བེ་རི་འཇིགས་མེད་དབང་རྒྱལ།
སེམས་མཐའ་མཁའ་ལ་ཟུག་པའི་ཚོར་སྙེགས་ཀློང༌།།
ས་མཐའ་རིག་པས་བསྐོར་བའི་བརྗེད་ཐོ་རིས།།
མུ་མཐའ་མེད་པའི་གནམ་སའི་བར་སྲུབས་ནས།།
ཟད་མཐའ་བྲལ་བའི་ལྟད་མོའི་སྣང་བརྙན་སྐྲུན།།
མདོ་ ཁམས་ཧོར་ཐང་ཆེན་མོའི་ཚེ་སྲོག རྩོམ་པ་པོ་བྲག་སྨོན་ཡ་མ་རཱ་ཛ། མཚན་དངོས་བྲག་འགོ་དགེ་བཤེས་ཡེ་ཤེས་འོད་ཟེར་ནི། བོད་ཕྱི་ནང་གི་མི་སྣ་མི་ཉུང་བ་ཞིག་གིས་ངོ་ཤེས་ངེས་ལ། གལ་ཏེ་ངོ་མི་ཤེས་པ་ཆ་བཞག་ནའང་མ་མཐའ་ཡང་མིང་འདི་གོ་མྱོང་སྲིད། ཁོང་ གིས་དེ་སྔོན་དེབ་གཉིས་བྲིས་ཟིན་པའི་སྒང་ལ། རང་ཉིད་ཀྱི་ལོ་རྒྱུས་ངོ་སྤྲོད་མདོ་བསྡུས་རེ་ཡོད་པ་དེ་གས་མ་འཐུས་པ་མེད་མོད། འོན་ཀྱང་དེབ་སྔ་མ་གཉིས་བཀླགས་མྱོང་མེད་མཁན་དང༌། གལ་ཏེ་ཀློག་མྱོང་ནའང་ངེས་ཤེས་གསལ་པོ་མེད་པ་ཚོའི་ཆེད་དུ། དེབ་འདིའི་མགོར་ཡང་རྩོམ་པ་པོའི་ངོ་སྤྲོད་རགས་བསྡུས་ཤིག་གླེང་འདོད་བྱུང༌།
ཁོང་ནི་ཕྱི་ལོ་ ༡༩༧༠ ལོར་ཡབ་ལེགས་དགའ་དང་ཡུམ་སེམས་འཛིན་གཉིས་ཀྱི་སྲས་སུ། ཁམས་ དཀར་མཛེས་ཁུལ་བྲག་འགོ་ནོར་པ་གྲོང་དུ་འཁྲུངས། ཆུང་དུས་གཞི་རིམ་སློབ་གྲྭར་འགྲིམས། ན་སོན་པ་དང་རྒྱ་གར་འཕགས་ཡུལ་དུ་འབྱོར་ནས་ྋགོང་ས་མཆོག་གི་ཞལ་རས་མཇལ་ཞིང་ གསུང་གི་བདུད་རྩི་མྱོང་བའི་སྐལ་བཟང་ཐོབ། ལྷོ་ཕྱོགས་གདན་ས་འབྲས་སྤུངས་སུ་ཆོས་ཞུགས་ཐོག འཛམ་གླིང་མཛེས་པའི་རྒྱན་གཅིག དགེ་བའི་གཤེས་གཉེན་ཆེན་པོ་དཔལ་ལྡན་གྲགས་པའི་ཞལ་རྡུལ་སྤྱི་བོར་བླངས་ནས། གཞུང་ཆེན་ཁག་ལ་སློབ་གཉེར་གཏིང་ཟབ་གནང༌། ཞར་ལ་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་སློབ་གྲྭའི་དགེ་རྒན་ཡང་གནང༌། ཕྱི་ལོ་ ༢༠༠༢ ནས་བཟུང་བལ་བོད་གཉིས་དང༌། རྒྱ་གར། ནུབ་ཕྱོགས་འཇའ་མན་དང༌། ཧྥ་རན་སུ། ཨ་རབ་སོགས་ སུ་བསྐྱོད་དེ་བོད་ཀྱི་ཆོས་རིག་གི་འགྲོ་དོན་སྤེལ། མི་རིགས་འདྲ་མིན་གྱི་སློབ་མ་ཤིན་ཏུ་མང་པོ་བསྐྱངས། ཕྱི་ལོ་ ༢༠༠༧ ལོར་རྒྱ་གར་དུ་ཡོངས་ནས་གདན་ས་འབྲས་སྤུངས་སུ། གཞུང་ལུགས་རབ་འབྱམས་སྨྲ་བའི་དགེ་བཤེས་དམ་བཅའ་བཞག སླར་ཡང་བོད་མདོ་དབུས་སྐོར་གསུམ་དང༌། རྒྱ་ནག་པེ་ཅིན། ལན་ཀྲུའུ། ཁྲང་ཨན། ཧྲང་ ཧད། སི་ཁྲོན་སོགས་གྲོང་ཁྱེར་ཆེན་རིགས་ཡོངས་སུ་བསྐོར་ནས། བོད་རྒྱའི་འཚོ་བ་དངོས་ཀྱི་བཞིན་རས་ལ་རྟོག་ཞིབ་ནན་པོ་བྱས། ད་ལྟར་འཇའ་མན་དུ་འཆད་རྩོད་རྩོམ་པའི་བྱ་བ་སྐྱོང་བཞིན་འཆིས། ཁོང་གི་རྩོམ་ཆོས་ཐད། ཡ་མ་རཱ་ཛཱའི་དེབ་ཕྲེང་གསུམ་པ། མདོ་ཁམས་ཧོར་ཐང་ཆེན་མོའི་ཚེ་སྲོག་ཅེས་པ་འདི་ནི། ཐོག་མར་སྐྱེ་འགྲོ་གང་དང་གང་བྱུང་མིན་གྱི་སྐོར་ནས། རིམ་པར་བཞིན་འགྲོ་བ་མིའི་བྱུང་རིམ་དང༌། སངས་རྒྱས་བསྟན་པ་དར་ཚུལ། བྱེ་བྲག་ཏྲེ་བོ་ཇི་ལྟར་བྱུང་རབས་དང༌། དེའི་ནང་གསེས་ཏྲེ་བྲག་འགོའི་སྣོད་གཅུད་ཆ་ལག་དང༌། ཡུལ་དགོན་སྡེ་གསུམ་གྱི་བྱུང་གནས་འཕེལ་གསུམ་བཅས་ཀྱིས་གཞི་རྐང་བྱས་ནས། དེའི་ཟུར་རྒྱན་ལྟ་བུར་སྐད་ཡིག་གི་རིམ་ཐང་དང༌། སྤྱི་ཚོགས་འཕྲོད་བསྟེན། མི་རིགས་ཀྱི་ལ་རྒྱ། ཚོར་པའི་སྙན་ཚིག་འགའ་ཞིག་ཀྱང་བྲིས་འདུག རྩོམ་ཚན་བཅུ་ལྷག་འདུས་པའི་དེབ་ཕྲེང་འདིའི་ནང་། གནའ་རབས་ཀྱི་བཤད་པ་ཁོ་ནར་མགོ་ལ་འཐོམ་པར། ཚན་རིག་གི་བདེན་དོན་འཚོལ་བའི་འགྲེལ་བརྗོད་ལའང་བདེན་པའི་རིན་ཐང་སྤྲོད་ནས་ འགྲོ་བ་མིའི་བྱུང་རིམ་གྱི་སྙིང་དོན་གསལ་པ། བོད་ཀྱི་རིགས་རུས་ཀྱི་སྐོར་ལ་ཕའི་རིགས་དང་མའི་རུས། མིའུ་གདུང་དྲུག་དང་རུས་ཆེན་བཞིའི་བྱུང་རིམ་བོད་ཀྱི་ལོ་རྒྱུས་ལ་མཚོན་ན། ཆུ་མགོ་གངས་དང་ཆོས་མགོ་སངས་རྒྱས་ཀྱི་དཔེ་བཞིན། མི་རིགས་ཤིག་མགོ་འཛུགས་བྱེད་ས་དེ་ཡིན་པས། ལོ་རྒྱུས་ཀྱི་ཕུག་རྒྱངས་འཚོལ་བར་མེད་ཐབས་མེད་པ་ལྟར། འདི་ཡང་དེ་དག་གི་སྙིང་དོན་རེ་བསྟན་འདུག བྱེ་བྲག་ཏྲེ་བོའི་སྐོར་ལའང་དེ་སྔོན་ས་ཁུལ་རང་ནས་བྲིས་པའི་ལོ་རྒྱུས་མཐོང་ དཀོན་ཞིང༌། གལ་ཏེ་རེ་གཉིས་རེ་ཡོད་པ་ཆ་བཞག་ནའང༌། ལོ་རྒྱུས་ཀྱི་བྱུང་རིམ་གསལ་བའི་སྔོན་གྱི་ཡིག་རྒན་གང་ཡང་མ་མཐོང་བར། ཟེར་སྒྲོས་ཐོ་འགོད་བྱས་པ་ཙམ་རེར་རྒྱབ་བཅོལ་ནས། བྲིས་པ་དེ་རིགས་དང་མི་འདྲ་བར། འབྲུ་ནས་ཆད་པའི་ཏྲེ་རྗེ་སེ་བོའི་སྐབས་དང༌། དབྲ་དང་ཧོར་གྱིས་དབང་བསྒྱུར་བྱས་པའི་རྒྱུད་རིམ་སྙིང་བསྡུས་རེ་ཡང་འཁོད་འདུག་ པ་དེ་དག་ཀྱང༌། ས་ཁུལ་རྟོག་ཞིབ་པ་ཚོས་ཞིབ་འཇུག་གི་དཔྱད་གཞིར་རུང་བར་སེམས། བྲག་འགོ་ཡུལ་དགོན་སྡེ་གསུམ་གྱི་ལོ་རྒྱུས་སྤྱི་སྡོམ་དང༌། བྱེ་བྲག་མཁས་གྲུབ་སྐྱེས་ཆེན་ཁག་གཅིག་གི་རྣམ་ཐར་སྙིང་བསྡུས་རེ་བཀོད་པ་དེ་དག་ ཀྱང༌། སྐྱེས་པའི་མི་ལ་རྒྱུད་པའི་ཁུངས་དགོས། སྒྲུབ་པའི་ཆོས་ལ་འགྲུབ་པའི་མཐའ་དགོས་ཅེས་པ་ལྟར་ཨ་མྱེས་ཡང་མྱེས་ཀྱི་བྱུང་ རིམ་ཤེས་པ་དང༌། སྔོན་བྱོན་དམ་པའི་རྣམ་ཐར། རྗེས་འཇུག་གདུལ་བྱའི་ཉམས་ལེན་གང་ཐད་ནས། གལ་ཆེའི་རང་བཞིན་ལྡན་པ་མཐོང༌། ད་དུང་ཕམ་ཁ་ཆེན་པོ་གསུམ་དང༌། རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་དམར་པོའི་ལེ་ཚན་དག་ནི། ཉེ་རབས་ཀྱི་བཙན་འཛུལ་དང་རྡུང་བརྡེགས་འོག