(ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ།)
རྡོ་སྦིས་ཟླ་བ་ཚེ་རིང།
དེ་རིང་ཡང་ནམ་རྒྱུན་ལྟར་ཆར་བ་ཆུང་ཆུང་ཞིག་གིས་བརྗིད་ཉམས་ཆེ་བའི་རྡ་སའི་གྲོང་ཁྱེར་དེ་ཡོངས་སུ་བརླན་པར་གྱུར་ཅིང༌། སོ་ཕག་དང་ཨར་འདམ་ལས་བཟོས་པའི་ཐོག་བརྩེགས་མའི་རྒྱ་ཁང་རྣམས་གངས་རིའི་ཕྲེང་བ་ལྟར་ཧ་ཅང་མཛེས་ལ། དེའི་སྟེང་གི་རི་དྭགས་ཕོ་མོའི་འོད་མདངས་སྔོན་ལས་ཆེ་རུ་གྱུར་བ་དང་གཡས་གཡོན་ན་འཇའ་མཚོན་སྣ་ལྔའི་གྲུབ་པའི་དར་ལྕོག་དེས་སྲང་ལམ་སྟེང་གི་སྐུ་མགྲོན་རྣམས་ཡར་སྐྱེལ་མར་སྐྱེལ་བྱེད་མ་ཐུབ་པར་ཧ་ཅང་ཐང་ཆད་པའི་ངང་གིས་མགོ་བོ་གཡུག་གཡུག་བྱེད་པ་དང་གཉིས་སུ་མ་མཆིས།
གཞུང་ལམ་དེ་ནི་རྡ་སའི་གྲོང་དཀྱིལ་ན་ཡོད་པ་དང་དེའི་གཡས་གཡོན་ན་ཁེ་སྤོགས་ཆེན་པོ་གསོག་པའི་སྦྱིན་བདག་འདྲ་མིན་ཀྱིས་གཉེར་བའི་གསོལ་ཚིགས་ཁང་དང་ཚོང་ཁང༌། པར་ཁང༌། གློག་ཀླད་ཁང༌། སྤྲོ་སྐྱིད་ཁང་མང་བོ་སོགས་ཀྱི་སྒོ་བྱང་དུ་དབྱིན་ཡིག་ཁོ་ན་བེད་སྤྱོད་བྱེད་པ་འདི་ལ་བསམས་ན་བོད་པའི་སྤྱི་ཚོགས་ཞིག་རེད་ཟེར་ན་བྱིས་པ་སྣབས་ལུག་ཅིག་ཀྱང་ཡིད་ཆེས་དཀའ་བའི་ཚད་ལ་བསླེབས་འདུག
དེ་ནས་གོམ་སྟབས་བཅུ་གྲངས་ཙམ་བརྒལ་ན་རྡ་སའི་སྲང་ལམ་གྱི་བཞི་མདོ་སྟེ་རླངས་འཁོར་ས་ཚིགས་ཀྱི་སྒོ་འགྲམ་དུ་བསླེབས་ཡོད༌། གནས་དེ་ན་ཕྱོགས་འདྲ་མིན་ནས་ཡོང་བའི་མི་རིགས་རྣམས་ཀྱི་སྐད་ཅོར་དེས་འཛམ་བུ་གླིང་གི་ཁྲོམ་རྭ་ཆུང་ཆུང་ཞིག་གནས་འདི་རུ་བཞེངས་པ་དང་གཉིས་སུ་མ་མཆིས། ལམ་ཟུར་ཞིག་ན་ལུས་སྟོབས་ཞན་ཞིང་བཙོག་དྲི་ཆགས་ཡོད་པའི་གྱོན་གོས་ནག་ཁྲ་གོན་ཡོད་པའི་ཕོ་གསར་དར་མ་ཞིག་ཙོག་པོར་བསྡད་ཡོད་ལ། ཕར་བལྟས་ཚོད་ཀྱིས་ཟླ་ཁ་ཤས་ལ་ཟ་མ་རེག་མ་སོང་སྙམ་པའི་དོགས་པ་ཞིག་ངང་གིས་སྐྱེས་སུ་འཇུག