ་འཇགས།། མི་རྟག་འཇིག་དང་སྐྲག་པའི་འཇིགས།། གཉེན་གྱི་རྩ་འཇིང་རྒྱ་མཚོའི་འཇིངས།། སྲིན་བུ་འཇི་བ་ལག་པས་འཇུ།། འདག་གི་འཇིམ་པ་ཤ་ཡི་འཇུམས།། ལྕི་བའི་ལྗིད་དང་རིད་པའི་ལྗུད།། སེར་སྣའི་འཇུངས་དང་དབྱིབས་ཀྱི་འཇོངས།། དེ་དག་ཇ་ཡི་ནོར་སའོ།།
ཉམ་ང་བ་དང་ཉམས་རྟོགས་བཟང༌།། གྲི་ཡི་གཉག་དང་རུས་ཀྱི་གཉགས།། རྙི་ཡི་རྙོང་དང་ཐུར་དུ་རྙོངས།། སྙོམ་ལས་སོགས་དང་ཀུན་ལ་སྙོམས།། རི་སོགས་ཉིལ་དང་ནགས་སུ་ཉུལ།། དུས་ཀྱི་སྙིགས་མ་ཡུན་གྱི་སྙུགས།། བསལ་བའི་བསྙིགས་དང་སྣུམ་གྱིས་བསྙུགས།། གཅིག་གི་གཉིག་དང་གཉུག་མར་གནས།། གྲལ་ནས་ཕྱིར་བརྙིལ་བཀྲུས་བརྙུལ་བྱས།། ཉག་གཅིག་སོགས་དང་སྣ་ཉེག་སོགས།། རུས་ཀྱི་ཉང་དང་ཉིང་ཁུར་བྱས།། ཁ་བརྙངས་བྱས་དང་གོས་སོགས་བརྙིངས།། གཞན་ལ་བརྙས་བཅོས་གྲུབ་པ་བརྙེས།། ནོར་རྙེད་པ་ནི་ར་རྙེད་ལ།། ཇི་སྙེད་སོགས་ནི་ས་སྙེད་ཡིན།། རི་དྭགས་རྙི་ནི་ར་རྙི་ལ།། རེག་བྱའི་སྙི་ནི་ས་སྙི་ཡིན།། ཉ་ལ་ཝ་ཟུར་ཉྭ་བཞི་སྟེ།། ཝ་བཏགས་ཉྭ་ནི་དེར་ངེས་སོ།། དེ་དག་ཉ་ཡི་ནོར་སའོ།།
རྣམ་རྟོག་སོགས་དང་བློ་ཡིས་རྟོགས།། རྒྱུན་དུ་རྟག་དང་མི་འཁྲུལ་རྟགས།། སྨྲ་བའི་གཏམ་དང་བཅུད་ཀྱིས་གཏམས།། སྒེག་ཉམ་སྟེག་དང་གར་གྱི་སྟེགས།། ལྟེམ་གྱིས་གང་དང་བྱད་ཀྱི་ལྟེམས།། ཟས་སོགས་སྟོབ་དང་རྩལ་གྱི་སྟོབས།། རྡོ་བ་སྟང་ཟིལ་འཇིགས་པའི་སྟངས།། གྲངས་ཀྱི་སྟོང་དང་ཟད་ནས་སྟོངས།། གཅན་གཟན་གཏུམ་པོ་གཡོགས་པའི་གཏུམས།། སྤྲིན་ལྟར་གཏིབས་དང་གྲི་ཡིས་གཏུབས།། མགོན་གྱི་བསྟང་དང་བསྟིང་ཚིག་སྨྲ།། གཏང་རག་སྦྱིན་དང་གཏིང་ཟབ་ཆུ།། བཟུང་བ་བཏང་དང་གདན་སོགས་བཏིང༌།། མིང་དུ་བཏགས་དང་ལག་པ་བཏེགས།། སྔོ་སྨན་ཏང་ཀུན་ཏིང་འཛིན་བསྒོམས།། མི་བཟད་གཏེར་ནི་ག་གཏེར་ལ།། སློང་ལ་སྟེར་བ་ས་སྟེར་ཡིན།། ཞོན་པའི་རྟ་ནི་ར་རྟ་ལ།། གྲུབ་མཐའི་ལྟ་བ་ལ་ལྟ་ཡིན།། གཅོད་བྱེད་སྟ་རེ་ས་སྟའོ།། མི་འགྱུར་རྟག་པ་ར་རྟག་ལ།། མགོ་བོའི་ལྟག་པ་ལ་ལྟག་ཡིན།། གཅན་གཟན་སྟག་ནི་ས་སྟག་གོ། ཐག་པས་རྟོད་པ་ར་རྟོད་ལ།། ལུས་ཀྱི་སྟོད་ནི་ས་སྟོད་ཡིན།། བརྩོན་པའི་བརྟུན་ནི་ར་བརྟུན་ལ།། གཞན་ལ་བསྟུན་པ་ས་བསྟུན་ཡིན།། ཡིད་རྟོན་བྱེད་ནི་ར་རྟོན་ལ།། དམ་ཆོས་སྟོན་པ་ས་སྟོན་ཡིན།། གློ་བུར་བརྟད་པ་ར་བརྟད་ལ།། སྒ་སོགས་བསྟད་པ་ས་བསྟད་ཡིན།། རྒྱུན་དུ་བརྟན་པ་ར་བརྟན་ལ།། རྒྱལ་བའི་བསྟན་པ་ས་བསྟན་ཡིན།། གཞན་ལ་བརྟེན་པ་ར་བརྟེན་ལ།། རང་གིས་བསྟེན་པ་ས་བསྟེན་ཡིན།། ཆུ་ཡི་ལྟིང་ཀ་ལ་ལྟེང་ལ།། ཐོག་གི་སྟེང་ནི་ས་སྟེང་ཡིན།། དེ་ལྟར་སོགས་ནི་ལ་ལྟར་ལ།། ཤིང་ཐོག་སྟར་བུ་ས་སྟར་ཡིན།། ཉེས་པའི་ལྟུང་བ་ལ་ལྟུང་ལ།། ཐུང་ངུར་བསྟུངས་པ་ས་བསྟུངས་ཡིན།། མདའ་ཡི་ལྟོང་ནི་ལ་ལྟོང་སྟེ།། འདི་ནི་གྲངས་ཀྱི་སྟོང་ལས་ལྡོག། ཕོ་བ་ལྟོགས་པ་ལ་ལྟོགས་ཏེ།། བློ་ཡིས་རྟོགས་ལས་ལྡོག་པའོ།། དེ་དག་ཏ་ཡི་ནོར་སའོ།།
རྒྱེད་པུའི་ཐབ་དང་བློ་ཡི་ཐབས།། རི་མོའི་ཐིག་དང་ཟགས་པའི་ཐིགས།། སྟེང་གི་ཐོག་དང་གཞན་གྱིས་ཐོགས།། མིག་གི་མཐོང་དང་ནམ་མཁའི་མཐོངས།། འཕྲད་པའི་ཐུག་དང་ལྷ་ཡི་ཐུགས།། རྟ་ཡི་ཐོང་དང་མངགས་པའི་ཐོངས།། སྣ་ཐག་སོགས་དང་བར་ཐགས་རིང༌།། ཐམ་ཀ་སོགས་དང་ཐམས་ཅད་ཚང༌།། གྲུབ་མཐའི་ཐེག་པ་ལམ་ལ་ཐེགས།། འདབ་ཆགས་ཐི་བ་སྲས་ཐུ་བོ།། ནགས་ཀླུང་ཐིབ་པོ་དགྲ་བོ་ཐུབ།། ཆར་སྤྲིན་འཐིབས་དང་དུམ་བུར་འཐུབས།། ཆུ་ལ་ཐིམ་དང་རས་ཀྱི་ཐུམ།། མཐང་གོས་དང་ནི་ཚོན་གྱི་མཐིང༌།། མེ་ཏོག་ཐང་དང་ཐེངས་གཅིག་ཕེབས།། ལམ་ཐག་ཐུང་ངུ་ཞབས་ཀྱུ་སྟེ།། འདི་ནི་རྟ་ཡི་ཐོང་ལས་ལྡོག། དེ་དག་ཐ་ཡི་ནོར་སའོ།།
ཡོ་མེད་དྲང་པོ་གནས་ནས་དྲངས།། མི་དགེ་སྡིག་དང་གཤེ་བའི་བསྡིགས།། རྡུལ་གྱི་དྲེག་དང་སྟོབས་ཀྱིས་དྲེགས།། ཆུང་བའི་དོག་དང་དགྲ་ལ་དོགས།། གནོད་པའི་གདུག་དང་དབུབ་པའི་གདུགས།། རུས་ཀྱིས་གདུང་དང་ཉི་མས་གདུངས།། ཞལ་གྱི་གདོང་དང་ཁ་མིག་གདོངས།། མཚན་མོའི་མདང་དང་ཚོན་གྱི་མདངས།། མཚམས་ཀྱི་དང་དང་གསལ་བའི་དྭངས།། སྐས་ཀྱི་གདང་དང་སྐད་ཀྱི་གདངས།། གདེང་ཐོབ་པ་དང་ཞལ་སྒོ་གདེངས།། དེང་གི་དུས་དང་དབྱིངས་སུ་དེངས།། དྲི་མ་དག་དང་རི་དྭགས་སོགས།། དྲི་བསུང་ལྡང་དང་ནེའུ་ལྡངས།། མེ་ཏོག་འདབ་མ་རི་ཡི་འདབས།། གཏུམ་དྲག་ཆེ་དང་ཐལ་དྲགས་པ།། རོལ་མོ་དུང་དང་ཡུལ་ལ་དུངས།། ལྡོང་རོས་དང་ནི་བློ་མིག་ལྡོངས།། རྟ་སོགས་གདམ་དང་མན་ངག་གདམས།། མཆི་བྱེད་དུག་དང་དཔྱད་ཀྱི་དུགས།། འབྲུག་སྒྲ་ལྡིར་དང་ཐུག་པ་ལྡུར།། གཏམ་འདྲི་བྱེད་དང་མཚང་ནས་འདྲུ།། འདི་རུ་སོགས་དང་འདུ་ལོང་བྱེད།། ཁ་འདྲིད་བྱེད་དང་ཤིང་སོགས་འདྲུད།། གོམས་པའི་འདྲིས་དང་ཕྱོགས་གཅིག་འདྲེས།། མཁའ་ལྡིང་དབང་བོ་སེང་ལྡེང་ནགས།། དྲས་དྲུབ་བྱས་དང་རྩྭ་དྲེས་མ།། མཚོན་ཆ་མདུང་དང་སྒྲོ་ཡི་མདོངས།། སྟན་འདིང་ཕྱིས་འདང་སང་ཉིན་འདེང༌།། གདགས་པའི་གཞི་དང་གྱེན་ལ་འདེགས།། གོས་ཀྱི་གདང་དང་གདིང་བ་བཏིང༌།། ཡོད་པའི་བདོག་ནི་བ་བདོག་ལ།། གོས་མཐའ་བསྡོག་པ་ས་བསྡོག་ཡིན།། ཐག་རྡང་བྲན་པ་ར་རྡང་ལ།། མཆོངས་ལྡིང་བྱེད་པ་ལ་ལྡིང་ཡིན།། ཞེ་སྡང་སྐྱེས་པ་ས་སྡང་ངོ༌།། གཞན་ལ་བརྡེག་པ་ར་བརྡེག་ལ།། ལྕེ་ཡིས་བལྡག་པ་ལ་བལྡག་ཡིན།། བྲོ་བརྡུངས་བྱས་པ་ར་བརྡུངས་ལ།། ལྕགས་སོགས་བསྡུངས་པ་ས་བསྡུངས་ཡིན།། རྔ་སོགས་རྡུང་བ་ར་རྡུང་ལ།། ནགས་ཀྱི་སྡོང་བོ་ས་སྡོང་ཡིན།། ཁང་བ་རྡིབ་པ་ར་རྡིབ་ལ།། སྐད་ཀྱི་ལྡབ་ལྡིབ་ལ་ལྡིབ་ཡིན།། ཕྲེང