དོ་རྒྱ་དགེ་སློང་གིས་བྲིས།
འཛམ་གླིང་བྱ་མོའི་སྒོ་ང་ལྟ་བུ་འདིར།།
གཡས་ཀྱི་ཕྱོགས་སུ་སྐོར་ནས་ལན་གསུམ་རྒྱུ།།
ཆུང་ཆུང་བྱིས་པའི་དུས་ཀྱི་རྩེད་གྲོགས་སྟེ།།
བོང་བུ་སྐྱ་ལྡང་ཁྱོད་འདྲ་མ་རིག་ཐལ།།
ཨ་རིའི་རྩྭ་ཁ་ཆུ་ཁ་ཡག་ནི་རེད།།
བོང་བུ་སྐྱ་ལྡང་འདི་ན་ཡོད་ཀྱི་ན།།
ཉིན་རེར་རྩྭ་ཆུ་ཡག་སར་ཁྲིད་པ་དང་།།
རྩེད་མོ་སྣ་མིན་སྣ་ཚོགས་རྩེ་ཆོག་ཀ།
བསམ་བློ་བཏང་གི་བཏང་གི་བོང་བུ་དྲན།།
ང་ཚོ་སྡེ་བའི་ནང་གི་བོང་བུ་དྲན།།
མཛད་རྩོག་ཡིན་ནོ་བསམ་ན་སྙིང་ཡང་ལངས།།
གང་ལྟར་བོང་བུ་སྐྱ་སྡང་རོང་བའི་ནོར།།
ཞོང་ཧྭ་རྡོ་སྦིས་ཕྱོགས་ན་རྟ་རྒྱུགས་ཚབ།།
བོང་རྒྱུགས་བྱས་ནས་བླ་དཔོན་བསུ་མ་བྱེད།།
ཀ་ཅུ་བོང་བུ་རྟ་ལ་འགྲན་ནོ་ཞེས།།
དེ་གའི་གྲོགས་པོ་དག་གི་ཁ་ནས་ཐོས།།
འཕྲང་འགག་དོག་མོ་ས་ལ་སླེབས་པ་ན།།
རྒྱབ་ཀྱི་ཁལ་ནི་ག་ལེར་ཟུར་ལ་རྫོགས།།
སྐྲག་ཆ་འཚེར་ས་ཞིག་ཏུ་སླེབས་པ་ན།།
བོང་བུ་སྐྱ་ལྡང་ཁྱོད་ཀྱིས་ཕེ་རིང་འདེབས།།
ཕ་མ་མིང་སྲིང་ངོ་ཚ་བྱེད་ས་ནས།།
ཁྱོད་ཀྱི་འོག་གི་ནག་པོ་བྲང་ལ་རྒྱག།
ད་དུང་ཆས་ཁུག་མགོ་ལ་བགོན་བཞིན་དུ།།
རྗེས་སུ་བཏུད་ན་ཁྱོད་ཀྱི་འཕྲ་ཡིས་རྒྱག།
གཙང་མ་དགོས་སར་ཁྱོད་ཀྱིས་སྟི་ལུ་གཏོང་།།
གཅིག་གིས་གཅིན་པ་གཏོང་སར་ཚང་མས་གཏོང་།།
རང་ལ་གཅིན་པ་མེད་ཀྱང་བཙུར་ནས་གཏོང་།།
བོང་བུ་སྐྱ་ལྡང་ཀྱག་ཀྱག་ཚ་བོ་ཡོད།།
བསམ་ཞིང་བསམ་ན་ཁྱོད་ལ་ཚིག་པ་ཟ།།
འོན་ཀྱང་ཁྱོད་ལ་སྙིང་རྗེ་ཆ་ཡང་མང་།།
གསོ་ག་ཡང་ནོ་དྲན་ན་བྱ་སྤུ་འདྲ།།
དེ་བཞིན་ལས་ཀ་ལས་ན་ཚགས་ཡང་ཡིན།།
འོ་ཅོ་མེད་ན་འགུལ་སྐྱོད་མི་བྱེད་ནོ།།
ཁྱོད་ཀྱི་ལས་དབང་ཞིག་ནི་ཡིན་པ་འདྲ།།
མི་རྣམས་བོང་བུ་མི་འགྱོ་འོ་ཅོ་འགྱོ།།
ཟེར་ཞོར་ཁྱོད་ཀྱི་རྐུབ་དབྱུག་པས་འབྲབ།།
བློ་ལ་ཐག་པས་བསྡམས་ནས་གཅོད་ལ་ཁད།།
རྐུབ་ལ་རྙེད་ཀྱིས་བརྡར་ནས་གཤགས་ལ་ཁད།།
