ཁྲི་ཆུ་བཟང་རྒྱ་མཚོས་ཨིན་ཡིག་ལས་བསྒྱུར།
གཅེས་ཕྲུག་ཚོ།
ང་རང་བྱིས་པ་ཚོ་དང་མཉམ་དུ་བསྡད་ནས་ཁ་བརྡ་བཤད་རྒྱུར་དགའ། ཁོ་ཚོ་དང་མཉམ་དུ་རྩེད་མོ་རྩེ་རྒྱུར་དེ་བས་ཀྱང་དགའ། སྐབས་དེར། ང་རང་ལོ་ན་ཆེས་རྒན་པ་ཞིག་ཡིན་པར་བརྟེན་ངས་ལོ་ངོ་དུ་མའི་ཡར་སྔོན་གྱི་གཞོན་དུས་ཀྱི་གནས་སྐབས་དེ་སེམས་ནས་བརྗེད་མྱོང༌། འོན་ཀྱང༌། ང་རང་ཙོག་བུར་བསྡད་དེ་ཡི་གེ་ཞིག་འབྲི་སྐབས། ངས་རང་ཉིད་ཀྱི་ལོ་ཚོད་བརྗེད་མི་ནུས་པ་དང༌། འུ་གཉིས་ཁ་ཐག་རིང་ཡང་ཁ་བྲལ་མི་ནུས་པའི་སྟབས་ཀྱིས། རྒན་པ་རྣམས་ཀྱིས་རྒྱུད་ལ་བྱིས་པ་ཚོར་བསླབ་བྱ་དང་ཁ་བརྡ་རེ་བྱེད་རྒྱུ་གོམས་གཤིས་གདའ།
ང་རང་གཞོན་དུས་སུ། རྒན་པ་རྣམས་ཀྱིས་ཁ་བརྡ་དང་སྐུལ་མ་བྱེད་པར་དགའ་བོ་མེད་པ་དེ་སེམས་ལ་དྲན་བཞིན་འདུག དེར་བརྟེན། ངས་ཚོད་དཔག་བྱས་ན་ཁྱེད་རང་ཡང་དེ་ལ་དགའ་སྣང་མེད་པར་སྙམ། རྒན་པ་ཆེས་ཉུང་ཤས་ཤིག་ལ་ཤེས་བྱའི་རྣམ་དཔྱོད་ལྡན་ན་ཡང༌། ཁོང་ཚོ་ལ་སྒམ་ཚུགས་ཀྱི་གོམས་གཤིས་ཀྱང་ལྡན། ང་རང་ཤེས་ལྡན་པ་ཞིག་ཡིན་མིན་དེ་རང་སེམས་ན་ད་དུང་གསལ་རྟོགས་བྱུང་མེད། མཚམས་ལན་རེར། གཞན་གྱི་སྐད་ཆ་ལ་ཉན་སྐབས། ང་ནི་གལ་ཆེན་ཞིག་དང་ཁྱད་དུ་འཕགས་པ་ཞིག ཤེས་རིག་ལྡན་པ་ཞིག་ཏུ་ངེས་པར་དུ་བྱེད་དགོས་སྙམ་པའི་ཚོར་སྣང་བྱུང༌། དེ་བས་ངས་རང་ཉིད་ལ་ཕྱིར་འདང་རེ་རྒྱག་སྐབས། ང་ལ་འདི་འདྲའི་སོམ་ཉི་ཞིག་སྐྱེས་ཏེ། ཤེས་བྱའི་ཡོན་ཏན་ལྡན་པའི་སྐྱེས་བུ་རྣམས་ཀྱིས་རང་གི་ཡོན་ཏན་གྱི་སྐོར་ལ་མི་གླེང་ཞིང༌། རང་ཉིད་ཆེས་ཕུལ་བྱུང་གི་མི་སྣ་ཞིག་ཡིན་པའི་སྤྱོད་ཚུལ་ཡང་སྟོན་པར་མི་བྱེད་པའོ།།