་རྡོག་སོགས་ནི་ར་རྡོག་ལ།། སླར་ལ་ལྡོག་པ་ལ་ལྡོག་ཡིན།། ལག་རྡུམ་སོགས་ནི་ར་རྡུམ་ལ།། རྩྭ་ཡི་ལྡུམ་བུ་ལ་ལྡུམ་ཡིན།། ངན་པ་ཐབས་རྡུགས་ར་རྡུགས་ལ།། སྣོད་དུ་ལྡུགས་པ་ལ་ལྡུགས་ཡིན།། གཏོར་མ་བརྡབས་པ་ར་བརྡབས་ལ།། བསྐྱར་བའི་བལྡབས་པ་ལ་བལྡབས་ཡིན།། ཕུར་བ་རྡེབ་པ་ར་རྡེབ་ལ།། གྱང་གི་ལྡེབས་ནི་ལ་ལྡེབས་ཡིན།། ཡི་གེའི་སྡེབ་སྦྱོར་ས་སྡེབ་བོ།། སོ་ཡིས་བལྡད་པ་ལ་བལྡད་ལ།། ས་རུ་བསྡད་པ་ས་བསྡད་ཡིན།། འཁྱར་བའི་ལྡོམ་ནི་ལ་ལྡོམ་ལ།། སྲིན་བུ་སྡོམ་ནི་ས་སྡོམ་ཡིན།། རེ་ལྡེའི་ལྡེ་ནི་ལ་ལྡེ་ལ།། སྡེ་ཚན་བྱས་པ་ས་སྡེ་ཡིན།། ཆུ་སོགས་ལྡུད་པ་ལ་ལྡུད་ལ།། ཚུར་ལ་སྡུད་པ་ས་སྡུད་ཡིན།། ཡི་དྭགས་རི་དྭགས་ཚིག་བླ་དྭགས།། གཡུང་དྭགས་དྭངས་བསིལ་ནམ་མཁའ་དྭངས།། མ་མེད་དྭ་ཕྲུག་དྭགས་པོའི་ཡུལ།། ཁ་ཅིག་ཕྱི་མ་མི་བཞེད་ཀྱང༌།། ཁུངས་ལྡན་གཞུང་དུ་བྲིས་པ་མཐོང༌།། དེ་རྣམས་ཝ་དང་ལྡན་པའི་ད།། དེ་དག་ད་ཡི་ནོ་སའོ།།
ཁ་དོག་ནག་དང་ཤིང་གི་ནགས།། ཁང་བའི་ནང་དང་སང་ཉིན་ནངས།། སྦྱིན་པ་གནང་དང་གནངས་ཀྱི་ཉིན། རྣམ་གྲངས་སོགས་དང་མང་པོའི་རྣམས།། ནམ་ཞིག་དུས་དང་བསོད་ནམས་བསགས།། གོས་ཕྲུག་ནོམ་པ་ལག་པས་ནོམས།། ཁྱོད་ནི་སོགས་དང་ཨ་ནུ་སོགས།། ལྷག་པར་སྣོན་དང་སྣྲོན་གྱི་ཟླ།། མཚོ་སོགས་སྣུབས་དང་སྐར་མ་སྣྲུབས།། དེ་དག་ན་ཡི་ནོར་སའོ།།
བདེན་རྫུན་དཔང་དང་མཐོན་པོའི་དཔངས།། ས་གཞིའི་སྤང་དང་ཉེས་པ་སྤངས།། དཔག་བསམ་ཤིང་དང་བློ་ཡིས་དཔགས།། ཁྲོན་པའི་དཔྱང་ཐག་ཐུར་དུ་དཔྱངས།། རྣ་བའི་རྣ་སྤབ་རྡུལ་གྱིས་སྤབས།། པི་ཝང་སོགས་དང་པུ་ཤུད་སོགས།། པིར་གྱི་སྨྱུག་གུ་པུར་རྒྱལ་བོད།། དམག་གི་དཔུང་དང་ཚོགས་སའི་དཔོང༌།། ཕུང་བོར་སྤུངས་དང་སྤོང་བ་བ།། སྟག་ལྤགས་སོགས་ནི་ལ་ལྤགས་ཏེ།། བསྲེས་པའི་སྤགས་པ་ས་སྤགས་ཡིན།། དེ་དག་པ་ཡི་ནོར་སའོ།།
རི་ཡི་ཕང་བ་གཅེས་པའི་ཕངས།། བྲག་གི་ཕུག་པ་ཕུགས་བསམ་བཟང༌།། ལྷ་མིའི་གོ་འཕང་རྒྱང་དུ་འཕངས།། དད་པའི་ཕྱག་དང་ས་རྡུལ་ཕྱགས།། གདམས་ངག་ཕོག་དང་འགྱེད་སོགས་ཕོགས།། གཡོ་འགུལ་འཕག་དང་གཞན་ལས་འཕགས།། ནོར་གྱིས་ཕྱུག་དང་དུད་འགྲོའི་ཕྱུགས།། སྣམ་བུའི་ཕྲུག་དང་ཉིན་ཞག་ཕྲུགས།། གསེར་གྱི་རྒྱ་ཕིབས་མཚོན་འགོག་ཕུབ།། ཁུ་འཕྲིག་སོགས་དང་ཟ་ཕྲུག་སྐྱེས།། འབྲས་ཀྱི་ཕུང་བོ་དབུལ་ཞིང་ཕོངས།། ལམ་འཕྲང་བགྲངས་ཕྲེང་སེམས་ལ་འཕྲེང༌།། ཕ་ལ་ཝ་ཟུར་ཕྱྭ་གཡང་སྟེ།། གཞུང་ལུགས་མང་བོར་བྲིས་པ་མཐོང༌།། དེ་དག་ཕ་ཡི་ནོར་སའོ།། །།
གསོར་གྱིས་དབུག་དང་ཁ་ཡི་དབུགས།། ནུབ་པའི་བྱིང་དང་ཕལ་ཆེའི་བྱིངས།། བཟོས་པའི་འདྲ་འབག་དྲི་ལས་འབགས།། བག་ཆགས་ཆེ་དང་བགས་ཀྱིས་ཟ།། སྐབས་སུ་བབ་དང་ཐུར་ཐུར་དུ་བབས།། བང་མཛོད་སོགས་དང་ཆུ་ཡི་བངས།། བླང་དང་དོར་བྱ་ཉམས་སུ་བླངས།། རི་བོང་སོགས་དང་ལུས་བོངས་ཆེ།། དྲི་ཡི་བྱུག་པ་ལུས་ལ་བྱུགས།། གདོན་གྱི་སྨྱོ་འབོག་བསླབ་པ་འབོགས།། བདེ་བླག་ཉིད་དང་རྣ་བ་བླགས།། སྦོམ་ཕྲ་དང་ནི་ཕྱོགས་གཅིག་སྦཽམས།། ཆང་གི་སྦང་མ་ཆུ་ལ་སྦངས།། རྫ་ཡི་འབྲོང་དང་བསྟེན་པའི་འབྲོངས།། ཤིང་ཐོག་བིལ་བ་འགྱང་བའི་བུལ།། རི་མོ་བྲིས་དང་ཁུང་བུ་བྲུས།། གཅན་གཟན་བྱི་ལ་བྱུ་རུའི་རྒྱན།། བིམ་པའི་འབྲས་བུ་མཆུ་ཡི་བུམ།། ནོར་གྱི་དབྱིག་དང་ཤིང་གི་དབྱུག། ཆུ་སོགས་བྲི་དང་ཕོ་བ་བྲུ།། དུད་འགྲོ་འབྲི་དང་གྲོ་ནས་འབྲུ།། ཉོ་ཚོང་བྲིན་དང་བྱ་ཡི་བྲུན།། ཟས་སོགས་འབྲིམ་དང་འབྲུམ་བུའི་ནད།། རབ་འབྲིང་རྗེས་འབྲང་ཀོ་བའི་འབྲེང༌།། བྱིས་པ་ཆུང་ངུ་བྱེས་སུ་འགྲོ།། འབྱུང་བོ་སོགས་དང་བྱང་སེམས་འབྱོང༌།། དུང་སོགས་བུས་དང་མིང་ནས་བོས།། བྲག་གི་རི་བོ་ཁ་སྤུ་བྲེགས།། སྐད་ཀྱི་དབྱངས་དང་ཆོས་ཀྱི་དབྱིངས།། སྦྲང་རྩི་བྱེད་དང་པི་ཝང་སྦྲེངས།། ཆུ་ཡི་རྦ་རླབས་ར་རྦ་སྟེ།། ལུས་ཀྱི་ཝ་བ་ལ་ཝ་ཡིན།། བསྐུངས་པའི་སྦ་བ་ས་སྦའོ།། དེ་དག་བ་ཡི་ནོར་སའོ།།
གསེར་སོགས་མང་དང་རྒྱུད་མངས་སྦྲེངས།། ཐུན་མོང་ལམ་དང་ཉོན་མོངས་སྤངས།། རྟ་ཡི་རྨིག་པ་སྦལ་ཆུང་རྨིགས།། ལྗན་ལྗིན་མྱག་དང་རུལ་བའི་མྱགས།། ཁྱི་ཡིས་རྨུག་དང་ནང་དུ་རྨུགས།། བུ་གའི་དམིག་དང་བློ་ཡིས་དམིགས།། སྨུག་མའི་ཤིང་དང་བཅུག་པའི་སྨྱུགས།། རྐང་གཉིས་མི་དང་མུ་གེ་སོགས།། ལྷ་མིན་སོགས་དང་འཐིབས་པའི་མུན།། མཐོང་བྱེད་མིག་དང་གཏི་མུག་ཆེ།། གོང་འོག་ཡས་མས་འཇིག་རྟེན་མེས།། ལུས་ཀྱི་རྨ་ནི་ར་རྨ་ལ།། ཚིག་གིས་སྨ་ཕབ་ས་སྨ་ཡིན།། རྨད་དུ་བྱུང་བ་ར་རྨད་ལ།། རི་བོའི་སྨད་སོགས་ས་སྨད་ཡིན།། བལ་སོགས་རྨེལ་བ་ར་རྨེལ་ལ།། སུག་སྨེལ་སྨན་ནི་ས་སྨེལ་ཡིན། ཞིང་བས་རྨོན་དོར་ར་རྨོན་ལ།། ཆོས་ཀྱི་སྨོན་ལམ་ས་སྨོན་ཡིན། ལུས་ཀྱི་སྨེ་ནི་སྨེ་རྐྱང་ལ།། སྡུག་པའི་སྨྲཻ་སྔགས་ར་ཡིས་འདོགས།། འཁྲུལ་བའི་རྨིག་རྒྱུ་ར་རྨིག་ལ།། ཚོན་གྱི་ངུར་སྨྲིག་ས་སྨྲིག་ཡིན།། སྨོས་ཅི་དགོས་ལ་ར་འདོགས་མེད།། དྲང་བོར་སྨྲོས་ནི་ར་དང་བཅས།། དེ་བཞིན་ཁ་ཡི་སྨ་ར་དང༌།། གཏམ་སྨྲ་བ་ཡང་ཤེས་པར་བྱ།། དེ་དག་མ་ཡི་ནོར་སའོ།།
ལུས་ཀྱི་རྩིབ་མ་འཁོར་ལོའི་རྩིབས།། ཚེར་མའི་རྩང་དང་དུད་འགྲོ་རྩངས།། དམར་བའི་བཙག་དང་ཚགས་ཀྱིས་བཙགས།། མཆེ་བ་གཙིག་དང་སྤྱི་བོའི་གཙུག། གདུག་རྩུབ་ཆེ་བ་ཞབས་ཀྱུ་སྟེ།། འདི་ནི་ལུས་ཀྱི་རྩིབ་ལས་ལྡོག། ཙ་ལ་ཝ་ཟུར་རྩྭ་སྔོན་ཏེ།། ཝ་བཏགས་ཙ་ནི་དེར་ངེས་སོ།། དེ་དག་ཙ་ཡི་ནོར་སའོ།།
ཐམས་ཅད་ཚང་དང་གཙང་བའི་ཚངས།། སྨྲ་བའི་ཚིག་དང་མཚམས་ཀྱི་ཚིགས།། ཡི་གེའི་ཚེག་དང་དཀའ་བའི་ཚེགས།། མེ་ཏོག་ཚོམ་བུ་ཁང་བའི་ཚོམས།། ཚག་སྒྲ་གྲག་དང་ཆུ་ཡི་ཚགས།། སྐྱིན་པ་འཚབ་དང་བློ་ཡིད་འཚབས།། བློ་ལ་འཚམ་དང་མཐོ་མཚམས་བྱས།། འཚང་རྒྱ་བ་དང་ནང་དུ་འཚངས།། བཟོ་ཡི་ཚེམ་བུ་སོ་ཡི་ཚེམས།། སྦྲ་ཡི་ཚུག་ཀ་སྲོལ་བཟང་ཚུགས།། རྒྱལ་བོའི་སྐུ་ཚབ་གལ་ཆེའི་ཚབས།། ལུས་ཀྱི་ཚི་དང་ཆུའི་ཚུ་རོལ།། བློ་ཡིད་ཚིམས་དང་ཁ་སོགས་ཚུམས།། ཚ་ལ་ཝ་བཏགས་ཚ་ལྔ་སྟེ།། ཝ་བཏགས་ཚ་ནི་དེར་ངེས་སོ།། དེ་དག་ཚ་ཡི་ནོར་སའོ།།
མཁར་གྱི་རྫོང་དང་ནོར་གྱི་རྫོངས།། ཞབས་ཀྱིས་བརྫིས་དང་ལྷ་རུ་བརྫུས།། ཕྱུགས་ཀྱི་རྫི་བོ་རྫུ་འཕྲུལ་ཆེ།། བཅིར་བའི་འཛིར་དང་བཟུར་བའི་འཛུར།། ཆུ་སོགས་འཛག་དང་རི་ལ་འཛེགས།། གྱེན་དུ་བརྫེས་པ་འགྲེང་ཅན་ཏེ།། ཞབས་ཀྱིས་བརྫིས་པ་སོགས་ལས་ལྡོག། ཛ་ལ་ཝ་བཏགས་ཛྭ་ལ་ལོ།། འདི་ལ་དེང་སང་ཛོ་ཞེས་སྦྱོར།། དེ་དག་ཛ་ཡི་ནོར་སའོ།།
ཝ་ཡི་སྡེ་ལ་སྒྲ་མཚུངས་ཀྱི།། ནོར་ས་མེད་ཕྱིར་གཞན་མི་འབྲི།། ཤེས་བྱའི་རིག་པའི་ཆོས་སོ་ཅོག། ཝལ་ལེར་འཆར་ཞེས་རྟེན་འབྲེལ་ལོ།།
འདི་རུ་ཞོག་དང་ཞོགས་ཀའི་དུས།། བསྟན་བཅོས་གཞུང་དང་བཟང་བའི་གཞུངས།། ཤིང་གི་གཞོང་བ་སྤང་གི་གཞོངས།། ཉིན་མཚན་ཞག་དང་ཐག་པའི་ཞགས།། བཟའ་བཏུང་ཞིམ་དང་སྙིང་སྟོབས་ཞུམ།། ཁྱིམ་གྱི་གཞི་དང་མཚོན་གྱི་གཞུ།། གྲངས་ཀྱི་བཞི་དང་འབྲི་མར་བཞུ།། བར་ཆད་ཞི་དང་དབང་སོགས་ཞུ།། བློ་ཡིས་གཞིག་དང་ནང་དུ་གཞུག། གཞིར་བཞག་པ་དང་གཞུར་བརྟག་བྱས།། བྱད་བཞིན་སོགས་དང་བྲན་གྱི་བཞུན།། ཁང་བ་ཞིག་རལ་ཚོགས་སུ་ཞུགས།། ཁྱིམ་གཞིས་རྡོ་གཞུས་འཚོ་ཞིང་གཞེས།། མེ་ཡིས་བཞུས་དང་ཞལ་གྱིས་བཞེས།། ཞང་བོ་ཞིང་ཁམས་ཚད་ཀྱི་ཞེང༌།། ཞ་ལ་ཝ་བཏགས་མགོ་ཡི་ཞྭ།། ཝ་ལྡན་ཞྭ་ནི་དེར་ངེས་སོ།། དེ་དག་ཞ་ཡི་ནོར་སའོ།།
དངོས་པོ་ཟང་ཟིང་རིན་ཆེན་ཟངས།། ཕུང་བོ་ཟག་བཅས་ཐིགས་ཆུ་ཟགས།། ཚོགས་པའི་ཟུང་དང་ལུས་ཀྱི་ཟུངས།། གཉིས་སྣང་གཟུང་འཛིན་སྔགས་ཀྱི་གཟུངས།། ཤ་གཟུག་དང་ནི་ཕུང་བོའི་གཟུགས།། ཟབ་མོའི་ཆོས་དང་གཏིང་རིང་ཟབས།། སྡུག་བསྔལ་ཟུག་རྔུ་ཚེར་མ་ཟུགས།། ཆར་བ་ཟིམ་བུ་མེ་ཏོག་ཟུམ།། གཟི་བརྗིད་ཆེ་དང་གཟུ་ལུམ་ཆེ།། བྲོས་པའི་རྗེས་ཟིན་གཉེན་གྱི་ཟུན།། རྩ་ཡི་ཟིལ་བ་བྱེའུ་ཟུལ་བྱེད།། གྲུ་ཡི་གཟིངས་དང་གཟེངས་སུ་བསྟོད།། འཛག་པའི་གཟགས་དང་གཟེགས་གཟན་པ།། ཟེགས་མ་ཚོང་ཟོང་ཤིང་གཟོང་རྣམས།། ཐིགས་ཆུ་ཟགས་པ་སོགས་ལས་ལྡོག། ཟ་ལ་ཝ་བཏགས་སྔོ་ཡི་ཟྭ།། ཝ་བཏགས་ཟྭ་ནི་དེར་ངེས་སོ།། དེ་དག་ཟ་ཡི་ནོར་སའོ།།
འགྲོ་འོང་བྱེད་དང་མ་འོངས་དུས།། འདི་ནི་འ་ཡི་ནོར་སའོ།།
བཏེགས་པའི་ཡང་དང་རྒྱ་ཆེའི་ཡངས།། སྦྱིན་སྲེག་ཡམ་ཤིང་ནད་ཀྱི་ཡམས།། བྲན་གྱི་གཡོག་དང་རས་ཀྱིས་གཡོགས།། ཡུང་བ་དང་ནི་ཡུངས་དཀར་འཐོར།། གཏན་གྱི་ཡག་ཤིང་ལེགས་པའི་ཡག། ཁང་བའི་འཁོར་ཡུག་ཡུགས་ས་མོ།། འོང་བའི་ཡོང་དང་ཡོངས་སུ་རྫོགས།། གཅན་གཟན་གཡི་དང་རིན་ཆེན་གཡུ།། ཡིན་མིན་བརྟག་དང་ཡུན་རིང་འགོར།། ཡི་དམ་དང་ནི་ཡུ་བ་སོགས།། སེམས་ཀྱི་ཡིད་དང་ཡུད་ཙམ་ཞིག། སྡུག་པའི་ཡུས་དང་ལོ་ཡི་ཡོས།། ནོར་གྱི་གཡང་དང་རྣམ་གཡེང་ཅན།། དེ་དག་ཡ་ཡི་ནོར་སའོ།།
རང་ཉིད་དང་ནི་ཐོ་རངས་དུས།། རིང་ཐུང་ཡོད་མེད་མྱུར་བའི་རིངས།། གྲོགས་མེད་རེང་བུ་སྐྱ་རེངས་འཆར།། ཆུ་བོའི་རག་དང་ཡན་ལག་རགས།། བཟང་བོའི་རབ་དང་རིམ་པའི་རབས།། བློ་ཡི་རིག་དང་རྒྱུད་ཀྱི་རིགས།། སྔ་གཞུག་རིམ་དང་ཡམས་ཀྱི་རིམས།། བྱ་བར་རུང་དང་མ་རུངས་པ།། གྲོགས་ཀྱིས་རམ་འདེགས་ཚོན་རྩི་རམས།། འདབ་ཆགས་བྱ་རོག་གྲོགས་ཀྱི་རོགས།། ལག་པས་རེག་དང་བྲེགས་པའི་རེགས།། མིག་གི་རིག་དང་བྱ་བར་རིགས།། གངས་ཀྱི་རི་བོ་འབྲོག་པའི་རུ།། ཟན་གྱི་རིལ་བུ་འོ་མ་རུལ།། མིག་གིས་རབ་རིབ་མུན་པ་རུབ།། བསྒྲུབས་པའི་སྐུ་རིམ་མ་ཡི་རུམ།། རྒྱ་ཆེའི་རླིབས་དང་ཁུང་བུའི་རླུབས།། ཆགས་སྡང་ཕྱོགས་རིས་གདུང་གི་རུས།། བཏགས་པའི་རས་དང་རེས་མོས་བྱས།། ར་ལ་ཝ་བཏགས་རྭ་ཅོ་སྟེ།། ཝ་བཏགས་ར་ནི་དེར་ངེས་སོ།། དེ་དག་ར་ཡི་ནོར་སའོ།།
ལུས་ཀྱི་ལག་དང་ཞེ་སའི་ལགས།། མཛེས་པའི་ལང་ཚོ་ཡར་ལ་ལངས།། མིག་གིས་ལིང་ཏོག་ལིངས་པས་ཟིན།། ལབ་ལོབ་སྨྲ་དང་བསླབས་པས་ལོབས།། ཕྱིན་ཅི་ལོག་དང་ཟུར་གྱི་ལོགས།། མིག་འབྲས་ལོང་དང་འཛོམས་པའི་ལོངས།། ལི་ཁྲི་སོགས་དང་ལུ་གུ་སོགས།། ཨ་ལུང་སོགས་དང་མེ་ལོང་སོགས།། ཕུང་བོའི་ལུས་དང་ལོས་ཡིན་སོགས།། ལེགས་བཤད་ལེགས་ཚོགས་ལེགས་སྦྱར་སོགས།། འགྲེང་ཅན་ཞེ་སའི་ལགས་ལས་ལྡོག། ལ་ལ་ཝ་བཏགས་གྱོན་པའི་ལྭ།། ཝ་བཏགས་ལྭ་ནི་དེར་ངེས་སོ།། དེ་དག་ལ་ཡི་ནོར་སའོ།།
རྒྱ་ཤུག་སྡོང་པོ་སྟོབས་ཀྱི་ཤུགས།། སྲིན་བུ་ཤིག་དང་མི་ཤིགས་པ།། མཚོན་ཆ་ཤང་ལང་སྣ་ཡི་ཤངས།། ཤུབ་བུར་སྨྲ་དང་མཚོན་ཆའི་ཤུབས།། རྩོད་པའི་ཤག་དང་ཏིང་ཏིང་ཤགས།། ལི་ཤི་སོགས་དང་ཉི་ཤུ་སོགས།། ཤིན་ཏུ་བཟང་དང་ནས་ཀྱི་ཤུན།། བཀྲ་ཤིས་པ་དང་ཤེས་བྱ་སོགས།། ཤུན་བཤུས་མཛའ་བཤེས་ལུག་སོགས་བཤས།། ནོར་གྱི་ཆ་ཤས་ངོ་ཤེས་མང༌།། གྲི་ཡིས་གཤགས་དང་བདེ་བར་གཤེགས།། ཤ་ལ་ཝ་ཟུར་ཤྭ་འོད་དེ།། ཝ་བཏགས་ཤ་ནི་དེར་ངེས་སོ།། ཤ་བ་ལ་ཡང་ཝ་ཡི་ཟུར།། བཏགས་པར་སྣང་ཡང་མཁས་པས་བཀག། དེ་དག་ཤ་ཡི་ནོར་སའོ།།