རྒྱབ་ཁལ་ལྕི་མོས་ས་འོག་རྫོང་ལ་ཁད།།
བོང་བུ་སྐྱ་ལྡང་དྲན་ན་སྙིང་ཡང་རྗེ།།
ཁྱོད་ནི་ཁྱིམ་ཚང་ཞིག་གི་འགན་འཁུར་ནས།།
ནང་ལས་དགོང་ལས་ཚང་མ་ལས་ན་ཡང་།།
མི་རྣམས་ཁྱི་དང་བྱི་ལ་ཁྱིམ་མིར་བརྩིས།།
བོང་བུ་སྐྱ་ལྡང་སྒོ་ཁའི་གཡོག་པོ་ཉིད།།
དེང་སང་འཕྲུལ་ཆ་ཡར་རྒྱས་སོང་རབས་གོ།
ས་ཆར་རྩ་རྭ་ཆུ་རྭ་སྐོར་ཞེས་ཐོས།།
བོང་བུ་སྐྱ་ལྡང་ཁྱོད་ཀྱི་ཁ་ཟས་ལ།།
དོ་ཕོག་མེད་པར་སྔོན་བཞིན་གནས་ལགས་སམ།།
ཁྱོད་ནི་རོང་པའི་གཅེས་ནོར་ཡིན་ན་ཡང་།།
རོང་བ་རྣམས་ཀྱིས་བརྩི་མཐོང་མི་བྱེད་ཅིང་།།
ཁྱོད་ཀྱི་རྣམ་ཐར་མཁས་པས་མི་འབྲི་བས།།
ངས་ནི་ཁྱོད་ཀྱི་རྣམ་ཐར་མདོ་ཙམ་བྲིས།།
ཨ་མདོ་ཡུལ་གྱི་ཆུང་ཆུང་གྲོགས་པོ་སྟེ།།
ཨ་ཅོག་རིང་པོ་མགོ་ན་གཡོ་བ་ཡི།།
ཨ་ཇོ་གྲོགས་པོ་བོང་བུ་སྐྱ་ལྡང་ལ།།
ཨ་རིའི་ཡུལ་ནས་དྲན་པའི་གླུ་འདི་བླངས།།
དོ་རྒྱ་དགེ་སློང་བོང་བུའི་བགས་ཆགས་སད།
ཨ་རིའི་ཡུལ་ནས་བོང་བུ་སྐྱ་ལྡང་དྲན།
ཡ་མཚན་མི་ཡི་བསམ་བློ་སྣ་ཚོགས་པ།
དབྱར་གྱི་འཇའ་ཚོན་རྣམ་པར་བཀྲ་བ་འདྲ།
བོང་བུར་བྲིས་པའི་སྙན་ངག་བོང་བུ་འདྲ།།
བོང་བུའི་གོམ་པ་ལྟ་བུའི་སྙན་ངག་འདིས།།
རྟ་མཆོག་བང་ལ་འགྲན་པའི་སྙན་ངག་དག །
དེ་རིང་འདི་ནས་ཟིལ་གྱིས་མནན་ཡོད་ཀི།།
ད་བླ་རྒན་སྨྱོས་བཏང་ཟིག འདོན་རྒྱུའི་ཁ་ཏོན་མི་འདོན་པར་མི་འབྲི་རྒྱུའི་བོང་རྩོམ་བྲིས་ཡོད་ཀི དུས་སྙིགས་མ་རེད་ཟེར་ནོ་བདེན་ཀ ཨ་བོང་ཞོན་མ།
ཨ་རི་ཡོ་རོབ་ལ་སོགས་ས་ཆ་ན།།
འགྲོ་བ་མི་རྣམས་བོང་བུ་སྐྱ་ལྡང་ལྟར།།
ཉིན་མཚན་གཉིས་ཀ་ལས་ཀ་བྲེལ་བ་དང་།།
སྦྱིན་བདག་བཙན་པོས་བདས་པ་འདི་མཐོང་ན།།
ང་ཡིས་བོང་བུ་སྐྱ་ལྡང་ལོས་ཀྱང་དྲན།།
བོང་བུ་སྐྱ་ལྡང་དེ་ལས་ཅུང་ཟད་དལ།།
གཞན་ཡང་འཇང་གི་དགུན་ཆོས་སླེབས་གྲབས་འདུག།
ཆོས་སྨྲ་ཡོངས་ཀྱིས་རིག་ལམ་འགྲན་རན་འདུག།
འཇང་གི་དགུན་ཆོས་རྟགས་བསལ་རྩོད་ས་ལ།།