ངས་ཅི་ཞིག་གི་སྐོར་ལ་འབྲི་དགོས་སམ། གལ་ཏེ་ཁྱེད་རང་ང་དང་མཉམ་དུ་ཡོད་ན། ངས་འུ་ཅག་གི་འཛམ་གླིང་འདི་ཆེས་མཛེས་སྡུག་ལྡན་པ་ཞིག་ཡིན་པར་ཁྱེད་ལ་བརྗོད་འདོད་སྤྲོ་སྟེ། འཛམ་གླིང་འདིའི་སྒང་ན་ང་ཚོའི་མཐའ་སྐོར་མེ་ཏོག་དང་ཤིང་སྡོང༌། བྱེའུ་དང་རི་དྭགས། རི་བོ་དང་སྐར་མ། སྐར་ཚོགས་སོགས་ཀྱིས་བསྐོར་ནས་ཡོད། འདི་འདྲའི་མཛེས་སྡུག་ཡོད་ཚད་ཀྱིས་ང་ཚོའི་མཐའ་སྐོར་ནས་ཡོད་ཀྱང༌། ང་ཚོས་དེའི་སྐོར་ལ་ཤེས་རྟོགས་མེད་པར་འཚར་ལོངས་བྱུང་སྟེ། ཁ་རྩོད་དང་འཁྲུག་རྩོད་ཀྱི་ཁྲོད་ནས་རང་ཉིད་ལ་ཕམ་ཉེས་བྱུང་དུ་བཅུག་ཡོད། ད་དུང་རང་ཉིད་ཀྱི་ལས་ཁུངས་ནང་དུ་བསྡད་དེ་བྱ་བ་གལ་ཆེན་ཞིག་སྒྲུབ་བཞིན་ཡོད་སྙམ་པའི་འཆར་སྣང་ཁྲོད་ལྷག་ཡོད།
ངའི་རེ་འདུན་ནི་ཁྱེད་རང་ཆེས་ཚོར་ཤེས་སྐྱེན་པོ་ཞིག་ཏུ་ཆགས་ཏེ། རང་གི་མཐའ་སྐོར་གྱི་མཛེས་སྡུག་དང་ཚེ་སྲོག་ཡོད་ཚད་ལ་མིག་ཟུང་བགྲད་དེ་རྣ་བ་གཏོད་རྒྱུ་དེ་ཡིན། བྱེའུ་ཚོགས་ཀྱིས་སྐད་སྙན་སྒྲོག་པ་དང་མེ་ཏོག་གིས་ཟེའུ་འབྲུ་མངོན་པ་རྣམས་ཁྱེད་ཀྱིས་རྟོགས་ཐུབ་ཡོད་དམ། གལ་ཏེ། ཁྱེད་རང་དེ་དག་གི་འགྲན་དུ་མཛའ་བརྩེ་ངང་ཆས་པ་ཡིན་ན། རང་བྱུང་ཁོར་ཡུག་གི་ཁྲོད་དུ་དེ་དག་དང་མཉམ་དུ་གྲོགས་པོ་སྒྲིག་རྒྱུ་ནི་ཇི་འདྲའི་སླ་མོ་ཞིག་རེད་ཨང༌། ཁྱེད་ཀྱིས་གདོད་མའི་ལྷ་སྒྲུང་དང་གཏམ་རྒྱུད་མང་པོ་ཞིག་བཀླགས་མྱོང་བ་མ་ཟད། འཛམ་གླིང་འདི་ཉིད་ཆེས་ངོ་མཚར་ལྡན་པ་ཞིག་ཀྱང་ཡིན་པས། ང་ཚོ་ལ་འཛམ་གླིང་འདིའི་མཛེས་སྡུག་དང་ཚེ་སྲོག་ཡོད་དོ་ཅོག་ལ་བལྟ་བྱེད་ཀྱི་མིག་དང་ཉན་བྱེད་ཀྱི་རྣ་ཡང་ཡོད་པ་མ་ཟད། ད་དུང་དེ་དག་མྱོང་བྱེད་ཀྱི་སེམས་ཀྱང་ཡོད་དོ།།