བོད་རིགས་མི་དམངས་སྤྱི་དང་། བྱེ་བྲག་བྲག་འགོ་ཁུལ་གྱི་རང་འགུལ་དང་བླངས་དཔའ་བོ་ཚོས། ཚེ་སྲོག་དང་ཟུངས་ཁྲག་ལ་ཇི་མི་སྙམ་པའི་བློས་བཏང་ཆེན་པོས། དགྲ་བོ་ལ་དམར་འཛིངས་དྲག་པོའི་ཁྲག་རྒྱུན་གྱི་རི་མོ་ཇི་ཞིག་འབྲི་མྱོང་བའི་ལོ་ རྒྱུས་ཀྱི་སྤྱི་ཁོག་མཛུབ་མོས་རི་སྟོན་ཙམ་རེ་གནང་འདུག་པའང༌། དགྲ་གཉེན་གྱི་དབྱེ་མཚམས་ནས་ཤི་གསོད་ཀྱི་གཡུལ་འཁྲུག་དང༌། དགའ་ སྡུག་གི་འཕོ་འགྱུར་ཇི་ཞིག་བྱུང་མྱོང་བའང་གསལ་པོ་བྱས་འདུག དེས་ན་ཁོང་གི་རྩོམ་ཆོས་དེབ་ཕྲེང་གསུམ་པ་མདོ་ཁམས་ཧོར་ཐང་ཆེན་པོ་འདི་ཉིད། མི་རིགས་ཤིག་གི་ལོ་རྒྱུས་དང་འབྲེལ་བའི་ཚེ་སྲོག་ལ། ཟུངས་ཁྲག་གི་རྒྱུ་བ་སྣོན་མ་བཏབ་པ་ཞིག་ཡིན་པས། རྒྱ་ཆེར་ཀློག་པ་པོ་ཚོས་དགའ་བསུ་ཆེན་པོའི་སྒོ་ནས་ཞིབ་གཟིགས་གནང་འོས་པ་ཞིག་ རེད་སྙམ།
མཐའ་ དོན་རྩོམ་པ་པོ་ལ་ཡིད་རངས་བསྔགས་བརྗོད་དང་། བོད་རིག་པའི་ཡང་དག་པའི་སྲོལ་རྒྱུན་གྱི་འཕེལ་རླབས། རི་བོའི་དཔངས་དང་རྒྱ་མཚོའི་གཏིང་ལྟར་མཐོ་ཞིང་བརླིང་ལ ཟབ་ཅིང་ཡང་བའི་རང་བཞིན་ནམ་ཡང་མི་འདོར་བ་དབྱར་གྱི་མཚོ་དང་། བསྟན་གྱི་ཟླ་བ་ལྟར་འཕེལ་ཞིང་རྒྱས་པའི་སྨོན་འདུན་ཞུ།
ན་ཆུང་བུ་མོའི་ཡིད་འོངས་མཛེས་པའི་བཞིན།།
དྭང་གསལ་ཤེལ་གྱི་ངོས་སུ་གསལ་མོད་ཀྱང༌།།
དཔྱོད་ལྡན་མཁས་པའི་མཁྱེན་རབ་བློ་ཡི་རྩལ།།
གསལ་བྱེད་མེ་ལོང་ལེགས་བཤད་ཉིད་དུ་ངེས།།
བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ་བས་གུས་འདུད་བཅས་དྷ་ས་གངས་སྐྱིད་ནས་ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༡༡ བྲིས།། །།
ཁོ་རེ་བེ་འཇིགས་ལགས།
ཉེ་སྔོན་ནས་ཉིད་ཀྱིས་རྩོམ་ཡིག་མང་བོ་ཞིག་མཐོང་རྒྱུ་བྱུང་བས་དགའ་བོ་བྱུང་། རྩོམ་གང་ཞིག་བྲིས་ཀྱང་རང་གཤིས་དང་སྦྱར་ནས་གསལ་བོ་ཞིག་འབྲི་བ་དང་། རང་ཚུགས་ཐུབ་ཞིག་བྲིས་དང་དགེ་མཚན་ཆེའོ། དེ་བཞིན་ང་ཐུན་མོང་གི་ལྟའོ།
བེ་རི་དགེ་བཤེས་ཆེན་མོ་ལགས་སུ།
ཁར་སང་ཁྱོད་ཀྱི་ཧོར་འཇིགས་ངོ་སྤྲོད་དེའི་མཆན་གྱི་ཐོག་ནས་དྲྭ་གྲོགས་མང་པོ་ཞིག་གིས་ཁྱོད་ལ་དག་ཆ་མི་འདུག་པའི་བལྟ་ཚུལ་སྤེལ་འདུག་སྟབས་ང་དོ་སྣང་ཆེན་པོ་བྱུང་། ངས་ཆེད་དུ་ཁྱོད་ཀྱི་རྩོམ་ལ་བལྟས་པ་ཡིན། ང་ཧང་སང་སོང་། ངས་ཁྱོད་ལ་ངོ་མ་བཤད་ནི་ཡིན། ང་ཡིད་ཆེས་མ་སོང་། ངས་བསམ་པར། ཨེ་ཁོའི་གློག་ཀླད་ལ་སྐྱོན་ཞིག་ཡོད་པ་ཡིན་ནམ། ཡང་ན་གཡུ་མཚོའི་ཡིག་གཟུགས་ཐོག་ལ་བརྒྱབ་ནས་ཚུར་ཧི་མ་ལ་ཡའི་ཡིག་གཟུགས་ལ་བསྒྱུར་དུས་རང་བཞིན་གྱིས་འགྱུར་སོང་བ་ཡིན་སྲིད། རྩོམ་པ་པོ་དང་རིག་གནས་ཀྱི་དགེ་རྒན་རྒན་པ་ཞིག་གིས་འདི་འདྲ་ག་ལ་འབྲི་སྙམ། ངས་གྲོགས་པོ་ཤེས་ཡོན་པ་ཞིག་དང་ཁ་པར་ཐོག་ནས་བགྲོ་གླེང་བྱས་པ་ཡིན། ཁོས་ཀྱང་བེ་རིས་འདི་འདྲའི་སྡུག་ཐུག་ཞིག་འབྲི་རྒྱུ་མ་རེད། ཕལ་ཆེར་གློག་ཀླད་ཀྱི་སྐྱོན་ཡིན་ཡོང་ཟེར། དེ་རྗེས་ང་ལ་ཁྱོད་ཀྱི་དེབ་གཞན་པ་མེད་རུང་། བོད་ཀྱི་རྒྱལ་རབས་རིམ་པར་བྱུང་ཚུལ་ཟེར་བ་དེ་ཡོད་པས་དེར་བལྟས་པ་ཡིན། ཁྱེད་ཀྱི་རྒྱལ་རབས་དེ་ཡིག་ནོར་གྱི་རྒྱ་མཚོ་ཆེན་པོ་ཞིག་རེད་འདུག དེ་ཡང་ས་མཐའ་དང་ར་མགོ་ས་མགོ་སོགས་ཡིག་ནོར་ཆུང་ངུའི་རིགས་མ་ཡིན་པར། མང་ཆེ་བ་འཕྲད་དང་རྣམ་དབྱེ་རྟགས་ཀྱི་འཇུག་ཚུལ་གྱི་ཡིག་ནོར་རེད་འདུག ཅི་ཡང་མི་ཤེས་མཁན་ཞིག་གིས་དེ་འདྲ་བྲིས་ན་སྐྱོན་མེད་ཀྱང་། བོད་ཀྱི་རྩོམ་པ་པོ་རྒན་པ་ཞིག་གིས་འདི་འདྲ་བྲིས་ན་མིས་ལྟོས་དང་བག་ཆགས་ངན་པ་ཞིག་འཇོག་གིན་མེད་དམ། ངས་ཁྱེད་ལ་འདྲི་རྒྱུར།
༡༽ ཁྱེད་ཀྱིས་དངོས་གནས་མ་ཤེས་པ་ཡིན་ནམ།
༢༽ ཡང་ན་དོ་སྣང་མ་བྱས་པ་ཡིན་ནམ།
༣༽ ཡང་ན་གལ་ཆུང་དང་སྣང་ཆུང་བྱས་པ་ཡིན།
སྐུ་ངོ་ལགས། གལ་ཏེ་ཁྱེད་ཀྱིས་ང་སྐུ་ངོ་ཞིག་ལ་སྤྱི་ཚོགས་ཁྲོད་ཀྱི་རྩྭ་མི་ཤིང་མི་ཞིག་གིས་དྲི་བ་བཏང་བ་འདི་གུས་མེད་རེད་མ་དགོངས་ན་ལན་ཞིག་གནང་རོགས།
དྲང་མོར་བཤད་ན་མཚམས་རེར་རྩོམ་རེ་འབྲི་སྐབས། མཛུབ་མོས་རྡེག་ཉེས་བྱས་ནས་ཡིག་ནོར་མང་པོ་འཆོར་གི་འདུག རྩོམ་བྲིས་ཚར་བ་དང་ཡང་སྐྱར་ལྟ་བར་ཉོབ་སྣང་སྐྱེས་ནས་ཤར་རྒྱག་གཏོང་གི་ཡོད། ཡིག་ནོར་ཡོད་པ་རྗེས་ནས་མ་གཏོགས་ཤེས་གི་མི་འདུག ཡིན་ན་ཡང་། ད་ལྟ་མཛུབ་མོས་རྡེག་སྐབས་ཅུང་གཟབ་གི་ཡོད། བེ་རིའི་ཡིག་ནོར་དེ་ཚོའང་རྡེག་ཉེས་བྱུང་བ་འདྲ་བོ་འདུག
ངས་ཡེ་ཤེས་དང་ཁོང་གཉིས་གིས་བྲིས་པའི་སྒྲུང་རྩོམ་དེ་ཚོ་ཀློག་གི་མེད། སྙན་ངག་དེ་ཚོ་སྙན་ངག་ཟེར་ན་ཡང་ཅུང་མ་འགྲིགས་པ་ཚིགས་སུ་བཅད་པའི་སྐད་ཆ་དེ་ཚོ་ཐུང་ཐུང་ཡིན་པས་ཀློག་རྐྱང་བྱེད་གི་ཡོད། གང་བཤད་འདོད་པའི་སྐད་ཆ་རྣམས་ཚིགས་བཅད་ལ་སྡེབས་ནས་བྲིས་ན་ཕལ་ཆེར་ཉིན་གཅིག་ལ་ཚིགས་བཅད་བརྒྱ་འབྲི་དགོས་ན་ཡང་འབྲི་ཐུབ་པའི་གདེང་ཚོད་ཡོད། ཡིན་ན་ཡང་། རྒྱབ་ལོགས་སུ་གོ་དོན་ཅུང་ཡོད་པའི་སྙན་ངག་ཅིག་འབྲི་དགོས་ན་ཉི་མ་གཅིག་ལ་ཤོ་ལོ་ཀ་གཅིག་འབྲི་བར་ཡང་དཀའ་ངལ་འདུག གཅིག་བྱས་ན་ངའི་ཀླད་པ་འདི་འཕྲོ་བརླག་ཕྱིན་ཡོད་པ་འདྲ།
སྐུ་ངོ་བེ་རི།
ངས་ཁྱེད་ཀྱི་ལན་ལ་སྒུག་བཞིན་ཡོད། ཁྱེད་ཀྱིས་སྐུ་དྲག་གི་ལྟ་བ་མ་ཁུར་བར་མང་ཚོགས་དཀྱུས་མའི་ནང་གི་མི་ང་ལྟ་བུ་ལ་ཡང་ཨ་ལན་རེ་སྤྲོད་རོགས་གནང་དང་། སྐུ་ངོ་ལགས།