བོང་བུ་སྐྱ་ལྡང་རྣམ་འགྲེལ་རྩོད་ལ་ཕེབས།།
མི་རྣམས་བོང་མགོ་སུག་ཏི་སླེབས་སོང་ཞེས།།
རྟགས་བསལ་ངར་ཤུགས་ཆེ་རུ་ཆེ་རུ་འགྲོ།
ང་དང་བོང་བུ་སྐྱ་ལྡང་རྣམ་ཐར་ནི།།
ཆུང་ཆུང་བྱིས་པའི་སྐབས་ན་རྩེད་མོ་རྩེ།།
ཆོས་ར་འགྲིམ་དུས་བརྒལ་བརྟག་མཉམ་དུ་བྱས།།
གཟུགས་ཅན་བོང་བུ་སྐྱ་ལྡང་ངེད་གཉིས་དང་།།
གཟུགས་མེད་བོང་མགོ་སུག་ཏི་ངེད་གཉིས་བཅས།།
ལས་ཀྱི་དབང་གིས་མཉམ་དུ་རྒྱུན་རིང་འགྲོགས།།
བོང་བུ་སྐྱ་ལྡང་རྣམ་ཐར་གསེར་ལས་ལྷག།
ཀླུ་སྨྱོན་རྩོམ་རིག་བྱ་དགའ་གནང་རན་འདུག།
རྟ་མཆོག་མང་པོ་བང་རྒྱུགས་བྱེད་ས་ལ།།
བོང་བུ་སྐྱ་ལྡང་སུག་བཞི་གོམ་པ་རླུང་།།
སྙན་ཆ་མེད་རུང་འདུར་རྒྱུགས་བྱེད་རྒྱུ་ཡིན།།
བོང་བུ་སྐྱ་ལྡང་བོད་ཀྱི་གཅེས་ནོར་ཡིན།།
སྐལ་བ་ཆགས་ནས་ད་ལྟའི་དུས་རབས་བར།།
བོང་བུ་སྐྱ་ལྡང་དངུལ་ཆུ་བོད་ལ་ཐིམ།།
མཁས་པ་གཅིག་གིས་བོང་བུ་བྲིས་མ་མྱོང་།།
ད་དུང་བོང་བུ་འབྲེལ་བའི་ཁ་སྐད་རྣམས།།
མཁས་པའི་སྨྱི་གུའི་རྩེ་རུ་མི་སླེབས་པས།།
ངས་ནི་གྲོང་དང་གྲོང་གསེབ་གྲོང་ཚིག་རྣམས།།
བོང་བུ་སྐྱ་ལྡང་སྟི་ལུ་གཏོང་གཏོང་བྱེད།།
སྐྱ་ལྡང་བོང་ལུའི་ལོ་རབས་མ་བཤད་པྭ། །
སྐྱ་ལྡང་བོང་ལུའི་ལོ་རབས་བཤད་བཏང་ན། །
ཡུལ་གི་ནགས་རི་ནགས་དང་ཞིང་ཚུགས་བར། །
ཆུང་དུས་སྣབས་ལིག་སྐབས་དེ་དབང་མེད་དྲན། །
བོང་ལི་སྐྱ་ལྡང་ཞོན་ནས་ནགས་ལ་སོང་། །
འཚེར་མའི་ནང་དང་ཤིང་ཕྲན་མང་ས་ནས། །
བོང་ལི་སྐྱ་ལྡང་བསམ་བཞིན་འཚང་ནས་འགྲོ། །
གདོང་དང་ལུས་ལ་རྨ་ཁ་གྲངས་མེད་བཟོ། །
བོང་ལི་སྐྱ་ལྡང་ཞོན་ནས་རི་འགོར་སོང་། །
ལ་ལ་སྐོར་དུས་རྙོག་ཡང་འགྲོ་བར་དཀའ། །
ཐུར་ལ་སྐོར་དུས་བཀག་ཀྱང་བང་གིས་རྒྱུགས། །
རྐུབ་ལ་རྨ་ཤུལ་ཐོན་ནས་འགྲོ་ཡང་དཀའ། །
དཔྱིད་ཀ་ཞིང་ལ་ཞིང་ལུད་བསྐྱེལ་པ་དང་། །
སྟོན་ཀ་རོང་བའི་སྟོན་ལས་ལས་དུས་སུ། །