ཟླ་ཤས་སྔོན་ལ། ཉི་ཧོང་གི་བྱིས་པ་འགས་ཁོ་ཚོ་ལ་གླང་ཆེན་ཞིག་བསྐུར་བར་བདག་ལ་ཡི་གེ་ཞིག་བྲིས་འདུག ངས་རྒྱ་གར་གྱི་བྱིས་པ་ཚོའི་ཚབ་བྱས་ནས་གླང་ཆེན་ཞིག་ཁོ་ཚོ་ལ་བསྐུར་བ་ཡིན། གླང་ཆེན་དེ་རྒྱ་གར་གྱི་མཚོན་རྟགས་ཅིག་ཏུ་གྱུར་ཞིང༌། ང་ཚོའི་ལེགས་སྐྱེས་འདི་ཡིས་ཉི་ཧོང་གི་བྱིས་པ་རྣམས་ལ་དགའ་སྣང་སྤྲད་པ་དང་ང་ཚོའི་རྒྱལ་ཁབ་ཀྱི་སྐོར་ལ་བསམ་གཞིགས་གཏོང་བའི་གཞི་རྩ་ཞིག་བསྐྲུན་པར་ཁོ་བོ་ཧ་ཅང་དགའ་ཚོར་བྱུང༌། ཁྱེད་ཀྱིས་དྲན་གསོ་བྱེད་དགོས་པ་ཞིག་ནི་ཁྱེད་དང་འདྲ་བའི་བྱིས་པ་རྣམས་ག་ས་གང་དུ་སློབ་གྲར་འགྲིམ་བཞིན་པ་དང༌། ལས་ཀ་བྱེད་པ། རྩེད་མོར་རོལ་བ། སྐབས་འགར་ཕན་ཚུན་བར་ལ་རྩོད་གླེང་ཤོར་བཞིན་ཡོད་མོད། འོན་ཀྱང༌། ཁོ་ཚོས་དུས་རྒྱུན་དུ་གྲོགས་པོ་ཡང་བསྐྱར་སྒྲིག་བཞིན་འདུག ཁྱེད་ཀྱིས་ཀྱང་རང་ཉིད་ཀྱི་ཀློག་དེབ་མང་པོའི་ཁྲོད་དུ་རྒྱལ་ཁབ་འདི་ཚོའྀ་སྐོར་ལ་ཤེས་ཐུབ་པས། ཁྱེད་རང་ནར་སོན་སྐབས། ཁྱེད་ཀྱིས་གཞོན་ནུ་དེ་ཚོར་ཐུག་འཕྲད་བྱེད་དགོས་པ་མ་ཟད། གྲོགས་པོ་ཞིག་གི་ཚུལ་གྱིས་དེ་རུ་ཕྱིན་ནས་ཁྱེད་རང་ལ་དགའ་བསུ་ཞུ་བར་གྲོགས་པོ་མང་པོ་འཚོལ་དགོས།
་
ང་ཚོ་ལ་བདག་ཉིད་ཆེན་མོ་གྷན་རྡི་རྗེ་ཟེར་བའི་མི་སྣ་རླབས་ཆེན་ཞིག་ཡོད་པ་ཁྱེད་ཀྱིས་ཤེས་དགོས། ང་ཚོས་མཛའ་བརྩེ་དང་བཅས་ཁོང་ལ་ཡབ་ཆེན་ཟེར་ནས་འབོད་བཞིན་ཡོད། ཁོང་ནི་ཤེས་ལྡན་པ་ཞིག་ཡིན་ཡང༌། ཁོས་རང་ཉིད་ཀྱི་ཤེས་བྱ་ངོམ་སོ་བྱས་མྱོང་མེད་ལ། ཁོང་ནི་མི་དཀྱུས་མ་ཞིག་དང་གཤིས་སྤྱོད་ལ་ལྷད་མེད་པ་ཞིག ད་དུང་བྱིས་པ་རྣམས་ལ་དགའ་བོ་བྱེད་མཁན་ཞིག་ཀྱང་ཡིན། ཁོང་གིས་འཛམ་གླིང་འདི་ནི་ཆེས་དགའ་སྐྱིད་དང་བག་ཕེབས་ཅིག་ཡིན་པ་ཡང་ང་ཚོ་ལ་སློབ་སྟོན་བྱས་མྱོང༌།