ཁོ་བོའི་མདུན་དུ་སླེ་བོ་ཞིག་གི་ཁར་རས་ཁྲ་གྲུ་བཞི་མ་ཞིག་གིས་གཡོགས་ཤིང༌། དེའི་སྟེང་ལ་བག་ལེ་སྐྱ་བོ་གཉིས་བརྩེགས་ནས་བཞག་ཡོད་ལ། སྐམ་ཞིང་གཉེར་མས་གང་བའི་ཁོ་བོའི་གདོང་དཀྱིལ་ན་ནག་ཅིང་སྣུམ་པའི་བྱ་རྒོད་གཤོག་རླབས་ལྟར་འཁྱོག་པའི་སྨིན་མའི་འོག་ན་འོད་ཆེམ་ཆེམ་འཕྲོ་བའི་མིག་ཟུང་སྐར་ཆེན་འདྲ་བ་གཉིས་ཀྱིས་རང་ཉིད་ཀྱི་རས་ལྷམ་ཅུང་ཙམ་རལ་ཡོད་པ་དེ་ལ་ཡང་ཡང་ལྟ་བཞིན་འདུག
ཁོ་བོའི་མིང་ལ་རབ་བྷ་ཟེར་ཞིང༌། ཁོ་བོ་ཡང་ཚེ་སྲོག་ཅིག་གི་ཆེད་དུ་དམར་ཕྱོགས་རྒྱལ་བོའི་སྐྱག་ཁྲིམས་ལ་གླང་ཆེན་སྨྱོན་པའི་མགོ་བོ་མི་སྒུར་ཞེས་པའི་དཔེ་ལྟར་དུ་བཙན་བྱོལ་དུ་འབྱོར་ནས་ལོ་དྲུག་ཙམ་འགྲོ་བཞིན་ཡོད།
“ཇོ་ཇོ། ག་ཚོད་རེད།” བྱིས་པ་ཞིག་གིས་སྒོར་བཅུ་ལག་ནང་དུ་བཙིར་ནས་དེ་ལྟར་དྲིས།
“གཉིས་ལ་སྒོར་ལྔ་རེད།” རབ་བྷས་དེ་ལྟར་ལན་འདེབས་ཞོར་དུ་སྒོར་ཞིང་ཡིད་དུ་འོང་པའི་མཆུ་སྒྲོས་གཡས་གཡོན་ན་ཆུ་ཐིགས་འཁྱིལ་པའི་ལྕེ་སྣེ་ཡིས་ལན་འགའ་དྲུད་པར་མ་ཟད། རེ་སྒུག་གིས་ཆུ་རིས་འཁྱིལ་བའི་མིག་ཟུང་གཉིས་འབུར་དུ་ཐོན་ནས་བུ་ཆུང་དེ་ལ་ཟས་ལྷག་སློང་བ་དང་གཅིག་པ་གཅིག་མཚུངས་རེད། འདི་ལྟར་དུས་ཡུན་ཆུང་ཙམ་འགོར་རྗེས་ཁོ་བོའི་མདུན་གྱི་སླེ་བོ་དེ་ཡང་སྟོང་ནག་ཏུ་གྱུར་འདུག་ལ། འདེགས་འཇོག་མི་མཉམ་པའི་ཁོ་བོའི་གོམ་ཁ་དེ་རང་གནས་སུ་བསྒྱུར་འགོ་རྩོམ་ཞོར་དུ་མིག་ཟུང་གི་རྣམ་ཤེས་ཕྲ་མོ་སྔོན་ཆད་རང་ཉིད་ཀྱི་སློབ་གྲྭའི་ཕྱོགས་སུ་འཁོར་བ་དང་མཉམ་དུ་འདས་ཟིན་པའི་རྐང་རྗེས་ཀྱི་ཀློང་དུ་དབང་མེད་དུ་བསྙེགས་སོང༌།
གཅིག
ཤར་རིའི་རྩེ་ནས་ཉི་འོད་འཕྲོ་དུས། ནམ་རྒྱུན་ལྟར་སློབ་མ་ཚོས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གཏོང་བཞིན་ཡོད་ལ། ལྷག་པར་དུ་དེ་རིང་ནི་གཟའ་ལྷག་པ་ཡིན་པས། (གཟའ་ལྷག་པ་དང་མིག་དམར་གཉིས་ལ་སློབ་གྲྭ་འདིའི་ནང་དུ་ངོ་སྤྲོད་ལེ་ཚན་ཞིག་གཟའ་འཁོར་གཅིག་ལ་དབྱིན་བོད་རེ་གོ་སྒྲིག་བྱས་ཡོད།) འཁོར་ཡུག་ཆུང་ཆུང་འདི་ནའང་ངོ་མཚར་གྱི་ལྟད་མོ་གང་མང་ཞིག་མཐོང་ཡོང༌། སློབ་མ་འགའ་ཤས་ཀྱིས་གདོང་ན་སུན་སྣང་དང་དད་མོས་ཀྱི་སྡུག་གཤིས་ཁོག་ནང་དུ་སྦས་མ་ཐུབ་པར་ཕྱི་ལོག་ཏུ་ཐོན་ཡོད་ལ། འགའ་ཤས་དེ་ལས་ལྡོག་སྟེ་འཛུམ་མདངས་དང་དགའ་སྤྲོའི་དཔལ་འབར་བར་མ་ཟད། སོ་སོའི་དགའ་ཕྱོགས་རེ་བཙལ་ཏེ་ལབ་གླེང་སྣ་ཚོགས་རེ་བྱེད་བཞིན་ཡོད་པས་ཆུ་ཚོད་ཐུང་ཐུང་འདི་ནི་ཕོ་མོ་ཚོས་ཟུར་མིག་གི་མྱུ་གུ་སྨིན་ཡུལ་གྱི་ས་ཞིང་ཡག་པོ་ཞིག་ཏུ་ལགས་ན། སློབ་མ་སུ་ཞིག་ཡིན་རུང་ཆུ་ཚོད་འདི་ནི་ཆེས་བརྗེད་དཀའ་བའི་ཁོ་ཚོའི་མི་ཚེའི་ནང་གི་རིན་ཐང་ཆེ་ཤོས་ཤིག་རེད། ད་དུང་སོ་ཕག་གི་རྩིག་པའི་ངོས་སུ་བཀལ་ཡོད་པའི་ས་ཆ་ག་གེ་མོའི་མཛེས་ལྗོངས་ཤིག་གི་སྐྱེས་ཚལ་དུ་བསྡུས་ཡོད་པའི་སོམ་ཉི་ཞིག་བཅོས་མིན་དུ་སྟེར།
“ཉོན། ཉོན། འདི་ཁ་བརྡ་བཤད་ས་མ་རེད།” གློ་བུར་དུ་སློབ་སྤྱིའི་མགྲིན་ཁ་ནས་ལྷུང་བའི་སྐད་ཆ་དེ་འབྲུག་སྒྲ་ལྟར་འཚེར་ཞིང༌། ནག་རིལ་ཆགས་ཡོད་པའི་གདོང་པ་དེ་དམར་བོ་ནས་དམར་ནག་ཏུ་གྱུར་བའི་ཁར་ནེ་ཙོའི་མཆུ་ཏོ་ལྟར་འཁྱོག་ཡོད་པའི་སྣ་རིང་པོའི་འོག་ན་ཐར་ཐོར་དུ་སྐྱེས་ཡོད་པའི་