དྲ་གྲོགས་ལུང་རྟོགས་བསྟན་འཛིན་ལགས། ཁྱོད་ཀྱིས་ངའི་ཡིག་ནོར་ཐེར་འདོན་གནང་བ་ཐུགས་རྗེ་ཆེ། ཡིག་ནོར་རྣམས་གློག་ཀླད་ཀྱི་སྐྱོན་མིན། ངས་ཞུ་དག་ནན་པོ་མ་སོང་པའི་སྐྱོན་ཡིན། ཧོར་གཙང་གི་ངོ་སྤྲོད་དེ། ངས་ཚོགས་དྲུང་ལས་བྱེད་གཅིག་ལ་འཇུག་བཅུག་པ་ཡིན། དབུ་མེད་ཐབས་ཆག་ཅིག་བྲིས་ཡོད། ད་དུང་ང་རང་གི་གློག་ཀླད་དུ་རྗེས་ནས་ཞུ་དག་བྱེད་ཆོག་ལེ་རེད་བསམས་ནས་ཧ་རེ་ཧོ་རེ་བྱས་ནས་བྲིས་ཡོད། ང་རང་གི་གློག་ཀླད་དུ་ལེན་ཚར་བའི་རྗེས། པཌ་ཌི་ཝི་ནང་ཁུར་ནས་ལས་ཁུངས་གློག་ཀླད་ཐོག་ཞུས་དག་བྱས། དེ་ཉིད་པར་བཤུས་ཚར་གཅིག་བཏོན་ནས་ཧོར་འཇིགས་ལ་བསྐུུར། སླར་ཡང་གློག་ཀླད་ནང་ཞུ་དག་གཅིག་བྱས་ཏེ། གློག་འཕྲིན་ཐོགཧོར་འཇགས་ལ་བསྐུར་པ་ཡིན། རྗེས་ནས་བལྟས་དུས་ད་དུང་ཡིག་ནོར་གཅིག་རེ་གཉིས་རེ་འདུག ང་རང་གི་གློག་ཀླད་ནང་ཡོད་པ་ཞུ་དག་ཐེངས་གཅིག་བཏང་པའི་མ་ཡིག་དེ་ཧི་གཟུགས་ཐོག་བསྒྱུར་ནས་དྲ་རྒྱ་ཐོག་བཞག་པ་དེ་རེད། ངས་བསམ་བློ་མ་བཏང་ནས་དྲ་རྒྱ་ཐོག་བཞག་རྒྱུ་ནོར་འདུག ཧོར་ཐང་ལོ་རྒྱུས་སྐོར་དེ་མཐའ་མའི་ཞུ་དག་གཞི་ནས་བཟོ་རྒྱུ་གྲྭ་སར་བསྐུར་ཟིན། ད་ལྟ་འདི་དེའི་མ་ཕྱི་རེད། སྤྱིར་བཏང་ཡིག་ནོར་གྱི་ཐད་ལ། ང་རང་དང་པོ་གྲྭ་སར་ཡོང་དུས་བཙན་བྱོལ་གྱི་པར་ཡིག་ཚོ་བོད་ཀྱི་རིག་གཞུང་གཏོར་བརླག་གཏང་སའི་གྲུ་ག་ཞིག་རེད། མང་པོ་གླེང་མྱོང༌། དེ་རྗེས་ང་རང་བློ་གླིང་གཙུག་ལག་དཔེ་སྐྲུན་ཁང་གི་ཞུས་ཆེན་པར་བྱས་ནས་སྡོད་སྐབས། དེབ་ག་འདྲ་ཞིག་དཔེ་སྐྲུན་ཞུས་ནའང་ཡིག་ནོར་མི་ཤོར་བ་ཞིག་ཡོང་གི་མི་འདུག དེ་དག་གི་ནང་ནས་འདུལ་བ་མདོ་རྩ་བ་དཔེ་སྐྲུན་སྐབས། “བཀད་ས”ལ་ངས་”བཀོད་ས་”ཞེས་བཅོས་ནས་ཞབས་འད྄ེན་ཆེན་པོ་ཞུ་གྲབས་ཞུས་སོང༌། 1994ལོ་མཇུག་༸གོང་ས་མཆོག་གི་དུས་དབང་སྔོན་འགྲོའི་གསུང་ཆོས་གྲ་སྒྲིག་ཏུ། དབུ་མ་རིན་ཆེན་ཕྲེང་བ་དཔེ་སྐྲུན་སྐབས་མི་གཞན་གྱིས་ཞུས་དག་ཐེངས་བཅུ་གསུམ་བཏང་ནས་མཐའ་མ་བཅི་བཞི་པ་དེ་ངས་གཏོང་ཁུལ་བྱས་པ་ཡིན། ༸གོང་ས་མཆོག་གིས་གསུང་ཆོས་སྐབས་ཡིག་ནོར་གཉིས་བཏོན་སོང༌། 2004ལོར་ཕྲན་གྱིས་བྲིས་པའི་འཕགས་བོད་ཆོས་འབྱུང་པོད་ཆེན་པོ་གཉིས་གློ་བུར་དུ་དཔེ་སྐྲུན་ཞུས་པས། རྗེས་ནས་ལྟ་དུས་ཡིག་ནོར་མང་པོ་བྱུང་འདུག 2006ལོར་༸གོང་མ་ཆོག་གི་དགེ་སློང་སྡོམ་རྒྱུན་བླ་མའི་རྣམ་ཐར་དེབ་ཆེན་དེ་བཞིན་པར་ཐེངས་དང་པོ་ཚར་ནས་གཉིས་པ་དེ་ཐེ་ཝན་ལ་བསྐུར་རྩིས་སྐབས་པར་རྩ་ཞུ་དག་བྱས་པས། ད་དུང་ཡིག་ནོར་མང་པོ་ལུས་འདུག། གྲོགས་པོ་ལགས། མདོར་བསྡུས་ནས་ཞུས་ན། ཡིག་ནོར་ཁག་གཅིག་ཡིག་བཏགས་པས་ནོར་བ་ཡིན། ཁག་གཅིག་ཚག་ཚུད་མ་བྱས་པས་ནོར་བ་ཡིན། ཁག་གཅིག་ཕར་ཚུར་ཁུར་དུས་འགྱུར་འགྲོ་བ་ཡིན། ཁག་གཅིག་བྲིས་ནོར་ཐེབས་པ་ཡིན། ཉུང་ཤས་ནི་མ་ཤེས་ནས་ནོར་བ་ཡིན། གྲོགས་པོ་ལགས། ཁྱོད་ཀྱིས་ཉམས་མྱོང་གི་ཆེད་དྲིས་པ་ཡིན་ན། ཁ་པར་ཐོག་དྲིས་གནང་དང༌། ལོ་མང་རིང་པར་འདེབས་དང་རྩོམ་སྒྲིག་དཔེ་ཁྲིད་ཅི་རིགས་བྱས་པས། ཉམས་མྱོང་གི་ཐོག་ནས་ཚགས་ཚུད་མ་བྱུང་བའི་རིགས་རྣམས་རྒྱུ་མཚན་དང་བཅས་པ་གང་འཚམ་ཤེས་ཀྱི་ཡོད། ངའི་ཁ་པར། ཨང་གྲངས། 9805299653་ ཡིན། ལན་གཏོང་ན་ཁ་པར་ཕར་ཕུལ་ཆོག དྲ་ཐོག་བཤད་ན་ཕན་ཐོགས་ཡོད་པ་མ་རེད། གཙོ་ཆེར་ངའི་འཐུས་ཤོར་འགྲོ་སྟངས་དེ་བཤད་འདོད་པ་ཡིན། དགོང་དག་འདི་ལའང་ཞུ་དག་གཏོང་ལོང་མ་བྱུང༌།
འོ། ཐུགས་རྗེ་ཆེ། སྐུ་ངོ་བེ་རི། ངས་ཁྱེད་ལ་འདི་ལྟར་བཀའ་འདྲི་ཞུ་དགོས་དོན་ད་སྔོན་ང་ཁྱེད་ལ་གདེངས་འཇོག་ཡོད་མཁན་ཞིག་ཡིན་པའི་རྒྱུ་མཚན་གྱིས་ཡིན། ང་ལ་མཚོན་ན་ཡི་གེ་ཞིག་གློག་ཀླད་དུ་བཅུག་ཚར་རྗེས་ཡིག་གཟུགས་ཆེ་རུ་བཏང་ནས་ཞུས་དག་དང་། ཡང་ན་ཡིག་གཟུགས་གཞན་དང་ཚོན་མདོག་གཞན་ཞིག་ལ་བསྒྱུར་བ་སོགས་བྱས་ནས་ཞུ་དག་གཏོང་གི་ཡོད། དེ་མིན་ད་དུང་རྩོམ་ཡིག་འདྲ་ཡིན་ན་བྲིས་ནས་ཞུ་དག་གཅིག་ཚར་རྗེས་བདུན་ཕྲག་ཁ་ཤས་ལ་ལག་པས་རེག་ཙམ་ཡང་མི་བྱེད་པར་བསྐྱུར་གྱི་ཡོད་པ་དང་། བདུན་ཕྲག་ཁ་ཤས་ཀྱི་རྗེས་ནས་ཡང་བསྐྱར་ཞུ་དག་གསར་བ་བྱེད་ཀྱི་ཡོད། གང་ཡིན་ཟེར་ན་མིག་ལ་ལོབས་མེད་པར་གསར་བ་འདྲ་བོ་རེ་ཆགས་དུས་ཡིག་ནོར་ཚོ་རྙེད་ཡོང་གི་འདུག ངས་རྒྱུན་དུ་བོད་ནང་གི་དེབ་དང་བོད་ཀྱི་ཕྱི་ལོགས་ནས་བཏོན་པའི་དེབ་གཉིས་བསྡུར་བ་ཡིན་ན་ང་ཚོ་ཕྱི་ལོགས་སུ་ཡོད་མཁན་ཚོ་ཡིག་ནོར་གྱི་བང་མཛོད་ཅིག་ཆགས་ཀྱི་འདུག་སྙམ། མི་ཤེས་མཁན་ཚོས་ཅི་ཞིག་བྱེད་དེ། ཤེས་མཁན་ཚོས་གཟབ་དགོས་པར་མ་ཟད་ཡིག་ནོར་མེད་པའི་རྩོམ་པ་པོའི་དཔུང་ཁག་ཅིག་གི་སྣེ་ཁྲིད་དགོས་ཀྱི་འདུག ལོ་བཅུ་ཁ་ཞིག་གི་སྔོན་ང་བོད་དུ་ཡོད་དུས་ཝྰ་རཱ་ཎ་སྰིའི་མཐོ་སློབ་ནས་པར་སྐྲུན་བྱས་པའི་གོ་རམས་པའི་ལྟ་བའི་ཤན་འབྱེད་ཅིག་ལ་བལྟས་པ་ཡིན། སྐབས་དེར་ངས། ཨེ། ཝྰ་རཱ་ཎ་སྰིའི་མཐོ་སློབ་ཟེར་ན་སྐད་གྲགས་ཆེན་པོ་འདུག་ཀྱང་། བོད་ཡིག་གི་ཆུ་ཚད་དམའ་བོ་ཡིག་རྒྱུ་རེད་ཀོ་བསམ་མྱོང་།
རྡོ་སྦིས་དགེ་བཤེས་ཀྱིས།
ཚིག་གི་དག་ཆས་དོན་གྱི་གནད་འབྱིན་ཅིང་། །
དོན་གྱི་གོ་བས་ཚིག་གི་དག་ཐོན་པ། །
ཞེས་བརྗོད་འདུག་པས། སྨྱུག་ཐོགས་པ་ཚོས་ཡིག་ནོར་ལ་གཟབ་རྒྱུ་དེ་གལ་ཆེན་ནང་གི་དོན་ཆེན་ཞིག་རེད།
ཨ་ལགས། ང་ནམ་ཡང་ཁྱེད་ཀའི་ཚིག་འགྲོས་དང་དག་སྡེབ་ལ་ཡིད་སྨོན་འཆོར་གིན་ཡོད།