སང་གི་ཉི་མ་གཉིད་ལས་སངས།། རི་བོའི་བསང་དང་མདོག་སྔོ་བསངས།། སྤུན་གྱི་སྲིང་དང་ཕྱོགས་སུ་སྲིངས།། ནོར་རྫས་སོག་དང་མང་སྡུད་སོགས།། གྱེན་དུ་བསླང་དང་སློང་མོ་བསླངས།། རོལ་མོ་སིལ་སྙན་རི་ཡི་སུལ།། ལུང་བའི་ཉིན་སྲིབ་གོས་ཀྱི་སྲུབ།། ནད་ཀྱི་སིབ་དང་རྗེས་ཤུལ་སུབ།། དམ་སྲི་མནན་དང་མ་སྲུ་བཟང༌།། ལོག་འཚོ་ཁ་གསག་གསེག་ཤིང་ཐོགས།། སྦ་གསང་ལམ་གསེང་ནེའུ་གསིང༌།། སྐད་ཀྱི་གསུང་དང་གསོང་བོར་སྨྲ།། གྲོང་གི་སྲང་ལམ་དབྱངས་མེད་དེ།།། འདི་ནི་སྤུན་གྱི་སྲིང་ལས་ལྡོག། ཁ་ཡི་སྭ་ལ་ཝ་བཏགས་ལོ།། ཤེས་ལྡན་དག་གིས་སོ་ཞེས་སྦྱོར།། དེ་དག་ས་ཡི་ནོར་སའོ།།
སྙན་ངག་ཚིག་ལྷུག་ལྷུགས་པོར་བཤད།། གཞན་ལས་ལྷག་དང་བྱོན་པའི་ལྷགས།། ཧྲིལ་གྱིས་དྲིལ་དང་སློག་ཧྲུལ་གྱོན།། གཡང་དུ་ལྷུང་དང་འཚུབས་ལྷོངས་ཞི།། ཧ་ལ་ཝ་ཟུར་ལ་བའི་ཧྭ།། ཧྭ་བར་ཧྭགས་ཀྱི་ལ་དུ་ལྷྭམ།། དེང་སང་ཀྲུང་ཧྭ་ལ་ཡང་འདོགས།། དེ་དག་ཧ་ཡི་ནོར་སའོ།།
ཨིག་བུ་འབྱིན་དང་ཨུག་ཆོས་འཆར།། འདི་ནི་ཨ་ཡི་ནོར་སའོ།། ཨ་བའི་ཤིང་ལ་ཝ་ཡི་ཟུར།། འདོགས་པར་བྱེད་པའི་ལུགས་ཀྱང་མཐོང༌།།
ད་ནི་སྡེ་ཚན་ཐ་དད་ཀྱང༌།། སྦྱོར་བས་སྒྲ་མཚུངས་གང་གྱུར་པ།། གོང་དུ་བཤད་དང་མ་བཤད་པ།། ཅི་རིགས་ཕྱོགས་གཅིག་བརྗོད་པར་བྱ།། ས་བདག་ཀླུ་དང་སྙན་པའི་གླུ།། གསུང་རབ་བཀླག་དང་བོར་བའི་བརླགས།། མཛའ་བའི་གྲོགས་དང་ཁུར་བའི་དྲོགས།། ལྷན་གཅིག་འགྲོགས་དང་བྲེད་ནས་འདྲོགས།། མཚུངས་པའི་འགྲེ་དང་གནོད་པའི་འདྲེ།། བློ་རིག་གྲུང་དང་མདུན་གྱི་དྲུང༌།། དུས་ཀྱི་དབྱར་དང་ནོམ་པ་གཡར།། གཅན་གཟན་སྤྱང་དང་བྱང་གི་ཕྱོགས།། བྱ་བ་བྱས་དང་ཕྱིས་འབྱུང་དོན།། དེ་བཞིན་ཉིད་དང་ཟས་ནོར་སྦྱིན།། ཡོ་བྱད་སྦྱར་དང་སྐྲ་སོགས་བཞར།། དཀའ་སྤྱད་ཡོ་བྱད་སྐད་ཆ་བཤད།། སྤྱན་མིག་བྱན་པོ་སྲོག་གཅོད་བཤན།། བྱམས་མགོན་ཕྱམ་གཅིག་མཆོད་པ་བཤམས།། ཡོད་པའི་མཆིས་དང་འགོར་བའི་འཕྱིས།། སྐད་ཀྱི་དབྱངས་དང་ནོར་གྱི་གཡང༌།། སྒོ་ཡི་ཕྱུགས་དང་གཞན་དུ་སྤྱུགས།། ཉལ་ཉིལ་ཕྱགས་དང་ཉེས་པ་བཤགས།། བྱིན་གྱིས་བརླབས་དང་ཕྱིན་ཅི་ལོག། བྱེ་བྲག་སོགས་དང་ཕྱེ་མར་བཏང༌།། ཆག་སྒོའི་བྱུར་དང་ཕྱུར་བུར་སྤུངས།། སྔོན་གྱི་བྱུང་བ་ཤུབས་ནས་ཕྱུངས།། བྱིས་པའི་སྐྱེ་བོ་རྡུལ་སོགས་ཕྱིས།། ཆུ་བྱ་སོགས་དང་བསྒོ་བཤའ་བྱས།། གཞན་ལ་སྤྱོས་དང་ལྷ་ཡི་བཤོས།། འདི་དག་རྣམས་ཀྱིས་མཚོན་བྱས་ནས།། བྱེ་བྲག་ཞིབ་ཏུ་ཕྱེད་པར་བྱ།། མགྲ་དང་འབྲ་དང་འགྲ་དང་འདྲ།། མཆའ་དང་འཕྱ་དང་མཇའ་དང་འབྱ།། མཉའ་དང་མྱ་དང་བརྙ་དང་རྨྱ།། བསྙ་དང་སྨྱ་དང་སྤྱ་དང་ཕྱ།། བྱ་དང་བཤའ་དང་སྦྱ་དང་བཞའ།། དེ་ལ་སོགས་པའི་སྒྲ་མཚུངས་རྣམས།། ཧོལ་རྒྱུག་བྱས་པས་ནོར་བར་འགྱུར།། དེ་ཕྱིར་གསལ་བོར་མི་ངེས་པ།། གཞུང་ལས་བཙལ་ཏེ་སྦྱར་བར་བྱ།། ལག་ཏུ་གང་ཐོན་མི་འབྲི་སྟེ།། བྲིས་ནས་དོན་རྣམས་ལོག་པར་འགྱུར།། གྱི་ལིང་གཡུ་སྔོན་འདོད་པ་དེས།། ང་ལ་སྟ་བཟང་དགོས་སོ་ལོ།། སྤྱིར་ཡང་གསལ་བྱེད་སུམ་ཅུ་པོ།། རང་རང་སྒྲ་བཞིན་བཀླག་པ་ཉུང༌།། གོམས་པའི་དབང་གིས་འཁྲུལ་བ་དང༌།། ཡུལ་སྐད་ངན་པའི་ནོར་བ་ཡོད།། ག་ལ་ཀ་རུ་བཀླག་པ་དང༌། ཇ་ལ་ཅ་རུ་བཀླག་པ་ཡོད།། ད་ལ་ཏ་རུ་བཀླག་པ་དང༌།། འ་ལ་ཨ་རུ་བཀླག་པ་ཡོད།། གལ་ཏེ་གང་ཞིག་གངས་རི་སོགས།། འགང་ཞིག་འགངས་རི་ཞེས་བཀླག་ན།། ཁྲོ་བའང་སྲིད་མོད་དེ་ལྟར་ཡང༌།། དོན་ལ་འགང་ཞིག་སོགས་སུ་གནས།། གལ་ཏེ་འདི་དག་སྒྲ་མཚུངས་ན།། རྟགས་ཀྱི་དབྱེ་བ་གྲུབ་མི་འགྱུར།། འོན་ཀྱང་བཅོས་པར་དཀའ་བ་འདི།། ཕལ་ཆེར་གོམས་པའི་དབང་གིས་ནོར།། མཚུངས་པར་གསུངས་པའང་སྣང་མོད་ཀྱང༌།། འདི་ཡི་རྗེས་སུ་མི་འབྲང་སྟེ།། མགོ་དང་མཇུག་ལ་སོགས་པ་རྣམས།། བཀླག་ཚེ་ཧ་ཅང་ཐལ་བར་འགྱུར།། ཀ་ལ་དཀའ་རུ་བཀླག་པ་དང༌།། ང་ལ་རྔ་རུ་བཀླག་པ་ཡོད།། ཅ་ལ་ལྕ་རུ་བཀླག་པ་དང༌།། ཏ་ལ་སྟ་རུ་བཀླག་པ་ཡོད།། ཁ་ཅིག་ཅ་ཆ་ཇ་གསུམ་ལ།། ཀྱ་ཁྱ་གྱ་རུ་བཀླག་པའང་སྣང༌།། པ་ལ་སྤ་རུ་བཀླག་པ་དང༌།། ཙ་ལ་རྩ་རུ་བཀླག་པ་སོགས།། སྐྱོན་གྱི་ཕུང་བོ་མཐའ་ཡས་པ།། ཡུལ་སྐད་ངན་པས་འཁྲུལ་བ་ཡིན།། ཁོ་བོ་ཧ་ཅང་ཆུང་ངུའི་སྐབས།། འབྲོག་སྐད་ཤིན་ཏུ་དག་སྙམ་མོད།། ད་ལྟ་དཀའ་གདམས་གླེགས་བམ་དང༌།། ཚོགས་ཤུལ་བླ་མས་གསུངས་པའང་མཐོང༌།། དེས་ན་རྣམ་པ་ཐམས་ཅད་དུ།། ཡི་གེའི་གདངས་བཞིན་བཀླག་བྱ་སྟེ།། གཞན་དུ་ཉི་མ་འཆར་བ་ན།། ནི་མའི་དཀྱིལ་འཁོར་འཆར་རོ་ལོ།། བཤར་མའི་ག་ས་ང་འཁྱོག་དང༌།། ད་ལ་ཡ་བཏགས་རྒྱ་ཞེས་པ།། སྐྱོན་གྱི་ཕུང་བོར་སྣང་བའི་ཕྱིར།། མཁས་པས་འབྲི་བར་མི་བྱའོ།། ཐོན་མི་རྣམ་དཔྱོད་རྒྱ་ཆེ་བས།། བོད་ཀྱི་བརྡ་སྤྲོད་གཞན་ལས་འཕགས།། དེས་ན་རང་གི་རིག་པའི་གཞུང༌།། རང་གིས་བསླད་པ་མཚང་དུ་ཆེ།། ཆུ་ལས་འོ་མ་ངང་བས་འབྱེད།། རིག་པའི་གཞུང་ལུགས་མཁས་པས་དབྱེ།། དེ་ཕྱིར་མཁས་པར་རློམ་པ་རྣམས།། ཡང་དག་ལམ་དུ་ཞུགས་ཤིག་ཀྱེ།། རྙེད་པའི་ཕྱིར་དང་གྲགས་པའི་ཕྱིར།། གཞན་ལ་འགྲན་དང་ཁྱད་གསོད་ཕྱིར།། གཞུང་འདི་བདག་གིས་མ་བྲིས་ཏེ།། འདི་ནི་ཕན་པའི་བློ་ཡིས་བྱས།། གཞུང་ལུགས་མང་དུ་མཁྱེན་པའི་མཁས་པ་ལ།། ཉུང་ངུའི་བསྟན་བཅོས་འདི་ཡིས་ཅི་བྱ་སྟེ།། དང་བོའི་ལས་ཅན་བློ་གྲོས་གསར་བུ་བ། དེ་དག་རྣམས་ལ་འདི་ནི་མིག་དང་མཚུངས།། སྣ་ཚོགས་སྤྲོས་པ་མེད་པས་ཚིག་ཉུང་ཞིང༌།། གལ་ཆེའི་གནས་རྣམས་གསལ་བས་དོན་རབ་ལྡན།། སྡེ་ཚན་སོ་སོར་བྱས་པས་རྟོགས་སླ་བ།། དེས་ན་འདི་ནི་བརྡ་སྤྲོད་གཞན་ལས་འཕགས།། འོན་ཀྱང་བྱིས་པའི་བློ་ནི་འཁྲུལ་བའི་ཕྱིར།། མ་རྟོགས་ལོག་པར་བཤད་གྱུར་གང་ལགས་པ།། ཅི་ཞིག་གྱུར་ཅེས་གནོང་བའི་ཡིད་དང་བཅས།། དབང་གྱུར་མཁས་པའི་སྤྱན་སྔར་ཐལ་མོ་སྦྱར།། འདི་ལས་བྱུང་བའི་བསོད་ནམས་རྣམ་དག་པ།། སྟོན་ཟླ་རྒྱས་པའི་དཔལ་ལྟར་དཀར་བ་དེས།། རང་གཞན་བློ་ཡི་མུན་པ་རབ་བསལ་ཏེ།། སོ་སོ་ཡང་དག་རིག་པའི་དཔལ་ཐོབ་ཤོག། གང་དུ་ཤེས་རབ་སྣང་བའི་དཔལ་སྟེར་ཞིང༌།། གང་དུ་ནད་དང་གདོན་རྣམས་ཞི་བར་མཛད།། གང་དུ་སེམས་ཀྱི་འཇིགས་པ་མཐའ་དག་བསལ།། འཕགས་མ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ།།