བོང་ལི་སྐྱ་ལྡང་གྱོ་ཤོག་དབོར་བ་དང་། །
རྡོ་རིལ་བསྐོར་ནས་གཡུལ་ག་ལྕོགས་པར་ཕན། །
བོང་ལི་སྐྱ་ལྡང་རྐང་རྩལ་ཤིན་ཏུ་བཟང་། །
ཁ་ར་ཁ་ནས་ཁ་ཉོག་སྟེར་དུས་དང་། །
ཆས་ཀོར་ནང་དུ་ཆས་འབྲུ་སྟེར་སྐབས་སུ། །
གཟབ་གཟབ་མེད་ན་སུག་ཏིས་འཕྲེད་ལ་རྒྱག །
བོང་ལི་སྐྱ་ལྡང་མཆོང་རྩལ་ཤིན་ཏུ་ལེགས། །
ཆ་མེད་མི་དང་ཉམས་ཆུང་བྱིས་པ་དག །
ཐོག་ལ་ཞོན་དུས་རང་གཤིས་ཚ་བོ་སྟེ། །
གནམ་ལྡིང་ས་ལྡིང་བསྐོར་ནས་ས་ལ་རྒྱག །
བོང་ལི་སྐྱ་ལྡང་སྐད་ངག་སྙན་མོ་སྟེ། །
མང་ཚོགས་དཀྱིལ་དང་ཁྱིམ་མི་འཛོམས་ས་རུ། །
ཤུགས་ཀྱིས་ངག་གིས་དབྱངས་ལ་བཀྱག་ནས་ནི། །
དུང་གི་སྒྲ་སྐད་རྣ་བ་འགེད་ལ་བྱེད། །
ཨ་རི་རྩ་མེད་ཆུ་མེད་གྲོང་ཁྱེར་དུ།
བོང་བུ་སྐྱ་ལྡང་ལྟོག་ཤི་འཐེབས་པར་ངེས།
དེ་བས་མདོ་སྨད་ས་འཛོམས་ཆུ་འཛོམས་སར།
བོང་བུ་སྐྱང་ལྡང་སྐྱིད་ཉལ་བགྱིས་ན་ལེགས།
མི་འཁོམས་གནས་མཆོག་ཨ་རིའི་ལུང་པ་རུ།
མི་ལུས་རིན་ཆེན་བོང་བུ་ལས་ཀྱང་བྲེལ།
ནང་མི་ཡིན་ཡང་འཕྲད་པའི་སྐབས་ཉུང་ན།
བོང་བུ་སྐྱ་ལྡང་ལྟ་ལོངས་སུ་ལ་ཡོད།
འདོད་ལྷ་ཁམས་པ་རིག་བཟང་ཡིན་ནི་ཀི།
བོང་ལུ་སྐྱ་ལྡང་བཤད་ན་རིག་སེ་འགྲོ།
བོང་ལུ་སྐྱ་ལྡང་ཕྱོགས་ལ་གསལ་ཆ་ཆེ།།
འདོད་ལྷ་ཁམས་པའི་གྲོགས་པོ་ཡག་ཤོས་ཡིན།།
རེབ་ཀོང་ཁོག་ནས་བོང་ལི་ཕེ་བཏབ་ན།།
བ་ཡན་ཁོག་ནས་རྟ་རྣམས་འདྲོགས་ནས་ལངས།།
བོང་ལུ་སྐྱ་ལྡང་ལག་ཆ་སྦོམ་ནི་ཀི།
རྒོད་མ་འགའ་རེ་རང་དབང་རྩ་ནས་མེད།།
བོང་ལུ་སྐྱ་ལྡང་ལངས་ནས་བཟོས་བའི་བུ།།
དྲེལ་ཞེས་ཀོག་ནས་འགྲོ་བའི་རྒོད་པོ་དེ།།
མི་རྣམས་ཉལ་ནས་བཟོས་ཡང་མི་འཁྱོངས་ནོ།།
རང་རང་ས་ནས་ཚང་མར་གསལ་ཆ་ཡོད།།
བོང་བུ་སྐྱ་ལྡང་བོང་བུ་སྟེང་དུ་འཛེགས།།
བོང་བུ་སྐྱ་ལྡང་རྒོད་མའི་སྟེང་དུ་འཛེགས།།
བོང་བུ་སྐྱ་ལྡང་བ་ལང་སྟེང་དུ་འཛེགས།།
བོང་བུ་སྐྱ་ལྡང་ཀུན་ཀྱི་སྟེང་དུ་འཛེགས།།
