དགེ་འདུན་རབ་གསལ།
བདུན་ཕྲག་གཉིས་ཙམ་གྱི་གོང་དུ་ཕྲན་ལ་ ཨ་འཇམ་དབྱངས་ཚུལ་ཁྲིམས་ཀྱིས་བརྩམས་པའི་”བོད་ཁམས་ཉུལ་བ་”ཞེས་པའི་དེབ་དེ་རག་བྱུང་། དེབ་ཀྱི་ཆེ་ཆུང་དང་མཐུག་ཚད། དེ་ནས་ཇུས་འགོད་བཅས་ཀྱིས་དེང་སང་གི་འགྲུལ་བསྐྱོད་པའི་ལག་དེབ་ཅིག་ཡིན་པའི་ཚོར་སྣང་སྟེར། ཁ་ཕྱེ་ནས་བམ་ཀློག་རེ་བྱེད་དུས་འདི་ན། དེང་སང་གི་འགྲུལ་བསྐྱོད་པའི་ལག་དེབ་༼guide book༽ཅིག་དང་མི་འདྲ་བ་འགའ་ཞིག་ཡོད་ལ། དཔེར་ན། ས་ཁྲ་དང་པར་རིས་མང་པོ་མེད་ཅིང་། ཚོང་ཟོག་དང་མགྲོན་ཁང་། ལྟ་སྐོར་ཡུལ་ཁམས་ཀྱི་ངོ་སྤྲོད་སོགས་མེད་པ་རེད། འདི་ཚོ་ཡོད་ན་ཨ་འཇམ་གྱི་དེབ་འདིའི་མཐུན་རྐྱེན་ནམ་བཟང་ཕྱོགས་ཀྱི་རྣམ་པ་ཞིག་ཡིན་མིན་གོར་མ་ཆག འོན་ཀྱང་དེབ་ཀྱི་མགོ་སྔ་གང་སར། ༼ཤོག་གྲངས་ ༡༥༢༽”ནང་དུ་ལོག་ནས་ཟིན་ཐོ་བྲིས་ནས་རིང་ཙམ་འགོར། ཕྱི་རོལ་ཉེན་རྟོག་རླངས་འཁོར་གྱི་སྐད་ངན་ཡང་གསལ་ལྷང་ལྷང་རྣ་ལ་འཛེར་བར་བྱས། བར་སྐབས་ཤིག་ལ་སྒྲ་དེ་གསལ་པོར་གྲག་ནས་མགྲོན་ཁང་གི་ར་སྐོར་དུ་སླེབས་པ་ལྟ་བུ་གྱུར་བས། མྱུར་དུ་གློག་གཟིམས་ནས་ཕྱི་རུ་བུད་མ་ཐག་མི་འགས་ང་རང་གཟས་ནས་སླེབས་བྱུང་། དེའི་ནང་གི་མི་གཅིག་གིས། ཁོ་རེ་ཟེར། དེ་མ་ཐག་གསར་བུ་ཞིག་རྒྱུག་འོང་ནས་ང་ལ་འཐམས་པ་དང་མཉམ་དུ་ལུས་ལ་སྔོག་བཤེར་བྱས་བྱུང་། ངའི་སྙིང་ཤ་ལྷོག་ལྷོག་ལྡིང་བྱུང་ཡང་ཧ་ཅང་ཁོང་ཁྲོ་ཟ་བཞིན་པའི་ཉམས་ཀྱིས། སྐད་ཤུགས་ཆེན་པོས། ཁྱོད་ཚོས་ཉེས་མེད་ཀྱི་མི་ལ་སྔོག་བཤེར་བྱས་དོན་ཅི་ཡིན། ཁྱོད་ཚོར་སྔོག་བཤེར་བྱེད་ཆོག་པའི་ཡིག་ཆ་ཡོད་དམ་ཞེས་བཤད་པས། ཉེན་རྟོག་པའི་ལྭ་བ་ཆ་ཚང་གྱོན་པའི་དམག་མི་རྒན་པ་དེས་སྔོག་བཤེར་བྱེད་དུ་མ་བཅུག་པར་ང་རང་མགྲོན་ཁང་ལ་དེད་སོང་།་་་”ཟེར་བ་འདི་འདྲ་ཤིན་ཏུ་མང་། དེ་ནས་མིག་བཙུམས་ནས་ཨ་འཇམ་གྱིས་བརྒྱུད་པའི་ལམ་ཕྲན་ལ་བསམ་བློ་གཏོང་སྐབས། པར་རིས་ལ་སོགས་པའི་མཐུན་རྐྱེན་ལྟ་ཅི་སྨྲོས། ཚེ་སྲོག་ལའང་ཉེན་ཆེ་བ་དེ་ཚོ་སེམས་ལ་འཁོར་ཞིང་། དེ་ནས་ཆེས་ཡི་རངས་ཤོར་ས་དེ་ནི་ཁོང་གི་སྙིང་སྟོབས་དེ་རེད། ཁོང་གི་བློ་སྤོབས་དེ་རེད། ཁོང་གིས་ལུས་སྲོག་འཛེམས་མེད་དང་དཀའ་ངལ་ཁྱད་བསད་ཀྱིས་ ༢༠༠༦ ལོར་ཧ་ལམ་མདོ་དབུས་ཁམས་གསུམ་གྱི་ས་ཆ་ཕལ་མོ་ཆེར་སླེབས་འདུག དེ་འདྲའི་སྙིང་སྟོབས་དང་འབྲེལ་ནས་དེབ་ཅིག་གསར་རྩོམ་གནང་བ་དེ་ནི་ཕལ་ཆེར་བོད་ཡིག་ཏུ་ཐེངས་དང་པོ་དེ་རེད།
དེ་ནས་བརྗོད་བྱའི་ཐད་ནས་ཀྱང་། ལོ་འདིའི་བོད་ཁམས་ཀྱི་ས་ཆ་གང་སར་འབྱུང་བཞིན་པའི་གནས་ཚུལ་རྣམས་དྲང་བདེན་གྱིས་རི་མོར་བཀོད་པའི་གསར་འགྱུར་ཆེན་པོ་ཞིག་རེད་ལ། ལྷག་པར་ན་ཆུང་བོད་མོ་དག་གིས་མྱངས་བཞིན་པའི་དཀའ་སྡུག་དང་། རྒྱ་བོད་བར་དུ་མགོ་སྐོར་རང་བཞིན་གྱིས་གཉེན་བསྡེབས་པ། ཁ་བ་ཅན་གྱི་བོད་མོ་རྣམས་སྨད་འཚོང་མ་ཆགས་བཞིན་པ། བོད་ཀྱི་རིག་གཞུང་གོམས་སྲོལ་ལ་འགྱུར་བ་ཐེབས་བཞིན་པ་སོགས་ཐོས་ན་སྐྱི་གཡའ་བའི་གནས་ཚུལ་འདི་དག་རེད། རྩོམ་པ་པོ་ ༢༠༠༦ ཕྱི་ཟླ་ ༧ ཚེས་ ༥ ལ་བོད་ལ་ཆས་ཤིང་། ལོ་དེའི་ཟླ་བ་ ༡༡ ཚེས་ ༢༠ ཉིན་སླར་ཡང་རྡ་རམ་ས་ལ་ནས་ཟིན་ཐོ་མཐའ་མ་དེ་བྲིས་འདུག དེས་ན་ཟིན་ཐོ་འདི་དག་ནི་ཟླ་ངོ་བཞི་ཙམ་གྱི་རིང་ལ་བོད་ཁམས་མྱུལ་བའི་ཟིན་ཐོ་ཡིན་པ་རེད། དེབ་འདིར་ཤོག་ངོས་ ༥༩༠ ཡོད་པ་དང་ཤེས་རིག་ལས་ཁུངས་ཀྱིས་དཔར་དུ་བསྐྲུན་ཞེས་བཀོད་འདུག
བོད་དུ་འགྲོ་བ་ལ་ནི་འགྲོ་སོང་དགོས་པ་རེད། ཐེངས་འདིར་རྩོམ་པ་པོ་ཨ་འཇམ་བོད་དུ་ཕྱིན་པ་དེ་ལ་སྤུན་ཉེ་དགའ་གྲོགས་ཚོས་རོགས་རམ་བྱས་ནས་ཕྱིན་པ་ཡིན་ཞེས་བཀོད་འདུག དེ་ལ་ཡང་ཡི་རངས་ཤིག་ཤོར་བ་འདུག་གོ།