ང་ཚོའི་རྒྱལ་ཁབ་འདི་ཧ་ཅང་གིས་ས་རྒྱ་ཆེན་པོ་ཞིག་ཡིན་པས་འདི་ན་ང་ཚོ་ཚང་མར་རླབས་ཆེན་གྱི་བྱ་གཞག་ཅིག་སྒྲུབ་པར་འོས་འགན་ཡོད། གལ་སྲིད་མི་རེ་ངོ་རེ་ངོས་ནས་ཆུང་ཚགས་ཀྱི་བྱ་གཞག་རེ་བསྒྲུབ་ན། ང་ཚོའི་རྒྱལ་ཁབ་འདི་ཡར་རྒྱས་དང་སྔོན་ཐོན་དུ་འགྲོ་ངེས།
ངའི་ཡི་གེ་འདི་ནང་དུ་ཁྱེད་རང་ངའི་འགྲན་ན་ཡོད་པ་ལྟར་ཁྱེད་ལ་ཁ་བརྡ་བཤད་པར་འབད་རྩོལ་བྱས་པ་དང༌། ངས་ཅི་ཞིག་བསམ་པ་དེ་ལས་མང་བ་ཞིག་ཀྱང་ཁྱེད་ལ་བྲིས་པ་ཡིན་ནོ།།
(མཆན། རྒྱ་གར་གྱི་དུས་བབས་(Time of India-speaking tree)ལས་བདེམས་ཏེ་བསྒྱུར། འདིའི་ཁ་བྱང་ལ་སྒྱུར་མཁན་གྱིས་བཅོས་ཏེ་བཏགས་ཡོད་ལ། འདིར་གོ་དོན་སོགས་འཁྲུལ་བ་ཡོད་སྲིད་པས། འདིའི་མ་ཡིག་ལ་ལྟ་འདོད་རིགས་ཀྱི་སྲིད་འཛིན་(Jawaharlal Nehru)ཁོང་གིས་ཕྱི་ལོ༡༩༤༩ལོའི་ཟླ་༡༢ཚེས་༣ཉིན་བྲིས་པ་ཡིན་པས་གོང་གི་དྲ་བའི་ཁ་བྱང་དེ་བརྒྱུད་ནས་མ་རྩོམ་ལ་རྩ་འཛིན་གནང་རོགས།)
ལེགས་པར་བསྒྱུར་འདུག སྔོན་ལྷ་ལུང་པ། སྐུ་གཤེགས་དམ་པ་བློ་བཟང་ཕུན་ཚོགས་ཀྱིས་ནེཧ་རུའི་ཡིག་བསྐུར་དེ་འདྲ་ཞིག་བོད་ཡིག་ཏུ་བསྒྱུར་པ་མཐོང་མྱོང་བསམས།
ནེ་རུ་ཕ་བུ་གཉིས་ཀ་ནི་ངའི་ཡིད་དབང་འཕྲོག་ཆེ་ཤོས་ཀྱི་སྐྱེས་བུ་དམ་པ་གཉིས་ཡིན། ལྷ་ལྕམ་གྷན་དྷི་ལགས་ལྟ་བུའི་དབུ་ཁྲིད་རླབས་ཆེན་རེ་བྱོན་ཐུབ་པ་ཡང་ཡབ་ནེ་རུ་ལགས་ཀྱི་གཅེས་སྐྱོང་ལས་བྱུང་བ་ཡིན་པས་རྗེས་དྲན་བྱ་བར་འོས། རྒྱ་གར་ནི་འཛམ་གླིང་འདིའི་སྟེང་དུ་འཛིན་སྐྱོང་བྱེད་དཀའ་ཤོས་ཀྱི་སྤྱི་ཚོགས་ཤིག་རེད། རང་རེ་ཡང་རྒྱ་གར་གྱི་སྐྱེས་བུ་དམ་པ་སྟོན་པ་སིདྷརྠ་ཤཀྱ་ཐུབ་པའི་ལམ་སྟོན་དང་རྒྱ་གར་གྱི་རིག་གཞུང་ཟབ་མོའི་བཀའ་དྲིན་གྱི་འོག་ཏུ་སྐྱིད་ཉལ་བྱེད་མཁན་རེ་ཡིན་པའི་ཆ་ནས་ཡུལ་འདི་ལ་དབུ་ཁྲིད་འདི་ལྟ་བུ་རེ་འབྱུང་བར་སྨོན་ལམ་ཚུན་ཆད་འདེབས་རིགས་སོ། ཡིག་སྒྱུར་བ་ལགས་ལ་ཐུགས་རྗེ་ཆེ་ཞེས་ཞུ་བ་ཡིན།
དབུས་བོད་མིའི་བོད་ཀྱི་དཔེ་མཛོད་ཁང་དུ་སྤྲིངས་ཡིག་འདི་དཔེ་རྙིང་བོད་བསྒྱུར་བྱས་པ་ཞིག་འདུག ཚིག་སྦྱོར་གྱོང་བོ་ཀློག་ལ་སུན་སྣང་སྤྲོད་པ་དེར་དགའ་མོས་ཅུང་རྙེད་མཚམས། གྲོགས་པོ་ཞིག་ལས་རོགས་སུ་བཅོལ་ནས་དེབ་དེ་ཡིག་བཏགས་ཀྱིས་དེབ་གཟུགས་སུ་བསྐྲུན་པར་བསམས་མོད། བསྒྱུར་བ་པོའི་ཚིག་སྦྱོར་གྱི་ཆ་ཞན་དབང་གིས་པར་དུ་བསྐྲུན་ནའང་དེ་འདྲའི་དགེ་བ་རང་མ་མཐོང་ནས་ད་དུང་ཉར་བསྡད་ཡོད།
ཁྲི་ཆུ་རྒྱ་ལགས་ཀྱིས་༼ བུ་མོར་སྤྲིངས་ཡིག ༽་ཡོངས་རྫོགས་བོད་བསྒྱུར་བྱེད་ཐུབ་པ་ཡིན་ན་བོད་ཀྱི་སོན་རྩ་རྣམས་ལ་ཕན་ཐོག་ངེས་ཅན་ཞིག་འབྱུང་བ་གདོད་མི་ཟ་བས། དེ་ལ་ཐུགས་བསམ་བཞེས་རོགས།
དེ་འདྲའི་རྩོམ་ཡིག་གང་མང་བོད་ཡིག་བསྒྱུར་ནང་བསྒྱུར་ཐུབ་ན་དངོས་གནས་ཕན་ཐོགས་ཧ་ཅང་ཆེན་པོ་ཡོང་ངེས།
ཁྱེད་རང་བསྒྱུར་རྩོམ་ལ་བཀྲིན་ཆེ་ཞུ།།
ཇོའོ་ལཱ་ནེ་རུ་ཞེས་པའི་རྒྱ་གར་རྒས་པོ་འདིས་བོད་པ་བཙན་བྱོལ་བ་ཚོར་ཁྱིམ་ཚེས་རྒྱལ་ཁབ་ཞིག་ཡིན་པའི་ཆ་ནས་གནས་སྐབས་རིང་གནས་ཚང་གཡར་བ་ལ་ཐུགས་རྗེ་ཆེ་ཞུ་འོས་ཀྱང་། བོད་ཀྱི་རྩ་དོན་ཐད་བདེན་དཔང་ཡག་པོ་ཞིག་མེད་མཁར་རྒྱ་ནག་གི་ཆ་ཤས་རེད་ཞེས་ལབ་པ་འདིས་ནོར་འཁྲུལ་ཚབ་ཆེན་ཤོར་འདུག་ལ། རའི་འུར་རྡོ་ར་ལ་ཕོག་ཞེས་པའི་ཁ་རྒྱུན་ལྟར་ད་ཆ་རྒྱ་གར་རང་ཉིད་གནས་བཟོད་མི་བདེ་བ་འདི་གུང་ཁྲན་ལ་ཐུགས་ཁག་ཅི་ཡོད། མ་ཟད་གནས་སྐབས་རིང་གནས་ཚང་ཐབས་ཆག་ཤིག་གཡར་བ་ཙམ་ལས་སྐྱབས་བཅོལ་གྱི་ངོས་ལེན་མེད་པ་དང་ད་དུང་ལྷན་ཁང་བདུན་པོ་༧རྒྱལ་བས་ཨུ་ཚུགས་མཐར་སྐྱེལ་གྱིས་བཙུགས་གནང་བ་ལས་ནེ་རུས་ངོས་ལེན་རྩ་བ་ནས་མེད་པ་རྒྱལ་བའི་མཛད་རྣམ་གསར་དེབ་ནང་བཀོད་འདུག། དེ་བཞིན་རྩོད་གཞི་ཅན་གྱི་《བཙན་བྱོལ་བོད་གཞུང་དང་བཙན་བྱོལ་སྒྲིག་འཛུགས་》གཉིས་ཀྱི་གནད་དོན་དེ་ཡང་རྒས་པོ་ནེ་རུ་ལ་ཐུག་འདུག་སྙམ། འོན་ཀྱང་ཁོང་མགོ་བདེ་དྲན་འཕྲུལ་ཅན་གྱི་ཆབ་སྲིད་རིག་པའི་གཞུང་ལུགས་ལ་མཁས་པ་ཞིག་ཡིན་པ་སྨྲོས་མེད་ལགས།
ནེ་རུ་གཙོ་བྱས་པའི་རྒྱ་གར་གྱི་སྲིད་དོན་པ་མང་པོ་ཞིག་གིས་བོད་ཀྱི་རྩ་དོན་ཐད་དྲང་བདེན་མིན་པ་དང་། ཧ་ཅང་ལྐོག་གྱུར་གྱི་བྱེད་ལས་ཐབས་སྡུག་འཐེན་ཡོད་པ་ནི་བློ་ཕམ་ཤིན་ཏུ་ཆེ་བ་ཞིག་རེད། ཡིན་ནའང་། ང་ཚོས་ཤེས་དགོས་པ་ནི་ཁོ་ནི་ཆབ་སྲིད་པ་ཞིག་རེད། སྐད་ཆ་འདིར་སྔོན་ཆད་གོ་དོན་ཅི་ཞིག་ཡོད་པ་ཧ་མ་གོ་མོད། ཁ་སང་དང་དེ་རིང་གཞི་ནས་ཆབ་སྲིད་པ་ཟེར་བ་འདི་ཆོས་པ་ཟེར་བ་དང་། དྲང་བདེན་མཁན་ཟེར་བའི་ཐ་སྙད་རེ་ཟུང་གིས་དཔྱད་པ་འཇོག་མི་ཐུབ་པ་འདི་རེད། འདིས་རྒྱུ་མཚན་གྱིས་ཁོ་ལ་ཆབ་སྲིད་པ་ཟེར་བའི་ཐ་སྙད་འདིས་འབོད་དགོས་ལ། ངེས་པར་དུ་འབོད་དགོས། བཀའ་དྲིན་ཆེན་པོ་ཞིག་ཡིན་མིན་ནི་ང་ཚོའི་སེམས་ཀྱི་རེ་འདོད་ལ་བལྟ་དགོས་ལ། གྲུབ་འབྲས་ལ་ཡང་ལྟ་དགོས་པར་འདོད།
གསེར་འབྲུག་སྡེར་ལྔ་དང་ང་དུར་ཁྲོད་ཀྱིས་རང་གི་ཡོན་ཏན་གྱི་སྐོར་ལ་གླེང་ཞིང༌། རང་ཉིད་ཆེས་ཕུལ་བྱུང་གི་མི་སྣ་ཞིག་ཡིན་པའི་སྤྱོད་ཚུལ་ཡང་སྟོན་པར་བྱེད་པ་བློ་ཕམ་ཤིན་ཏུ་ཆེ་བ་ཞིག་རེད།