ཨ་ལགས་ད་དུང་གཟིམ་མེད་ན་འདི་ལ་༼9 – གེ་སར་རྟ་རྫི། gesar rta rdzi 格萨尔牧马人 1/2 Comedy༽ལྟོས། ཁ་སང་ཁྱེད་ཀས་རང་གི་ཡུལ་ཕྱོགས་སུ་མི་མེད་རབས་ཟེར། སྐུ་ཞབས་སྨན་བླའི་སྐད་ཆར་དགོད་རྒྱུ་ཡོང་བ་མ་ཟད། དོན་གནད་ལྕི་ཁོག་ཅིག་འཇིག་ག
དཀོན་མཆོག་ལགས། སྨན་བླ་དང་ཞི་བདེ་ཉི་མ་གཉིས་སྒྱུ་རྩལ་པ་རྒན་རབས་པའི་གྲས་ཤིག་རེད་ལ། མདོ་སྨད་ཡུལ་གྲུར་མཚན་སྙན་ཅུང་ཟད་ཡོད་པའི་མི་གཉིས་ཀྱང་རེད། ངའི་ཕ་ཡུལ་གྱི་ཕྱི་རབས་པ་ཚོ་བགྲང་དུས་མི་འདི་གཉིས་ད་ལྟ་དཀོན་མཆོག་གོང་ཕུད་ལྟ་བུར་བརྩི་བཞིན་འདུག ཡིན་ན་ཡང་མི་འདི་གཉིས་ཀྱི་ལུས་ངག་གིས་འཁྲབ་རྩོམ་བྱས་པའི་ཟློས་གར་དང་རྩོམ་ཡིག་གཉིས་ཀྱི་སྒྱུ་རྩལ་གྱི་ཁྱད་ཆོས་མ་གཏོགས། ཁོ་གཉིས་ཀྱི་ཡིད་ཀྱི་འགྱུར་བ་སྟེ་སེམས་གཏིང་གི་རྩ་དོན་རྡོག་རྡོག་ཏུ་གྱུར་པའི་བོད་ཀྱི་ཆོས་ལུགས་རིག་གཞུང་ལ་བཅངས་པའི་ལྷག་བསམ་གྱི་ལྕི་ཡང་ཐད་མི་གང་མང་ཞིག་གིས་དོགས་པ་ཟ་བཞིན་ཡོད། ཡིན་ན་ཡང་ཁོ་གཉིས་ལ་ཆོས་དད་ཡོད་མེད་དེར་ང་ལ་ཁྱད་ཅི་ཡང་མེད། ཆོས་ལུགས་དད་མོས་ཕྱོགས་གཅིག་ཏུ་བཞག སྒྱུ་རྩལ་གྱི་ཤེས་ཡོན་ཕྱོགས་གཅིག་ཏུ་སྤུངས་པ་ཡིན་ན། མི་འདི་གཉིས་ཀྱི་རིན་ཐང་ངོ་མ་དེ་ལྷང་ལ་འབུད་ཐུབ་ཀྱི་རེད།
མི་འདི་གཉིས་གཉིས་གོང་དུ་ཕུད་པའི་འོག་ནས་ངས་ངའི་ཕ་ཡུལ་གྱི་མི་འདི་དང་དེ་ཞེས་ཁྱོད་ལ་ངོམ་དུ་འོས་པའི་མི་ཞིག་ཇི་ལྟར་བཙལ་ཀྱང་རྙེད་རྒྱུ་མ་བྱུང་། ངའི་དག་ཆའི་ཐད་ཉིད་ཀྱིས་གདེང་འཇོག་གནང་བ་དེར་ཐུགས་རྗེ་ཆེ་ཞུ། དྲ་ངོས་འདིའི་དྲ་གྲོགས་ཚོའི་ནང་ན་དག་ཆ་དེ་ཙམ་མ་ཤེས་ནས་ལྷགས་པ་སྐོར་ཞིག་དང་ཤེས་བཞིན་ལག་མིག་བར་ནས་ཤོར་སོང་བ་གཉིས་ཡོད་པ་དག་ཆ་ནོར་ལུགས་ཀྱིས་ཤེས་ཐུབ་ཀྱི་འདུག
ནོར་བ། བརྩི་བཞིན་ རྩི་བཞིན
ལྷག་པ། གཉིས་གཉིས་ གཉིས་་
ཨ་ལགས་ཀླུ་སྨྱོན་ལགས། ཁྱོད་བདེ་མོ། སྐུ་ཉིད་ཀྱི་ལྗགས་རྩོམ་གསར་པ་ག་རེ་གནང་ནའང་། ཕྲན་གྱི་གློག་འཕྲིན་ཐོག་རེ་རེ་གནང་རོག྄་གྱིས། ཁྱོད་ཀྱི་ཤམྦྷ་ལའི་དུད་སྤྲིན་ལྟ་བུ་དེང་སང་བོད་ཕྱི་ནང་གཉིས་ཀར་མཇལ་རྒྱུ་མི་འདུག རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན་ཞེས་པ་དེ། སྒྱུར་པ་པོས་ཕྲན་ལ་པར་ཕུད་གཅིག་སྤྲོད་བྱུང༌། ཉེ་ཆར་ཆོས་ཚོགས་སྐབས་བཅུ་པའི་སྐབས་ཆོས་རིག་ལས་ཁུངས་ནས་ཀྱང་དེབ་དེ་རེ་རེ་གནང་བྱུང༌། ངས་དེབ་གཅིག་ཁྱོད་ལ་སྐུར་ཆོག བེ་རི་བས།