དག་ཡིག་སྟོང་ཐུན་སྤར་བཅང་མ་ཞེས་བྱ་བ་དཔའ་འཚོ་བ་འཇིགས་མེད་བློ་གྲོས་ཀྱིས་ལོ་ཉེར་བདུན་པ་རབ་བྱུང་བཅུ་བདུན་པའི་ཤིང་ཕག་ལ་ཟི་ལིང་གྲོང་ཁྱེར་ཆེན་པོའི་ལྟེ་བ་མགོ་ལོག་བཅའ་སྡོད་དོན་སྒྲུབ་ཁང་དུ་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །།
དག་ཡིག་གི་དྲིས་ལན།
ལམ་ལ་བཀྲི་དང་ཞེས་སོགས་ཀྱི་སྐབས་སུ།། གོང་དུ་ཁྱོད་ཀྱིས་གཟུགས་འགྱུར་མི་བཤད་བྱས་པ་དང་འགལ་ལོ་ཞེ་ན།། འདིར་དབྱངས་ཨི་དང་ཨུའི་ཁྱད་པར་བསྟན་པ་ལས་ཐ་སྙད་གཅིག་ལ་དུས་གསུམ་གྱི་རྣམ་བཞག་བཤད་པ་མ་ཡིན་པས་སྐྱོན་མེད་དོ།། འོག་མ་རྣམས་ལ་ཡང་ཤེས་པར་བྱའོ།། ཁ་དོག་དཀར་བ་ད་དཀར་ལ།། ཞེས་པའི་སྐབས་སུ། སྔོན་འཇུག་མི་བཤད་བྱས་པ་དང་འགལ་ལོ་ཞེ་ན།། མགོ་ཅན་དང་ཁྱད་ཕྱེ་བའི་ཕྱིར་བཤད་ཀྱིས་སྔོན་འཇུག་ལྔ་བོ་ནང་ཕན་ཚུན་གྱི་ནོར་ས་བསྟན་པ་མ་ཡིན་པས་སྐྱོན་མེད་དོ།། འོག་མ་རྣམས་ཀྱང་འདྲའོ།། གང་ཞིག་སོགས་དང་ཞེས་པའི་སྐབས་སུ་ཁྱོད་ཀྱིས་ཚིག་ཕྲད་མི་བཤད་བྱས་པ་དང་འགལ་ལོ་ཞེ་ན།། ཚིག་ཕྲད་མ་ཡིན་པ་དང་ཁྱད་ཕྱེས་པ་ཡིན་གྱི་ཕྲད་རང་ཉིད་ཇི་ལྟར་འཇུག་ཚུལ་བཤད་པ་མ་ཡིན་པས་སྐྱོན་མེད་དོ།། འོག་མ་རྣམས་ཀྱང་འདྲའོ།། སྐར་མ་སྣྲུབས་ཞེས་པའི་སྐབས་སུ།། གོང་དུ་ཁྱོད་ཀྱིས་ར་བཏགས་མི་བཤད་བྱས་པ་དང་འགལ་ལོ་ཞེ་ན། རང་གི་སྒྲའི་བྱ་བ་བྱེད་པའི་ར་བཏགས་མཚན་ཉིད་པ་མི་བཤད་བྱས་པ་ཡིན་ལ་འདི་ནི་རང་གི་སྒྲས་བྱ་བ་བྱེད་མི་ནུས་པའི་ར་བཏགས་ཕལ་བ་ཡིན་པས་སྐྱོན་མེད་དོ།། འོག་མ་རྣམས་ལ་ཡང་ཤེས་པར་བྱའོ།། འདི་དག་ནི་བུ་མོ་ཞིག་གིས་དྲིས་པའི་ལན་ཡིན་ནོ།།
གྱི་ལིང་གཡུ་སྔོན་སོགས་ནི། སྔོན་འབངས་ཁྱིམ་ཞིག་ལ་གྱི་ལིང་གཡུ་སྔོན་ཞེས་བྱ་བའི་རྟ་མཐོང་ན་དགའ་བ་ཞིག་ཡོད་པས། ཚོ་དཔོན་འདོད་རྔམས་སྐྱེས་ཏེ་སྙད་འདོགས་ཕྲན་བུ་ཞིག་བྱས་ནས། ཁྱོད་ནི་ཡུལ་བའི་ཁྲིམས་དང་འགལ་ཞིག་ང་ལ་བརྙས་བཅོས་བྱས་སྟ་ཡི་ནང་ན་གང་བཟང་བ་དེ་མྱུར་མོར་བཤགས་པར་ཕུལ་ཅིག་ཅེས་སྤྲིངས་སོ།། འབངས་རིག་པ་ཅན་དེས་དཔོན་པོའི་ཡི་གེ་ནོར་བར་མཐོང་ནས་ཤ་གསེ་བྱད་ཀྱི་སྟ་རེ་ཞིག་ཡོད་པ་དར་གྱིས་དྲིལ་ཏེ། བདག་ལ་སྟ་བཟང་ངན་མང་པོ་ཞིག་ནི་མེད། ཤ་གསེ་བྱད་གཅིག་པོ་འདི་མེད་དུ་མི་རུང་ཡང་དཔོན་པོའི་བཀའ་ལྟར་བཤགས་པར་ཕུལ་ཡོད་ཅེས་བྱས་སོ།། དཔོན་པོས་རང་གི་ཡི་གེ་ནོར་བ་ལ་གྲགས་པ་མ་ཡིན་པ་འབྱུང་གི་དོགས་ནས་ཁ་རོག་པར་བསྡད་དོ།། ཅེས་པའི་དོན་ནོ།། ཚོགས་ཤུལ་བླ་མས་གསུངས་པའང་མཐོང༌། ཞེས་པའི་སྐབས་སུ། ཡི་གེའི་དག་སྡེབ་ལས་རྟགས་མཐའ་འདྲེན་ཚུལ་ལ་འབྲོག་སྐད་དག་ཚུལ་བཤད་ཀྱི། སྤྱིར་འབྲོག་སྐད་དག་པར་མ་བཤད་དོ་ཅེ་ན། དེ་ནི་བདེན་མོད་འོན་ཀྱང་སྐབས་འདིར་སྤྱིར་འབྲོག་དག་པའི་སྒྲུབ་བྱེད་དུ་བཀོད་པ་ཡིན་ནོ།། ནི་མའི་དཀྱིལ་འཁོར་སོགས་ནི། ངེས་ཅག་གི་ཡུལ་ན་བྲིས་གླ་བ་གྲགས་ཅན་ཞིག་ཡོད་པ་དེས་བྲིས་པའི་ཡི་གེ་རྣམས་སུ་དེ་ལྟར་བྱུང་བ་བདག་གི་སེམས་ལ་མ་བབ་པར་བསྟན་པ་ཡིན་ནོ།། འདི་དག་ནི་བཙུན་ཆུང་ཞིག་གིས་དྲིས་པའི་ལན་ཡིན་ནོ།།
གཞན་ཡང་མགོ་དང་མཇུག་ལ་སོགས་པ་རྣམས།། ཞེས་སོགས་ཀྱི་སྐབས་སུ་གྲོགས་པོ་ཤེས་རབ་ཅན་གྱི་བརྒལ་བ་ལ། དཀར་དང་དགར་ལ་སོགས་པ་སྔོན་རྗེས་འདྲ་ཡང་སྒྲ་མི་འདྲ་བ་རྣམས་མིང་གཞིའི་སྒྲ་མི་མཚུངས་པའི་དབང་གིས་བྱུང་བ་ཡིན་ནོ།། ཞེས་སོགས་གཞུང་འདིར་མཁོ་བའི་དྲིས་ལན་མང་བོ་ཡོད་ཀྱང་ཞིབ་ཏུ་མ་བཀོད་དོ།། རྩ་བ་ལས། སྣ་ཚོགས་སྤྲོས་པ་མེད་པས་ཚིག་ཉུང་ཞིང། ཞེས་སོགས་ཀྱི་སྟེང་དུ། གཞུང་འདི་མིང་སྲིང་དང་གྲྭ་བ་བཙུན་མ་སོགས་ཀྱི་བར་ལ་བཤད་རུང་བའི་ཡོན་ཏན་ཡང་ཡོད། སྤྱིར་ཕོ་མོ་འཁྲིག་དང་སྤྲིན་ཕུང་འཁྲིགས།། ལག་པའི་འདོམ་དང་གསང་གནས་འདོམས།། ཞེས་སོགས་ནོར་ས་ཆེ་བས་འབྲི་དགོས་པ་མང་བོ་ཞིག་ཡོད་ཀྱང་སྔར་རང་ལ་སུན་པོ་བྱུང་བས་འདིར་བསམ་བཞིན་དུ་མ་བྲིས་སོ།། ཞེས་རྨ་སྨད་མགར་ལུང་དུ་བྲིས་པ་དགེ་བར་གྱུར་ཅིག། །།
བོད་ཀྱི་རིག་གཞུང་མ་ཉམས་གཅེས་འཛིན་དང་གོང་འཕེལ་ཆེད་རང་གཞན་ཀུན་ལ་ཕན་པའི་རྩོམ་ཡིག་འདི་འདྲ་དངོས་ནས་དགའ་བསུ་ཞུ་འོས་ལགས།
ཐུགས་རྗེ་ཆེ།
བཀྲ་ཤིས་བདེ་ལེགས་དང་བཅས་ཐུགས་རྗེ་བླ་མེད་དུ་ཆེ་ཞུའོ། ཕྱིའི་ཁོར་ཡུག་གི་ཤུགས་རྐྱེན་ལས་ཕ་སྐད་གཙང་མའི་ཟ་ཟུར་ཀུན་ལ་གས་ཆགས་འཆོར་བཞིན་པའི་དུས་སྐབས་འདི་འདྲར་ལྟ་བདེ་འཛིན་བདེའི་དག་ཡིག་འདི་ལྟ་བུ་ཤིན་ཏུ་མཁོ་བ་སྨྲོས་ཅི་འཚལ། ལྷག་པར་ས་མཐའ་ཡོད་མེད་དང་དབྱངས་ཀྱི་ཁྱད་པར་དག་དབུས་གཙང་བས་དེ་ཙམ་མི་འཁྲུལ་མོད། ཨ་མདོ་བས་ཨི་དང་ཨུའི་སྒྲ་ཕལ་ཆེ་བ་གཅིག་པར་ཀློག་པ་དང་སའི་ཡང་འཇུག་ཡོད་མེད་ཀྱི་ཁྱད་པར་ཡང་མི་གསལ་བས་ནོར་ཉེན་ཆེ་ལ། མགོ་ཅན་དང་ཝ་བཏགས་ནི་མདོ་དབུས་ཀུན་ལ་ཁྱད་པར་དེ་ཙམ་མི་སྣང་སྙམ་ཡང་ནུབ་ལ་དྭགས་པའི་ཀློག་སྟངས་དམིགས་བསལ་བ་ཞིག་ཏུ་མཐོང་། དེ་བཞིན་དཔེར་ན་སྔོན་འཇུག་ག་དང་བའི་ཁྱད་པར་ལྟ་བུ་ཨ་མདོ་བས་ཆེར་མི་འཁྲུལ་ཁག་ཅིག་དབུས་གཙང་བས་མང་དུ་ནོར་བ་འདུག་ཀྱང་སྔོན་འཇུག་གི་སྐོར་འདིའི་ནང་དམིགས་སུ་བཟུང་མེད་པ་ནི་རྩོམ་པ་པོ་རང་ལ་འཕྲད་པའི་དཀའ་ངལ་གཞིར་བཟུང་གིས་བྲིས་པས་ཡིན་སྲིད། གང་ལྟར་སྐུ་ཉིད་ལ་རྗེས་སུ་ཡི་རང་ཞུའོ།