ཁ་སྤུ་འགའ་ཁོ་བོའི་མཆུ་འདབ་འགུལ་ཕྱོགས་དང་བསྟུན་ནས་གྱེན་དུ་ལངས་ཡོད་ལ། ཟླ་འོད་ལྟར་དཀར་བའི་མིག་ཟུང་གཉིས་པ་ཞིག་གདོང་ཁུག་ཏུ་མནབས་ཡོད་པས། སུས་མཐོང་ནའང་དབང་སྡུད་ཅན་ཞིག་རེད་སྙམ་པའི་ཚོར་བ་རྣོན་པོ་ཞིག་སྐྱེས་སུ་འཇུག
“ཨ་ ཨ་ དངོས་ནས་ཡག་པོ་བཤད་སོང༌། འདི་ཚོ་འཛིན་གྲྭ་གང་རེད་” བསོད་ནམས་གུ་རུས་དེ་ལྟར་རབ་བྷ་ལ་དྲོས་སོང༌།
“སྐབས་བཞི་བ་རེད།” རབ་བྷས་དེ་ལྟར་ལན་སྟབས་བདེ་འདི་འདྲ་བ་ཞིག་བཏབས་སོང་མོད། ཡ་མཚན་པ་ཞིག་ལ། བསོད་ནམས་གུ་རུའི་གདོང་གི་འཛུམ་མདངས་དང་དགའ་སྤྲོས་ཁེངས་པའི་མིག་ཟུང་ལ་རབ་བྷས་སོམ་ཉི་ཡི་ཀློང་ནས་ཞིབ་བལྟ་ཞིག་བྱེད་དགོས་བྱུང༌། མ་གཞི་བསོད་ནམས་གུ་རུ་ནི་ཁོ་བོའི་གྲོགས་པོ་ཡག་ཤོས་ཤིག་ཡིན་པ་མ་ཟད། ཉལ་ཁང་ཡང་གཅིག་པ་ཡིན་པས་དགའ་སྤྲོ་འདི་འདྲ་བ་ཞིག་ཁོ་བོས་བསོད་ནམས་གུ་རུ་ངོ་ཤེས་ནས་ད་བར་དུ་མཐོང་མྱོང་མེད།
བསོད་ནམས་གུ་རུས་དབུགས་རིང་ཞིག་འཐེན་ཞོར་དུ་ “ཅིའི་ཕྱིའི་ཡིན་ནམ། བོད་ཡིག་གི་ལེ་ཚན་འདི་ལ་སློབ་གྲོགས་ཚོར་སྤྲོ་བ་མེད་པར་མ་ཟད། དགེ་རྒན་ཚོ་ཡང་དབྱིན་ཡིག་གི་ལེ་ཚན་ལྟར་མཇུག་སྒྲིལ་པར་དུ་མི་འདུག་པར་རང་རང་ས་ནས་ལམ་སང་ཆས་འགྲོ་བ་འདི་ནི་ཅི་ཡིན་ནམ་”ཟེར།
བསོད་ནམས་གུ་རུའི་སྐད་ཆ་དེས་ཁོ་བོའི་མགྲིན་པ་དང་སྙིང་རྩ་ཚང་མ་གློ་བུར་དུ་བསྡམས་ཤིང༌། ཁོ་བོ་བེམ་རོ་ལྟར་གྲག་འགུལ་ཅི་ཡང་མེད་པར་ལུས།