དྲ་གྲོགས་བེ་རི་ལགས། བདེ་མོ། དེང་སྐབས་སྐུ་ཉིད་ཀྱི་ཆོས་སྲིད་ཕྱག་ལས་རུ་འཛིང་བའི་དུས་སུ་ང་ལྟ་བུར་ལྗགས་ལན་དང་ཞལ་བརྡ་གནང་རྒྱུའི་དུས་ཚོད་ཅིག་བཙལ་གནང་བར་ཐུགས་རྗེ་ཆེ་ཞུ། དེང་སྐབས་ཨ་རི་ཟེར་བའི་མི་ཡུལ་གྱི་དམྱལ་ཁམས་ངོ་མ་འདིར་ལྷགས་ནས་རྩོམ་ཡིག་ཟེར་བ་ཞིག་འབྲི་རྒྱུའི་སྙིང་སྟོབས་མེད་པར་ཉི་མ་གང་འཁྱོལ་བྱེད་བཞིན་ཡོད་ལ། ཉིན་ཞིག་རྡ་སའི་རི་ཐོད་ཀྱི་མཚམས་ཁང་དེར་འཛུལ་ནས་ཚེ་ལྷག་སྐྱེལ་རྩིས་ཀྱི་འཆར་གཞི་ཞིག་འཐེན་བཞིན་ཡོད། འབྲས་ལྡི་ལིའི་གདོང་བ་བསམས་ན་སྐྲག་ནི་ཞིག་ཀྱང་རེད། ཡག་ཤོས་དེ་ཕ་ཡུལ་གྱི་རི་ཁྲོད་ཅིག་བསམ་བཞིན་ཡོད་ན་ཡང་འདོད་ཐོག་ཏུ་འཁྱོལ་དཀའ། ངའི་ཁ་བྱང་དེ་ཟླ་བ་འགའི་སྔོན་ལ་ཕུལ་ཡོད་བསམས། གལ་སྲིད་མེད་ན་གློག་ཡིག་བརྒྱུད་ཡང་སྐྱར་འབུལ་ཆོག ཉིད་ཀྱི་ཕྱག་དེབ་གོང་ས་མཆོག་གི་དགེ་སློང་གི་སྡོམ་རྒྱུན་ལོ་རྒྱུས་ལྟ་བུ་གོ་ཡང་མ་མྱོང་བ་འགའ་ཞིག་འདུག་པས། དེ་གྲས་རེ་ཟུང་ཡང་མཇལ་འདོད་ཡོད། རང་རེ་ལས་དབང་ཞིག་གིས་སྐྱེ་སའི་ཁ་ཐག་སྔོན་ཆད་ལ་དཔགས་ན་རིང་བའི་ས་ཞིག་ཏུ་སྐྱེས་ཀྱང་སྨོན་ལམ་ཞིག་གིས་རྒྱ་གར་ལྷོ་ཕྱོགས་མེད་དང་མུ་གེ་རུ་འཛིངས། ཆོས་དང་ཆབ་སྲིད་ཐོད་གཏུགས་ས་དེ་རུ་ཕྲད་པ་ནི་དགོད་བྲོ་ལ་ངུ་ཡང་བྲོ་བའི་གནས་སུ་འཁུམས། གང་ལྟར་སྙིགས་མའི་དུས་འདིར་ཆོས་གྲོགས་ཉིད་ལྟ་བུ་རེ་ཟུང་ཡོད་པ་ནི་ཅི་བས་ཀྱང་གློ་བ་དགའ།
མཇལ་ཡོང་།
མཇལ་ཡོང་།
ཤེས་བྱའི་ནེའུ་སང་ཡངས་པ་རུ།རྣམ་རིག་བཀྲ་བའི་ལུག་གུའི་ཁྱུས།དགག་ཞགས་གློག་གི་རྩེད་འགྱོ་ལ།གཡེང་བའི་བྱིས་པ་ཉམས་རེ་དགའ།
གུང་ཐང་བློ་གྲོས་ཚང་གི་བསྡུས་གྲྭའི་རྩ་ཚིག་གི་དབུ་རུ། ཤེས་བྱའི་ནེའུ་གསིང་ངོས་ཡངས་ལ། །རིགས་ལམ་མེ་ཏོག་དགོད་པ་ཅན། །ཀྱེ་ཀྱེ་བློ་གྲོས་གཞོན་ནུ་རྣམས། །འདི་ན་རྩེད་འཇོ་བྱ་བར་རིགས། །བྱ་བ་ཞིག་ཡོད་བསམས། རྩ་ཚིག་དེ་གུང་ཐང་བློ་གྲོས་ཚང་ད་ཕལ་ཆེར་ཡིན་བསམས། ཆུང་དུས་ངས་འདི་བློ་ལ་འཛིན་མྱོང་།
བེ་རི་དགེ་བཤེས་ལགས
ཁ་མདངས་་དཀར་ལ་འཇམ་ན་ཡང་།ང་ལ་བསམ་པ་མཐའ་ནས་དག
ཞལ་རས་ནག་ལ་རགས་ན་ཡང་།ཁ་འཛང་གནང་བ་ག་ན་འབབ།
སྐར་མ་རབ་རུབ་མར་མེ་དང་།ཞེས་སོགས་ཀྱི་མདོ་འདོན་པ་པོ་གང་ཟག་ཕལ་བའི་རྒྱུད་ཀྱི་མདོ་ཚིག་དེ།གང་ཟག་དེའི་རྒྱུད་ཀྱིས་བསྡུས་པ་ཡིན་པ་སྨོས་མེད་རེད།དེས་ན་སྐབས་དེའི་ངག་ཚིག་དེ་གང་ཟག་དེའི་ངག་ཡིན་པ་ལས་སངས་རྒྱས་ཀྱི་གསུང་མ་ཡིན།རྒྱུ་མཚན་དེ་ལ་དགོངས་ནས་གོང་སྨོས་ཀྱི་རྩ་ཚིག་དེ་གུང་ཐང་བློ་གྲོས་ཚང་གི་གསུང་ཡིན་པ་འདྲ་གསུང་པ་རེད།ཤུགས་བསྟན་གྱིས་ལེད་ཟློས་བྱས་སོ་ཟེར་བ་ལྟ་བུའི་མཁས་པའི་ཟུར་དང་གནོན་པོའི་ཝལ་ཞིག་ཡོད་པ་འདྲ་ཡང་སུས་ཀྱང་ཐུགས་དོག་མི་དགོས་ལྷུག་པོར་གསུང་དང་བློ་སྐྱེད་ཀྱི་སྒོ་མོ་རེད།
ཐུགས་རྗེ་ཆེ་ཞུ།