ཡག་པོ་ཞེ་དྲག་བྲིས་འདུག
ཞེ་དྲག་རིང་པོ་འདུག ཀློག་ཡས་ཉོབ་སོང་། རྗེས་སུ་དུས་ཚོད་བྱུང་ན་བསམ་ཚུལ་བཤད་རྒྱུ་ཡིན། རིག་གཞུང་ལ་ཟབ་པའི་ལ་རྒྱར་རྒྱབ་སྐྱོར་ཡོད།
སློབ་དཔོན་འཇིགས་མེད་ལགས། དག་ཡིག་འདིའི་རང་འགྲེལ་ཉིད་ཀྱིས་གློག་ཀླད་དུ་ཕབས་ཟིན་ཡོད་ཚེ། ཕྲན་ལ་བསྩལ་གནང་ཡོང་བར་ཞུ། རྟ་ནག་སྐལ་བཟང་ལུང་རིགས་ཀྱིས།
བདག་གི་ཡིག་སྒམ། danaklongrik@yahoo.co.in
ཐུགས་རྗེ་ཆེ། སྐུ་ཚེ་བརྟན་པར་ཤོག
ཆ་ཚང་ཀློག་ཐོབ་མ་སོང་ཡིན་ནའང་རིག་གཞུང་འཕེལ་རྒྱས་ཀྱི་ཆ་རྐྱེན་བསྐྲུན་པ་ལ་རྒྱབ་
སྐྱོར་དང་ཡིད་རང་ཞུ་ཀྱིས་ཡོད།
ཨ་ལ་ལ་ཧོ། ལ་དྭགས་འཇམ་དཔལ་ཁྱེད་རྣམ་པ་ནི་གངས་ལྗོངས་བསོད་ནམས་དཀར་པའི་ལེགས་ཆ་ལས་བྱུང་བ་ཡིན་པར་གདོན་མི་ཟའོ། ། ཡི་རང་དང་བསྔགས་བརྗོད་ཡོད། དག་ཡིག་དེམདཔར་བཤུས་ཀྱང་བྱས་ཚར་བས་བཀའ་དྲིན་ཆེ་ཞུ་བ་དང་། སློབ་དཔོན་མཆོག་གི་གསུང་གཞན་དག་མུ་འགོད་ཡོང་བར་མཁྱེན་ནོ། ཡེ་ཤེས་ནས
ཚིག་ཉུང་ལ་དོན་བསྡུས་པ་ཟིན་བདེ་ཞིག་འདུག་པས་བློ་གསར་རྣམས་ཀྱི་རྣམ་དཔྱོད་ཀྱི་མེ་ཏོག་རྒྱས་པའི་རྒྱུར་ཕན་ངེས། དེ་སྔོན་དཀའ་ཆེན་ཞལ་བཟང་རིན་པོ་ཆེས་མཛད་པའི་དག་ཡིག་ཀུན་བསྡུས་ཞེས་པ་ཞིག་ཡོད་པ་གོ་བདེ་ཡག་པོ་ཞིག་ཡོད། ཆུང་དུས་བློ་ཐོག་ན་ཡོད་ཀྱང་ད་ལྟ་དྲན་ཐོག་ན་མེད།
སློབ་དཔོན་འཇིགས་མེད་བློ་གྲོས་རྒྱལ་མཚན་མཆོག་གིས་མཛད་པའི། དག་ཡིག་སྤར་བཅང་མ། བཀླགས་པས་བདག་རང་གི་ཡིད་ཀྱི་པད་མར་ཉི་མ་གཞོན་ནུའི་འོད་ཟེར་ཕོག་པ་ལྟ་བུ་བྱུང་། དག་ཡིག་ལ་སྦྱོང་བའི་ལོ་རྒྱུས་མདོ་ཙམ་ཞུ་ན། སྔོན་བཀྲ་ཤིས་ལྷུན་པོར་ངག་སྒྲོན་དཔེ་ཆ་ཞིག་བཀླགས་པས། ཆོས་སྤྱོད་སོགས་བློར་འཛིན་པའི་ཚིག་ཀུན་ལ་སྣང་རྟགས་བྱེད་ན། ངག་སྒྲོན་དམིགས་བསལ་སྦྱང་དགོས་མི་འདུག་བསམ། དཔེ་ཆའི་དགེ་རྒན་མཆོག་ལ་ཞུས་པར་གཅིག་པ་ཡིན་གསུངས། དེ་དུས་བདག་གི་བློ་ལ་ཤར་བ་དེ། སྟེས་དབང་གིས་ཚན་རིག་དང་མཐུན་པ་ཞིག་བྱུང་འདུག དེ་ཡང་དང་པོ་བདག་ཅག་གིས་སྐྱབས་འགྲོ་ལྟ་བུ་ཞིག་འདོན་ན། ཚིག་ཇི་ཙམ་འདོན་པ་དག་གི་དག་ཆ་ཤེས་དགོས་གལ་ཆེ། སྐྱབས་འགྲོའི་དཔེ་ཆ་དེ་དག་པ་ཞིག་ཡིན་ན། དེ་དག་གིདག་ཆ་ཤེས་པ་ལ་དམིགས་བསལ་གྱི་དག་ཡིག་མི་དགོས། གསེར་ཀོང་མཚན་ཞབས་མཆོག་ལ་ཞབས་ཕྱི་ཞུ་བ་དང་འབྲེལ། ཁུ་ནུ་བླ་མ་རིན་པོ་ཆེ་མཆོག་ནས། ངག་སྒྲོན་མགོ་ནས་གང་འཚམས་ཤིག་དཀའ་བས་སྦྱངས་ཀྱང་། སྤྱིར་བཏང་བོད་ཚིག་མང་པོ་ཤེས་པའི་གཞི་རྩ་མེད་པས། དེ་ཙམ་གྱིས་ཕན་ཐོགས་ཤིག་མ་བྱུང་། དེ་དུས་མཚན་ཞབས་རིན་པོ་ཆེས་གཞུང་ཆེན་པོ་ཞིག་འཁྲིད་ཞུས་པ་ཡིན་ན། བདག་ཅག་ལ་ཕན་ཐོགས་བླ་ན་མེད་པ་བྱུང་ངེས་ཀྱང་། དེ་ལྟར་མ་བྱུང་། དེ་བཞིན་རྒྱ་གར་མ་སུ་རི་ཞེས་པའི་རི་བོ་གངས་ཅན་ལོགས་ཀྱི་གྲོང་ཁྱེར་དེར་བླ་མ་རིན་པོ་ཆེ་གདན་འདྲེན་ཞུས་ཏེ། སློབ་མཐོ་རིམ་སློབ་གྲྭ་ཆེན་མོར་སློབ་དགེར་ཕེབས་པའི་གྲལ་སྒྲིགས་ལྟ་བུར་དགེ་བཤེས་མཁས་པ་མང་པོས་སུམ་རྟགས་འཁྲིད་ཞུས་འདུག་ཀྱང་། དགེ་བཤེས་འགའ་ཞིག་གིས་དེ་དུས་བླ་མ་རིན་པོ་ཆེ་ནས་གཞུང་ཆེན་མོ་ཞིག་མ་ཞུ་བ་དེ་འཆུགས་འདུག་གསུང་མཁན་བྱུང་། དེས་ན་སློབ་དཔོན་འཇིགས་མེད་བློ་གྲོས་རྒྱལ་མཚན་མཆོག་གིས་མཛད་པའི། དག་ཡིག་སྤར་བཅང་མ། རྐྱང་རྐྱང་མ་ཡིན་པར་དཔེ་ཆ་གཞན་དག་ཀློག་པའམ་འབྲི་བ་ན། ཚིག་དེ་དང་དེའི་དོན་ཐག་གཅོད་པ་ལ། དག་ཡིག་སྤར་བཅང་མ་ལ་གཏུགས་ན། ཕན་ཐོགས་ཆེན་པོ་འབྱུང་ངེས། སློབ་དཔོན་མཆོག་གིས་སློབ་མ་དོན་གཉེར་ཅན་ཀུན་ལ་སྐུ་ངལ་ལ་མ་འཛེམས་པར་བོད་ཀྱི་སྐད་ཡིག་གི་སྒྲོན་མ་སྤོར་བར་མཛོད་ཅེས་ཞུ་བ་ལགས་སོ།།
ཚིག་གི་དག་ཆ་ལ་དཔྱད་པར་བྱ་སྟེ། ༢༠༠༩ ལོར་༧སྐྱབས་མགོན་རིན་པོ་ཆེས། གླིང་འདིར་དབུ་མ་འཇུག་པ་གསུང་སྐབས། དཔེ་ཆ་ལ་ཞུས་དག་བྱེད་པར་བདག་ལ་མངགས་བྱུང་། ཚིགས་བཅད་གཉིས་པ་ན། ལོ་ཐོག ཅེས་པ་ལ་ཞུས་དག་མ་སོང་བར་ལུས་འདུག རྗེས་སུ། བསམ་པ་ན། ལོ་ཏོག སྟོན་ཏོག ལོ་ཏོག མེ་ཏོག་སོགས་ལ་ཐོག་མ་ཡིན་པར་ཏོག་དགོས་པར་ཤེས་བྱུང་བ་ལགས། དག་ཡིག་སྤར་བཅང་མ། ཚིག་མང་དག་ཅིག་བདག་གི་འདོད་པ་དང་མི་མཐུན་པ་དག་བདག་རང་གི་གྲུབ་མཐའ་གསལ་ཆེད་དུ་ངེས་པར་དུ་ཞུ་ངེས་ལགས། ཁྱེད་ཀྱི་མཛད་བཟང་ལ་བོད་སྐད་ཡི་གེ་བྱེད་པོ་ཀུན་གྱིས་གུས་བཀུར་ཞུ་དགོས་སོ།།
འདི་ལྟ་བུའི་མི་རིགས་ལ་ཕན་པའི་བྱ་བ་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
འདི་ལྟ་བུའི་བོད་ཀྱི་དག་ཡིག་ཅིག་མཇལ་རྒྱུ་བྱུང་བ་ནི་དགའ་འོས་པ་ཞིག་རེད། མིག་སྟོན་གནང་བ་ནི་བཀའ་དྲིན་ཆེ། དྲ་ཚུགས་སུ་བཞག་ཚར་བའི་རྗེས་ལ་ཅུང་ཟད་བགྲོ་གླེང་གནང་ཐུབ་ན་དགེ་མཚན་ཆེ། དོན་གཉེར་ཅན་དུ་མར་ཕན་ཐོགས་ངེས་ཅན་འདུག ༼གཞན་དུ་ཉི་མ་འཆར་བ་ན།། ནི་མའི་དཀྱིལ་འཁོར་འཆར་རོ་ལོ།། བཤར་མའི་ག་ས་ང་འཁྱོག་དང༌།། ད་ལ་ཡ་བཏགས་རྒྱ་ཞེས་པ།། སྐྱོན་གྱི་ཕུང་བོར་སྣང་བའི་ཕྱིར།། མཁས་པས་འབྲི་བར་མི་བྱའོ།།༽འདི་ནི་བོད་ཀྱི་དག་ཡིག་སྤྱི་དང་མི་མཐུན་པ་འདུག་ན་དེའི་དགོངས་དོན་ཅི་ཡིན་གསལ་བཤད་གནང་རོགས། རྒྱ་གར་གྱི་དབང་དུ་བྱས་ན། ད་ལ་ཡ་བཏགས་ཡོད་ཀྱང་བོད་ཀྱི་དབང་དུ་བྱས་ན་ད་ལ་ཡ་བཏགས་ཡོད་པ་དག་ཡིག་ཚད་ལྡན་གང་ལས་མ་གསུངས་ལ་རྒྱུ་མཚན་ཡང་མེད་པའི་ཕྱིར།
མཁས་པའི་མཆོག་གྱུར་སློབ་དཔོན་འཇིགས་མེད་བློ་གྲོས་རྒྱལ་མཚན།