“དེ་ལ་ཧ་ལས་དགོས་དོན་མེད། བོད་བའི་སྤྱི་ཚོགས་སུ་བོད་ཡིག་ལས་དབྱིན་ཡིག་ལ་མཐོང་ཡོད་པ་མ་ཡིན་ནམ།” ཚེ་རིང་ལོ་བརྒྱས་དབུགས་ཐེངས་གཅིག་གིས་དེ་ལྟར་བཤད། སྐད་ཆ་དཻས་རབ་བྷའི་སྤྱི་བོ་ནས་རྐང་མཐིལ་བར་དུ་ཚ་རླབས་ཤིག་རྒྱས་ཤིང༌། དྲིས་ལན་མི་ཕོག་པའི་དྲི་བ་འགས་ཁོ་བོའི་ལྷད་མེད་ཀྱི་བྲང་ཁ་གཤགས་ནས་སྙིང་ཁར་ན་ཟུག་ཅིག་ལྡང་ཞིང༌། ཁ་ནས་རང་དབང་མེད་པར་ “ངོ་ཚ་རེད་ཡ་ངོ་ཚ་རེད་”ཤོར་སོང༌།
“གཡུག་ཞོག གཡུག་ཞོག གསར་འབྱོར་བ་ཡིན་པ་ཧ་གོ་རྒྱུ་རེད་” ཚེ་རིང་ལོ་བརྒྱས་འཛུམ་ཆུང་ཞིག་དང་མཉམ་དུ་ཀུ་རེའི་ཚུལ་དུ་བཤད། སྐད་ཆ་དེས་བོད་པ་འདི་ཚོས་རྐང་བ་སྔ་གཞུག་གི་རྒྱལ་ཁ་ཁོ་ན་མ་གཏོགས་རྡོག་རྩ་གཅིག་སྒྲིལ་བྱས་ནས་རང་གི་ལུང་པའི་ཆེད་དུ་རྒྱལ་ཁ་རྩོད་ཀྱི་མེད་པ་ཤེས་ལ༌། མཐའ་འཇུག་གི་རྒྱལ་ཁ་དེ་བླངས་ནས་ཕྱིར་རང་ཡུལ་དུ་ལོག་རྒྱུའི་བསམ་པ་རྒྱུ་ཁོག་ན་དྲན་གྱིན་མེད་པ་ཡང་ཤེས་ཐུབ།
ཚེ་རིང་ལོ་བརྒྱས་མུ་མཐུད་དུ་ “ཁྱོད་ཚོས་ཧ་གོ་མ་སོང་ངམ། ང་ཚོའི་ལས་ཀ་ནི་ཉལ༌། འཐུང༌། ཟས་ནས་བསྡད་ན་མཐའ་མཇུག་གི་བདེ་སྐྱིད་ཨ་རིའི་གཞུང་ཚབ་ཁང་ནས་གནང་རྒྱུ་རེད།” ཀུ་རེའི་ཚུལ་དུ་དེ་ལྟར་བཤད་རྗེས། ཁོའི་ནག་ཆེམ་ཆེམ་དུ་གཡོ་བའི་དབུ་སྐྲ་གཡག་རྔ་འདྲ་བོ་རྒྱབ་ལོག་ཏུ་བྱིལ་བྱིལ་གཏོང་ཞོར་དུ “་ད་ནང་གི་བུ་མོ་དེས་ཕོགསར་འགའ་ཤས་སྨན་ཁང་བསྐྱལ་ཡོད།” སྐད་ཆ་དེ་སུ་ལ་ཕོག་གི་ཡོད་པ་བཤད་དཀའ་མོད༌། འོན་ཀྱང་རབ་བྷའི་དྲན་འཛིན་དུ་ཁོ་མོའི་སྐད་ཀྱི་འདེགས་འཇོག་རེ་རེ་དང་ཁཽ་མོའི་ཡིད་དུ་འོང་བའི་ཞལ་རས་སོགས་གློག་བརྙན་བཞིན་འཆར་ཞིང༌། ཁོ་མོའི་འཛུམ་མདངས་དང་དགོད་སྒྲ་ཁོ་བོའི་ཁོར་ཡུག་ན་གང་འདུག
སྐབས་དེར་མི་ཞིག་གིས་ཁཽ་བོར་བལྟས་ཡོད་ན་ཁོ་རང་ཏག་ཏག་ཞིག་བསྡད་མེད་པ་རྟོགས་ཐུབ།
