ཀྱེ་ཀྱེ་མ་ཡུམ་གངས་ལྗོངས་ཁྱེད་ཉིད་དང་།།
བྲལ་ནས་ལོ་ཟླའི་ཕྲེང་བ་བསྟར་ལ་བརྒྱུས།།
ཁྱེད་ཀྱིས་གནང་བའི་བག་ཆགས་ཟབ་མོ་དག།།
ཤ་དང་རུས་པའི་གསེང་ལ་བྲལ་མེད་འཐིམ།།
མཐོ་བ་རི་མགོ་དཀར་གཙང་གངས་ཀྱིས་རྒྱན།།
དམའ་བ་གཙང་ཆུ་སྔོ་ཞིང་དྭངས་བར་བཞུར།།
སྤང་རི་ལྗང་ཁུ་སྒོ་ཟོག་ནོར་གྱིས་ཁེངས།།
ཆུ་མིག་དྭངས་མོ་སྤང་ཁུག་གསེང་ནས་འབུར།།
བརྗིད་ཆགས་གནའ་བོའི་དགོན་རྙིང་བྱིན་རླབས་ཅན།།
ལུང་པ་རེ་ཡི་ཕུ་ལ་དབེན་པར་གནས།།
གཉིས་སྐྱེས་ཚོགས་དང་རི་སྐྱེས་བུ་མོ་རྣམས།།
བག་ཡངས་རྩེད་འཇོར་ཅི་ཡང་རོལ་བར་བྱེད།།
དབྱར་དགུན་སྟོན་དཔྱིད་ནམ་དུས་བཞི་པོ་དེ།།
ཚ་གྲང་ཧེ་བག་དེ་བས་མི་ཆེ་ལ།།
དགུན་གྱི་གྱོན་པ་དབྱར་གྱི་ན་བུན་གྱིས།།
འཕྲོག་པའི་དོགས་པ་དེ་བས་བྱེད་དགོས་མེད།།
བརྗིད་ཆགས་རྒྱལ་ཁང་ཕོ་བྲང་པོ་ཏ་ལ་།།
གསེར་འོད་འབར་ཞིང་འགྱིང་ངེར་གནས་པ་ནི།།
སུ་དང་གང་གིས་བསྙོན་པར་མི་ནུས་པའི།།
བཙན་པོའི་རྒྱལ་ཁབ་སྟོབས་ལ་དཔང་པོར་འགྱིང།།
ལྗང་ལྗང་སྤང་ལྗོངས་གང་དུ་རིག་ན་ཡང་།།
སྐྱིད་ཉལ་རྒྱག་པར་དོགས་པ་མི་དགོས་ཏེ།།
ཁྲག་དད་ཆེ་བའི་པད་པ་འབུ་སྲིན་རིགས།།
གངས་ཅན་ཕ་སས་སྔར་ནས་ཕ་མཐར་བསྐྲད།།
ཤང་ཤང་ཆུ་མོ་གང་དུ་རྒྱུགས་ན་ཡང་།།
ཧུབ་ཀྱིས་འཐུང་བར་དོགས་ཟོན་མི་དགོས་ཏེ།།
དད་ལྡན་དགེ་ལ་སྤྲོ་བའི་བོད་འབངས་ཀུན།།
རྒྱ་མཚོར་དུག་གིས་བཏབ་པའི་ལས་འདི་སྤངས།།
ལ་ལུང་འགྲིམ་སྟེ་གནས་ས་བསྐོར་བ་ལ།།
ཟས་དང་གོས་ཀྱི་སེམས་ཁྲལ་མི་དགོས་ཏེ།།
གངས་ཅན་ལྗོངས་ཀྱི་དད་ལྡན་སྐྱེ་བོ་རྣམས།།
ཚོགས་གསོག་སྦྱིན་གཏོང་དཀོན་མཆོག་མཆོད་ལ་སྤྲོ།།
རྩྭ་ལྗང་ནེ་ཙོའི་གཤོག་པ་ཡངས་པའི་ཁྲོད།།
གང་འདོད་རྩེད་འཇོར་རོལ་ལ་སྤྲོ་བའི་ཚེ།།
འཁྱོག་འགྲོའི་འཇིགས་པ་འཕྲད་དོགས་སྐྲག་དགོས་མེད།།
གངས་ཅན་མ་ཡུམ་གཙང་སྦྲ་དོད་པས་ཡིན།།
ནེའུ་གསིང་གཡུ་ཡི་གཞོང་པ་སྣུམ་པོ་ལ།།
སེར་ལི་དམར་ལྗང་མེ་ཏོག་རབ་ཏུ་བཀྲ།།
སྣ་ལ་བསུང་ཞིམ་མངར་མོས་བཟི་ན་ཡང་།།
མེ་ཏོག་བརྫི་བར་དོགས་ནས་རྒྱང་བལྟར་བརྩོན།།
ཀྱེ་ཀྱེ་གངས་ལྗོངས་བདག་གི་མ་ཡུམ་སྟེ།།
གང་ལ་བལྟས་ཀྱང་ཁྱེད་ལས་སྐྱིད་པ་ཞིག
གང་ལ་བསམ་ཀྱང་ཁྱེད་ལས་མཛེས་པ་ཞིག
བདག་གིས་རྒྱང་རིང་ཡུལ་ནས་ཁྱེད་ལ་བསྟོད།།
གནའ་དུས་བོད་ཡུལ་མི་རྒོད་རི་དྭགས་ཚལ། །
བར་དུ་བོད་ཡུལ་ཞི་བདེའི་ཡུལ་ལུང་ཞིག །
ད་སྐབས་བོད་ཡུལ་དམྱལ་ཁམས་གསོན་པོ་ཞིག །
བསྟོད་སྨད་གང་འོས་མ་ཤེས་རིག་བཟང་མ། །
གླ་བའི་ཚེ་སྲོག་གླ་རྩིའི་རྐྱེན་གྱིས་ཤོར།།
ཤ་བའི་ཁྲག་རས་རིན་ཆེན་སྲོག་དང་བྲལ།།
ཕ་ཡུལ་གངས་ལྗོངས་ཐོན་ཁུངས་འཛོམས་དྲགས་ནས།།
ཉིད་ཀྱི་གསུང་ལྟར་དམྱལ་ཁམས་གསོན་པོར་གྱུར།།
སྙན་དངགས་མ་བསམ་གླིང་ཚེ་རིང་ལྷ་མོ་ལགས།
བསྔགས་འོས་བསྔགས་ཤིང་དྲན་འོས་དྲན་པ་ཡི།།
སྙན་འོས་སྙན་པའི་གླེང་འོས་གླེང་བ་ཞིག།།
ཞེན་འོས་ཞེན་པའི་གངས་ལྗོངས་སྣོད་བཅུད་ཀུན།།
ངོམ་འོས་ངོམས་ཤིང་བསྟོད་འོས་བསྟོད་འདི་རྨད།།
འོན་ཀྱང་འདུས་བྱས་སམ་སྣོད་བཅུད་ཀྱ་འཇིག་རྟེན་ནི་མཐའ་བཞི་ལས་མ་འདས་སོ།།
འདུས་པའི་མཐའ་མ་བྲལ་བ་དང་།།
མཐོན་པོའི་མཐའ་མ་ལྷུང་བ་སྟེ།།
བསགས་པའི་མཐའ་མ་འཛད་དང་ནི།།
སྐྱེས་པའི་མཐའ་མ་འཆི་བ་ཉིད།།
བདག་གི་འདུས་བྱས་མཐའ་བྷབཞིའི་སྡོམ་ཚིགས་ཡིན།།
མཐའ་བཞིའི་གདམས་ངག་བྱིན་རླབས་ཅན་འདི་གནང་བར་ཐུགས་རྗེ་ཆེ།