བརྡ་དག་བྱེ་མ་ལེབ་ཀྱི་གཤོག་རླབས། མཇལ་མ་མྱོང་། དག་ཡིག་མ་ཏོག དག་ཡིག་ཟ་མ་ཏོག་ཡིན་ནམ་སྙམ། དག་ཡིག་མཁས་པ་དགའ་སྐྱེད། མཇལ་མ་མྱོང་། ས་མཐའི་རྣམ་དབྱེ་མདོ་མཚོན། མཇལ་མ་མྱོང་། བྱ་གེག་དང་ནི་བར་ཆད་གེགས།། བྱ་གེག ཅེས་པའི་ཚིག་འདི་བོད་རྒྱ་ཚིག་མཛོད་ན་སོགས་ལ་བལྟས་པས་མ་རྙེད གལ་ཏེ་བྱ་གག་དང་ནོར་བ་ཡིན་ན། ཨ་ཡིག་དེ་ཨེ་ཡིག་ཏུ་ཀློག་པ་འདུག་ཅེས་སྔོན་དུ་མཆན་དུ་བྲིས། ཤིང་ཐོག་ཅེས་པ་བདག་གིས། ཤིང་ཏོག ཅེས་སོ། ཉིན་གྱི་དགོང་ཀ ཞེས་པར་སྔོན་གྱི་ཡིག་ཚང་དང་མཐུན་པར་བདག་གིས། ཉིན་གྱི་དགོངས་ཀ ཞེས་སོ། འདོད་རྒུ་སོགས་ནི་ར་རྒུ་ཡིན།། ཞེས་པ་དགུ་ཡི་སྔོན་འཇུག་ད་ཡིག་ར་ཡིག་ཏུ་འབོད་པ་ལས་བྱུང་བ། མཆན་དུ་བྲིས་ཟིན། བཅྭོ་ལྔ་བཅོ་བརྒྱད་ཝ་འདོགས་ལོ།། ལོ་ཞེས་པས་ཁྱེད་ཀྱི་བཞེད་པ་མ་ཡིན་ཀྱང་། འདི་ལ་ངེས་པར་དུ་གསལ་བཤད་ཅིག་དགོས་ཏེ། བཅུ་གཅིག་ནས་བཅུ་དགུ་བར་དུ། བཅུ་ཡོད་ཀྱང་། ཞབས་ཀྱུ་ཝ་ཟུར་ལ་གྱུར་ཏེ། སྔོན་གྱི་བྲིས་མ་འགའ་ན། བཅྭ་ལྔ་དང་བཅྭ་བརྒྱད་ཅེས་པ་མཐོང་། དེ་ནས་ཝ་ཟུར་དེ་ཨོ་རུ་གྱུར་ཏེ། བཅོ་ལྔ་དང་བཅོ་བརྒྱད། ཅེས་པ་ཡོངས་གྲགས་དང་། གཞན་ཡང་དོགས་པ་ལ་དྭོགས་པ་ཞེས་འབྲི་བ་སོགས་པ་དེ་དག་ལ་ཝ་ཟུར་མི་དགོས་པ། བསྟན་དར་ལྷ་རམས་པས། ཝ་བཏགས་་ཡི་གེ་བཅུ་གཉིས་ལ་ཐོབ་པ་བསྟན་པའི་མཇུག་ཏུ། དེ་ཡང་གུག་སྐྱེད་ཅན་ལ་གདགས་སུ་མི་རུང་ངོ་། ཞེས་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༨ ཤོག་གྲངས་ ༥༨༠ནའོ། འདི་ཉིད་བདེན་པར་མངོན། རྒྱེད་པུ་འི་ཐབ་དང་བློ་ཡི་ཐབས།། རྒྱེད་པུའི ཞེས་པར་སྒྱེད་བུ་ཞེས་དགོས་སོ། ཆུ་ཡི་རྦ་རླབས་ར་རྦ་སྟེ།། འདི་ཡང་དབའ་རླབས་ཞེས་པའི་ད་སྔོན་འཇུག་ར་ཡིག་ཏུ་འབོད་པ་ལས་བྱུང་བ། མ་དག་རྒྱུན་འབྱམས་སོ།།
ལོང་འབྱུང་ན་ཁྱེད་ཀྱི་དག་ཡིག་འདི་ལ་སློབ་སྦྱོང་ལེགས་པར་བྱེད་དགོས་པར་བསམས། གོང་གསལ་ཞུས་པ་དག་ལ་བདག་གིས་ནོར་འཁྲུལ་བྱས་པ་དག་ལ་འདི་དང་འདི་འགྲིག་མི་འདུག་གསུང་ན། བདག་གི་བློ་སྐྱེད་ལ་ཕན་པས་དགའ་བསུས་དང་ལེན་ཞུའོ།།
རྒན་ལ་དྭགས་པ་ལགས། སྐུ་ཉིད་ཀྱིས་ང་དགུ་ལོའི་སྔོན་དུ་གདན་ས་བཀྲ་ཤིས་ལྷུན་པོ་ནས་སློབ་གཉེར་མཛད་ཚུལ་དང་དགེ་རྒན་སུ་བསྟེན་པ། ཉིད་ཀྱི་འཁྲུངས་ཡུལ་གྱི་གནས་ཚུལ་མདོར་ཙམ་བརྗོད་ཐུབ་ན་མཉན་འདོད་ཡོད།
རྒན་ལ་དྭགས་པ་ལགས། སྐུ་ཉིད་ཀྱིས་ང་དགུ་ལོའི་སྔོན་དུ་གདན་ས་བཀྲ་ཤིས་ལྷུན་པོ་ནས་སློབ་གཉེར་མཛད་ཚུལ་དང་དགེ་རྒན་སུ་བསྟེན་པ། ཉིད་ཀྱི་འཁྲུངས་ཡུལ་གྱི་གནས་ཚུལ་མདོར་ཙམ་བརྗོད་ཐུབ་ན་མཉན་འདོད་ཡོད།
མིག་བརྒྱད་པ་ལེགས།
༡༩༥༠ ནས་༡༩༥༧་ གྱི་དཔྱིད་དུས་བར་དུ། གདན་ས་ཆེན་ཆེན་པོ་བཀྲ་ཤིས་ལྷུན་པོར་སློབ་སྦྱོང་དུ་བསྡད། ནང་གི་དགེ་རྒན་ལ་དྭགས་པ་དཀའ་ཆེན་མཐར་ཕྱིན་ཞུ་བ་ཡིན། དཔེ་ཆའི་དགེ་རྒན་དཀའ་ཆེན་པད་མ་ཞུ་བ་དེ་ཡིན། ཁོང་གི་མཚན་དངོས་མི་ཕམ་རྡོ་རྗེ་ཞུ་བ། བོད་དུ་མི་ཤེས་ཀྱང་། སྐུ་གཤེགས་དངོས་གྲུབ་ཚེ་རིང་གིས་ཞུ་སྒྲིག་མཛད་པའི་སྙན་ངག་ལེའུ་གཉིས་པའི་དཔེར་བརྗོད། ཝ་ཎ་བོད་ཀྱི་མཐོ་རིམ་སློབ་གྲྭ་ནས་སྤར་པ་ལས་ཤེས། རྒྱུགས་ཆུང་དང་། རྒྱུགས་ཆེན་སྤྲོད་པའི་རྗེས་དཔེ་ཆ་བལྟ་དགོས་འདུག དཀའ་ཆེན་པད་མའི་ཞབས་ཀྱིས། ཁ་དོག་ཡིན་ན། དཀར་པོ་ཡིན་པས་ཁྱབ་ཟེར་ན། འཇམ་དབྱངས་དམར་སེར་གྱི་ཁ་དོག་ཆོས་ཆན། དཀར་པོ་ཡིན་པར་ཐལ། ཁ་དོག་ཡིན་པའི་ཕྱིར། ཡིན་པར་ཐལ། དམར་སེར་འདྲེས་པའི་ཁ་དོག་ཡིན་ཕྱིར། ཡིན་པར་ཐལ། བསྟོད་སྤྲིན་རྒྱ་མཚོ་ལས། དམར་སེར་འོད་ཀྱི་ཕུང་པོ་ལྷམ་མེ་བ། འཇམ་དབྱངས་མཁྱེན་པའི་གཏེར་ཁྱོད་ཡུད་ཙམ་དགོངས། ཞེས་གསུངས་པའི་ཕྱིར། ཞེས་སོགས་སློབ་པར་མཛད་པའི་བཀའ་དྲིན་གཞལ་དུ་མ་མཆིས་པ་ལགས། དགེ་བའི་བཤེས་གཉེན་ཞབས་རིག་གནས་མཁྱེན་པ་ཞིག་ཡིན་པས། པཎ་ཆེན་སྤྱན་གསལ་སློབ་གྲྭར་ཡང་རིག་གནས་འཁྲིད་པར་ཕེབས་སོགས་ཀྱིས་སྐུ་མདུན་དུ་མང་པོ་ཞིག་མཇལ་ཐུབ་པ་མེད། བདག་གིས་རྟགས་བསལ་ལེགས་པ་ཞིག་མི་ཤེས། ལན་རྒྱབ་པར་མི་དམན་ཙམ་ཡོད་པ་འདྲ། དཀའ་ཆེན་ཆོས་གྲྭས་གཟིགས་ཏེ། རྟགས་བསལ་ཐོང་། ཁ་སངས་འགྲོ་འོང་ཞེས་ཡང་ཡང་གསུངས་པ་དྲན། དེ་བཞིན་བདག་གི་ནང་གི་དགེ་རྒན་དཀའ་ཆེན་མཐར་ཕྱིན་མཆོག་གིས་ཀྱང་། རྟགས་བསལ་འགྲོ་སྟངས་གོ་སོང་ན། དཀའ་ལས་མི་འོང་ཞེས་དཔེ་ཆ་མ་ཤེས་པར་ཡི་མུག་པ་ན། སེམས་གསོ་མཛད་པ་དང་། བླ་མ་སུ་བཞུགས་ཀྱིས་བཀའ་ཆོས་གསུང་བ་ན། བཀའ་ཆོས་ཞུ་བར་འགྲོ་དགོས་གསུངས་ཏེ། བླ་མ་དགེ་བཤེས་རྣམས་ནས་རྗེ་ཡབ་སྲས་གསུམ་དང་། པཎ་ཆེན་ཆོས་ཀྱི་རྒྱལ་མཚན་ཞབས་སོགས་ཀྱི་ལུང་ཞུ་ཐུབ་པ་དེ་དག་དགེ་རྒན་མཆོག་གི་བཀའ་དྲིན་ལགས། དཔེ་ཆ་བློ་འཛིན་བྱེད་ན། གཞུང་ཤེས་པ་ལ་ཕན་བསམས་ནས། པཎ་ཆེན་དགེ་འདུན་གྲུབ་ཀྱིས་ཚད་མའི་བསྟན་བཅོས་རིགས་པའི་རྒྱན་སོགས་བློ་ལ་ཟིན་ཏེ། པཎ་ཆེན་སྐུ་གོང་མར་བློ་རྒྱུགས་ཕུལ། ཡང་དུས་སྐབས་་སྔ་ཕྱི་གཉིས་ཙམ་བྱས་ཏེ། དབུས་ལ་གནས་བསྐོར་ལ་འགྲོ་ཆོག་པའི་གནང་བ་ཞུས་ཀྱང་། ནང་གི་དགེ་རྒན་ནས་གནང་བ་མ་ཐོབ། ལས་ཡིན་པ་འདྲ། ལོ་གཅིག་རིང་དུ་ལ་དྭགས་ལ་འགྲོ་ཆོག་ཞུས་པར་དགག་ཆ་གང་ཡང་མེད་པར་འགྲོ་ཆོག་པའི་གནང་བ་ཐོབ། རྒན་དཀའ་ཆེན་པད་མ་མཆོག་གི་ཞབས་སུ་འཐོན་ཕྱག་ཞུ་བར་མཇལ་དུས། ལོ་གཅིག་ན་ཚུར་ལོག་ངེས་ཞུས་ཀྱང་། ད་འདི་པར་ལོག་ནས་གང་འོང་། ང་ཡང་རྒྱ་གར་ལ་འགྲོ་བསམས་ཀྱང་། ང་ནི་འབྲོག་པ་ཡིན་པས། རྒྱ་གར་གྱི་ཟས་སོགས་འཕྲོད་པ་འོང་བ་མི་འདུག་པས། འགྲོ་མི་ཐུབ། དེ་དུས་བདག་རང་རྒྱ་གར་དུ་བསྡོད་པ་དེ་མཁྱེན་པ་ཡིན་ངེས།