དཔེ་དེབ་འདི་ལེགས་འགྲུབ་ཡོང་ཆེད་དུ་རང་གི་ཚེ་སྲོག་འཆི་གསོན་གཉིས་ཀྱི་གང་ཡོང་མི་ཤེས་པའི་ཛ་དྲག་གི་གནས་སྟངས་འོག་བརྒྱུད་པ་དེ་ནི་དངོས་ནས་རླབས་ཆེ་བ་དང་གཟི་བརྗིད་ལྡན་པ་ཐོས་ན་བོད་པ་ཚང་གི་བུ་རབ་ཟེར་བ་ནི་འདི་འདྲ་ཞིག་ལོས་ཡིན་སྙམ་ཞོར་དུ་དཔེ་དེབ་འདི་ཉིད་ཀློག་འདོད་ཀྱི་འདུན་པ་ཤུགས་དྲགས་དུ་སླེབས་སོང་། ཁ་དྲོ་བ་དང་ཚེ་རིང་བོར་ཤོག རྩོམ་པ་པོ་ཁོ་རང་ལྟ་བུ་ཁ་ཞེ་གཉིས་མེད་ཀྱི་བུ་རབ་འདི་འདྲ་བོད་པ་ཚང་ལ་མུ་མཐུད་དུ་བྱུང་བར་སྨོན།
དཔེ་དེབ་དེ་འདྲ་རེ་ལག་ལ་སོན་དུས་ངོ་མ་དགའ་བ་སྐྱེས་འོས་པ་ཞིག་རེད་འདུག ཁྱེད་ཀྱིས་བོད་མི་རིགས་ལ་ཕན་པའི་ལག་རྗེས་གསོན་པ་རེ་བཞག་སོང༌།
སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་ཡིན།
དཔེ་དེབ་དེ་འདྲ་རེ་ལག་ལ་སོན་དུས་ངོ་མ་དགའ་བ་སྐྱེས་འོས་པ་ཞིག་རེད་འདུག ཁྱེད་ཀྱིས་བོད་མི་རིགས་ལ་ཕན་པའི་ལག་རྗེས་གསོན་པོ་རེ་བཞག་སོང༌།
སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་ཡིན།
ཐོག་མར་རྩོམ་པ་པོ་ཁོང་སྙིང་ཐགས་པ་ནས་བཀའ་དྲིན་ཆེ་ཞུ། དེབ་དེའི་ནང་དོན་འདི་རུ་བཀོད་པ་ལྟར་ན། འདི་དག་ནི་བོད་མི་ཀུན་གྱི་དོ་སྣང་གནང་དགོས་པའི་མིག་མདུན་གྱི་ལས་འགན་ཡིན་པར་འདོད། དེབ་དེ་གཞིས་བྱེས་གཉིས་ཀྱི་ཀློག་ཐུབ་པའི་ཆེད་དུ pdf ལས་ནས་དྲ་རྒྱའི་ལམ་དུ་སྤེལ་བར་རེ་བ་ཞུ། དེ་རྗེས་དེབ་དེར་བཀོད་པའི་གནད་དོན་དེ་དག་སེལ་བར་བསམ་བློ་རྒྱུ་ནི་གལ་འགངས་ཆེ་ཤོས་རེད་འདུག
ཨ་འཇམ་ཁ་དྲོ།
རྩོམ་པ་པོ་ཨ་འཇམ་དབྱངས་ཚུལ་ཁྲིམས་ལ་རྟེན་འབྲེལ་ཞུ།