བོང་བུ་སྐྱ་ལྡང་རིགས་དང་རིས་ཞེན་མེད།།
བོང་བུ་སྐྱ་ལྡང་ཉེ་རིང་ཆགས་སྡང་མེད།།
བོང་བུ་སྐྱ་ལྡང་ཡོད་པ་གཅིག་བུ་སྟེ།།
ཆ་ལག་སྦོམ་པོ་མེ་ཤུགས་འཕུར་མདའ་ཡོད།།
རི་པིན་དམག་ཀྱང་མཐོང་ན་སྐྱག་པ་ཤོར།།
སྐྱ་ལྡང་བོང་བུའི་མཇེ་མགོ་སྡེར་མ་འདྲ།།
ནང་ལ་བཙུགས་ན་ཉོག་སེ་འགྲོ་ནི་རེད།།
ཕྱི་ལ་བཏོན་ན་ཆགས་སེ་ལེན་ནི་རེད།།
བོང་བུ་སྐྱ་ལྡང་གླེང་རིན་ཡོད་ཁོ་ཐག།
སྐྱུར་རྩི་སྐྱ་རོ་ལྟ་བུའི་གྲོགས་པོ་ལ།།
བོང་བུ་སྐྱ་ལྡང་བྱུང་རབས་མོད་ཙམ་གླེང་།།
གནའ་དུས་འབྲོང་སྟག་འཐབ་པའི་གཡུལ་འགྱེད་སྐབས།།
བོང་བུ་སྐྱ་ལྡང་ཕེཾ་སྐད་གཅིག་གིས་ནི།།
རུ་དམར་འབྲོང་རྣམས་འདྲོགས་ནས་བྲོས་པའི་ཤུལ།།
དེང་སང་བོང་སྟག་ཞེས་སུ་འབོད་པའི་ས།།
སྟག་ཀྱང་བོང་བུ་སྐྱ་ལྡང་མཐོང་པ་ན།།
རང་གི་མགོ་བོ་ས་ལ་བཏུད་ནས་འབྲོ།།
དྲན་རྒྱུ་གཡག་རོག་རོག་དེ་མི་དྲན་པར་མི་དྲན་རྒྱུ་བོང་བུ་སྐྱ་ལྡང་དྲན་པ་ཡ་མཚན་རེད། དགེ་སློང་ལོ་ལོ་ཞུ་བ་ཞིག་བྱེད། ད་བོང་མཇེ་སྡེར་མ་དང་བོང་བུ་སྐྱ་ལྡང་ཁོ་གླེང་ནས་ཉེས་པ་བསག་རྒྱུ་ལས་ཡིག་བརྒྱ་འགའ་བསགས་ན་མི་བཟང་ངམ་།
བོང་རྒན་སྐྱ་ལྡང་རྣམ་ཐར་ཟབ་མོ་འདི།།
སྐལ་ལྡན་གཞོན་ནུ་ཁྱོད་ཀྱི་སྙིང་ལ་ཆོངས།།
དོ་རྒྱ་ལ་སོགས་ཨ་རིར་བཞུགས་པ་ཀུན།།
འཇིག་རྟེན་འདི་ནས་ལྔ་ལམ་གྱུར་མ་ཐག
བོང་རྒན་སྐྱ་ལུ་དེ་ཡིས་མདུན་བསུས་ནས།།
ཕ་ཡུལ་ཨ་མདོའི་རོང་དུ་སྐྱེ་བར་ཤོག།
ཧཧཧ སྐུ་རྩེད་ཡིན་ལོ།
ཁ་བརྡ་མཁའ་ལམ་ཡངས་པོའི་གྲོང་ཁྱེར་ན།།
ཀླུ་སྨྱོན་འགྲན་རྩོམ་རྟ་ཕོ་ཐག་ཐག་རྒྱུགས།།
ང་ཡི་བོང་བུ་སྐྱ་ལྡང་གཅུར་ལ་ཁད།།
ལམ་གྱི་ཟུར་ནས་ག་ལེར་རྒྱུགས་རྒྱུ་བྱེད།།
ཤིང་རྟ་དྲིད་ནས་ག་ལེར་རྒྱུགས་རྒྱུ་བྱེད།།
ལོ་ལོན་ཆ་རེ་ཤིང་རྟ་ནང་དུ་འཇོག།
བྱིས་པ་ཆ་རེ་ཤིང་རྟའི་ཟུར་ལ་འཇོག།
སླེབས་ས་དེ་ལ་མཉམ་དུ་སླེབས་ཐབས་བྱེད།།