དེ་ནས་༡༩༥༨ དབྱར་དུས་བོད་དུ་འགྲོ་བར་ལ་དྭགས་ནས་རྒྱ་གར་དུ་འོངས་ཏེ། ཀ་ལིམ་པོང་དང་། སྒང་ཏོག་ཏུ་འགྲོ་བའི་ལམ་དུ་ས་རུད་ཀྱིས་འཁོར་ལམ་ཆད་འདུག དེ་རུ་བཀྲ་ཤིས་ལྷུན་པའི་གྲྭ་པ་ཁམས་ནས་ཡིན་པ་ཞིག་དང་ཐུག་པར་གནས་ཚུལ་དྲིས་པ་ན། མགྱོགས་པར་ཟིང་འཁྲུག་ལོང་བའི་གནས་ཚུལ་ཐོས། བོད་དུ་འགྲོ་བ་ཤོལ་བཏབ། ཝ་ར་ཎ་སི་ན་ལ་དྭགས་པ་སློབ་གྲྭ་འགའ་ཤས་ཡོད་པས། དེ་དག་དང་མཉམ་དུ་བདག་ཀྱང་སློབ་གྲྭར་འགྲོ་ཐུབ་ན་བསམས། དེར་ངོ་ཤེས་པ་ཞིག་ཡོད་པ་ལ་གནས་ལུགས་བཤད་དེ་ཡི་གེ་བྲིས་པས། བདག་ལོ་ཉེར་དྲུག་ཙམ་ཡིན་པས། ལ་དྭགས་པ་སློབ་གྲྭ་པ་དེ་རྣམས་ལོ་ཆུང་བའི་སློབ་གྲྭ་ཡིན་པས། དེ་དག་ལྟར་ཕོགས་སོགས་མེད་པ་ལོ་ཁ་ཤས་འཚོ་བའི་དཀའ་ངལ་བྱུང་ཡང་། སློབ་སྦྱོང་སོགས་ལ་བྱ་བ་ལྷུར་ལེན་ཡོད་པས། དེ་ཀའི་དཔེ་མཛོད་ཁང་དང་རིམ་པས་བོད་ཡིག་སློབ་དགེའི་ལས་བྱེད་པ་ཡང་རག་བྱུང་། སྐུ་གཤེགས་དངོས་གྲུབ་ཚེ་རིང་གིས་ཀྱང་། ཁྱེད་ཀྱི་མ་འོངས་བྱ་བ་གསལ་ཞིང་དྭངས་པ་འབྱུང་ངེས་ཞེས་ང་ཅག་འཁྱམས་འགྲོ་དུས་གསུང་བ་དྲན། གསེར་ཀོང་མཚན་ཞབས་རིན་པོ་ཆེ་༡༩༦༠ ལོར་སྟོན་ཀ་ཝ་ར་ཎ་སི་ལེགས་སྦྱར་སློབ་གྲྭར་ཕེབས་ནས་ཟླ་བ་ཁ་ཤས་བཞུགས་སོང་། དེ་ནས་༡༩༦༧ དེ་དུས་ང་བོད་སྐད་ཀྱི་སློབ་དགེ་ཡིན་པས། ཁང་པ་སོགས་གང་སྤྱིའི་ཐད་ནས་ཡར་རྒྱས་བྱུང་ཡོད་ངེས་དགོངས་ཡོད་པ་འདྲ། སྔ་དྲོ་གསོལ་ཇ་བཞེས་སྐབས་བདག་ལ་གཟིགས་ཏེ། འཆར་སྒོ་ལ། ཀ་ཀྱེ་འགྱུར་བ་ཐེབས་མི་འདུག་གསུངས་སོང་། ༡༩༦༠ ལོར་རིན་པོ་ཆེ་བོད་ནས་ཕེབས་མ་ཐག་སོང་བས། གང་ཡིན་ན་ཡང་ཐུགས་ལ་འབབ་པ་མེད་པས། རྒྱ་གར་སློང་མཁན་དེ་ཚོ་གསུང་གི་ཡོད་དུས་ངས་ཟ་ཁང་ཡག་པོ་རེ་ལ་གདན་འདྲེན་ཞུས་ཏེ། འདི་ཡང་སློང་མཁན་རེད་འདུག་གམ་ཞུ་གི་ཡོད་པ་འདྲ། འདིཡང་ཀ་ཀྱེ་མ་རེད་གསུང་དུས། ངས་འོ་ན་བོད་ལ་ག་རེ་ཡོད་རེད། ཞུ་གི་ཡོད་པ་འདྲ། ང་རང་གིས་མི་དྲན། རིན་པོ་ཆེ་རང་གི་ཐུགས་ལ་དྲན་ཏེ། དངོས་གནས་བྱེད་ན། རྒྱ་གར་གྱི་ཟ་ཁང་དེ་ཚོ། ཞལ་ལར་རྡོ་ཀ་མ་རུ་བཏིང་སྟེ གོང་ཆེན་པོ་རེད་འདུག་ག དེའི་རྩིས་ཀྱིས་བོད་ཀྱི་ཁང་པ་དེ་ཚོ་ལ་གོང་ཆེན་པོ་ག་རེ་ཡོད་རེད་ཅེས། སྔར་ཝ་ར་ཎ་སཱི་ལོ་རྒྱུས་ང་ལ་ལོ་ངོ་ཉི་ཙམ་རྗེས་སུ་གླིང་འདིར་ཕེབས་དུས་གསུངས་སོང་། བདག་གིས་དུས་ཚོད་ལ་སློབ་སྦྱོང་དང་། འགྲུལ་རྒྱབ་པར་ཉིན་རེ་བཞིན་དུས་ཚོད་ལ་འགྲོ་སྐབས་དང་པོ། དང་པོ་བོད་ནས་ཕེབས་པའི་སློབ་གྲྭ་བ་ཚོས་རྟག་པར་རིམ་བཞིན་བསྐོར་གཡེངས་ལ་འགྲོ་གི་འདུག་ ག་རེ་ཡིན་ན། གསུང་མཁན་ཡང་བྱུང་། མཇུག་ལ་ཁོང་ཚོ་ཡང་འཆམ་འཆམ་ཕེབས་ཀྱི་ཡོད་འདུག
བདག་རང་ལ་བྱ་བ་བཟང་ཤོས་ཤིག་ནི་ལེགས་སྦྱར་རྩ་བ་དང་བོད་འགྱུར་གཉིས་བསྡུར་ནས་ཀློག་པ་དང་བསམ་པ་དེ་ཡིས་ལེགས་སྦྱར་ཙམ་མ་ཡིན་པར་བོད་ཀྱི་ཚིག་མང་པོ་ཁུངས་དག་ཤེས་པ་ལ་ཡང་ཕན། དཔེར་ན། ཚངས་པ་ཞེས་པ་གཙང་བའི་དོན་དུ་སློབ་དཔོན་འཇིགས་མེདབློ་་གྲོས་རྒྱལ་མཚན་གྱིས་གསུངས་པ་བཞིན་བདག་རང་གིས་ཀྱང་བསམས་ཀྱང་། ལེགས་སྦྱར་སྐད་ཀྱི་བྱིངས་ལ་བསམ་ན། ཚངས་པ་ནི་ཁྱབ་པའི་དོན་ཏེ། དེས་ན་མྱ་ལས་འདས་པ་ལ་ཚངས་པ་ཞེས་ཀུན་ཁྱབ་ཞེས་པའི་དོན་ཏེ། དེ་ཡང་དཔེར་ན། འབྱུང་བ་བཞི་ནང་ན། རླུང་ཀུན་ཏུ་ཚངས། ཚངས་ཀ་རྒྱབ་པ་དང་འདྲ། དེས་ན་མྱ་ངན་ལས་འདས་པ་སྟེ། ཆོས་ཀྱི་དབྱིངས་ལ་ཚངས་པ་དང་། དེ་ཐོབ་བྱེད་ཀྱི་ལམ་དེ་ལ་ཚངས་པར་སྤྱོད་པ་ཞེས་འབྲས་མིང་རྒྱུ་ལ་བཏགས་པ་ཡིན་འདུག སྒྲ་སྦྱོར་བམ་པོ་གཉིས་པ་ལ་གཟིགས།
རྒན་ལ་དྭགས་པ་ལགས། ༼༡༩༥༠ ནས་༡༩༥༧་ གྱི་དཔྱིད་དུས་བར་དུ། གདན་ས་ཆེན་ཆེན་པོ་བཀྲ་ཤིས་ལྷུན་པོར་སློབ་སྦྱོང་དུ་བསྡད། ༽ཅེས་པར་བལྟས་ན་ད་ལྟ་ཕལ་ཆེར་དགུང་ལོ་བརྒྱད་ཅུར་ཉེ་བ་འདྲ། སྐུ་ཉིད་སྐུ་ངལ་འཛེམས་མེད་ཀྱིས་ཁ་བརྡ་དྲ་ཚིགས་སུ་ཕེབས་ནས་དགོངས་ཚུལ་གསུངས་པ་དང་བོད་པ་རྣམས་ལ་མིག་དཔེ་བཟང་པོ་ཞིག་རེད། ལྷ་རབ་བྱུང་ན་མིང་བརྡ་ལ་འཇུག་པའི་ཚིག་མཛོད་ཅིག་གསར་རྩོམ་གནང་ཐུབ་ན་བཀའ་བསྟན་གྱི་མིང་གི་བྱུང་འཕེལ་ལ་བོད་རྗེས་རབས་པ་དག་ལ་བློ་སྐྱེད་ངེས་ཅན་ཐོབ་པར་གདོན་མི་ཟ། དཔེར་ན། ཚངས་བ་ཁྱབ་པའི་དོན་ལ་འཇུག་ཚུལ་ནི་བོད་ཀྱི་རིག་གནས་པ་ཕལ་ཆེ་བས་བློ་ངོར་ཤོང་དཀའ་བ་དང་། བཀའ་བསྟན་གྱི་མིང་ཚིག་ཕལ་ཆེ་བ་གནའ་བོ་རྒྱ་གར་གྱི་ལེགས་སྦྱར་ལ་གཏུགས་ནས་གཏན་ལ་ཕབ་པ་ཡིན་སྟབས། དེའི་མིང་གི་བྱུང་འཕེལ་གཤིས་ཕྱིན་པར་ཤེས་དགོས་ན་ལེགས་སྦྱར་ཤེས་དགོས་པ་གལ་ཆེན་པོ་ཆགས་ཡོད། ཚངས་བ་ཁྱབ་པའི་དོན་ལ་འཇུག་ཚུལ་རིག་བྱེད་ཀྱི་གཞུང་ན་མ་གཏོགས་མེད་པ་འདྲ། སྔོན་མ་དཔལ་ལྡན་འབྲས་སྤུངས་སུ་རྒྱ་གར་གྱི་རིག་བྱེད་སྨྲ་བའི་མཁས་དབང་སྐོར་ཅིག་དང་ནང་པའི་ཚད་མ་དང་ཚན་རིག་གི་ཚད་མའི་སྐོར་ཕན་ཚུན་དྲི་བ་དྲིས་ལན་གྱི་བགྲོ་གླེང་ཞིག་གོ་སྒྲིག་བྱས་ཏེ། ཉིན་གསུམ་རིང་སོ་སོའི་ཁྱད་ཆོས་ཐུན་མོང་མ་ཡིན་པའི་ཚད་མའི་རྣམ་བཞག་སྐོར་བཤད་སོང་། དེ་དུས་ཚངས་བའི་གོ་དོན་རགས་ཙམ་ཞིག་གོ་ཐོས་བྱུང་།།
རྒན་ལ་དྭགས་པ་སྐུ་ཁམས་བཟང་། སྐུ་ཉིད་བཀྲས་ལྷུན་ཏུ་ཕེབས་སྐབས་ལ་དྭགས་མཁས་དབང་བཀྲ་ཤིས་རབ་རྒྱས་ད་ལྷན་ཏུ་ཡིན་ནམ། ལོ་དུས་ལ་གཞིག་ན་ཕལ་ཆེར་གཅིག་ཡིན་པ་འདྲ། དེ་སྐབས་བཀྲས་ལྷུན་ཏུ་ལ་དྭགས་པ་ཅི་ཙམ་ཡོད་པ་དང་། བོད་པས་ལ་དྭགས་པ་གདེག་འཇོག་ཅི་གནང་། བོད་ཀྱི་ནང་མི་ཅི་བཟིན་ཡིན་མིན། སྐུ་ཉིད་ལ་དུས་ཚོད་བྱུང་ན་ད་ལྟ་མཁས་དབང་བཀྲ་རབ་པའི་གནས་སྟངས་སོགས་ཐུགས་རྒྱུས་ཡོད་ངེས་པས་མདོར་བསྡུས་གསུང་གསལ་མཁྱེན། །