“འགྲོ་ འགྲོ་ འཛིན་གྲྭར་འགྲོ་” བསོད་ནམས་གུ་རུས་དེ་ལྟར་ཟེར་དུས༌། ཁོ་བོ་ཁེར་རྐྱང་ཡིན་པ་གཞི་ནས་ཚོར་ཏེ་སྟབས་སྟབས་པོར་རྗེས་བསྙེགས་ནས་བུད་སོང༌།
གཉིས་པ།
ཞོགས་པ་ཞིག་ལ་རབ་བྷའི་ལག་ཏུ་{དཔྱོད་ཤེས་རྒྱང་འབོད}་བཟུང་ནས་སློབ་གྲྭའི་འོག་གི་ལམ་ཆུང་དེ་བརྒྱུད་ནས་འགྲོ་སྐབས། ཁོ་མོ་ཡང་གནས་དེ་ན་སློབ་སྦྱོང་བྱེད་བཞིན་འདུག་པ་མཐོང་མ་ཐག་ རང་དབང་མེད་པར་ཁོ་བོའི་བྲང་ཁ་ན་གསོན་ལྡིང་བྱེད་བཞིན་ཡོད་པའི་ཚེ་སྲོག་ཕྲ་མོ་དེ་སྔོན་ལས་ལྡབ་འགྱུར་གྱིས་མགྱོགས་ལ། མགྲིན་པ་དེ་ཡང་རྒྱུན་ལྡན་ཞིག་མིན་པར་དབུགས་རྔུབ་ལམ་སང་བྱེད་མི་ཐུབ་པ་འདི་ལ་བལྟས་ན་མགོ་བོ་འདི་ཇེ་ལྕི་རུ་སོང་བ་མིན་ནམ་སྙམ། ཡིན་ཏེ། ནམ་རྒྱུན་ཁོ་གཉིས་འཕྲད་སྐབས་འཛུམ་ཆུང་རེ་བྱས་ནས་ཕན་ཚུན་ལ་སྟབས་བདེ་བའི་འཚམས་འདྲི་ཐུང་ཐུང་རེ་བྱས་པ་མ་གཏོགས་དེ་རིང་གི་གོ་སྐབས་ཡག་པོ་འདི་འདྲ་ཞིག་གཏན་ནས་ཐོབ་མྱོང་མེད། ཡིན་ནའང་ཁོ་བོས་ཁ་བརྡའི་མགོ་གང་ནས་རྩོམ་རྒྱུ་ཡང་མ་ཤེས་པར་མིག་ཟུང་རང་དབང་མེད་པར་དེབ་ནང་དུ་འཁོར། ཅུང་ཙམ་འགོར་རྗེས་ཐབས་བཀོད་ཡག་ཤོས་ཤིག་སེམས་ཀྱི་མེ་ལོང་དུ་འཆར་བ་མ་ཟད། མགོ་ནང་དུ་བསྒུར་ནས་འདེགས་དཀའ་བའི་གོམ་ཁ་ཁོ་མོའི་ཕྱོགས་སུ་བསྒྱུར།
“ཚིག་དོན་འདི་ང་ལ་འབྲེལ་བཤད་ཅིག་རྒྱོབས་དང༌།”
“གང༌། ངས་ཅིག་ལྟ། ཤེས་ནི་ཞིག་ཡིན་ནམ།”
“འདི་རེད།” རབ་བྷས་དཔེ་ཆ་ཁོ་མོའི་ལག་ཏུ་བཞག་ནས་ཕོ་ཉམས་ལྡན་པའི་མཛུབ་མོས་ཐིག་ཕྲེང་ཞིག་ཁོ་མོར་བསྟན།
“ང་ཚོས་འདི་ལྟར་སེམས་ཏེ། རང་ཉིད་ཕམ་ཉམས་ཀྱི་རྒྱུ་གཙོ་བོ་ནི། སྒྱོགས་མདེལ་ངར་མ་དང་ལྕགས་སྒྲོག་ཁོལ་མ་མ་ཡིན་པར། འཕེལ་རྒྱས་དང་གསར་སྒྱུར་གྱི་བླ་སྲོག་གི་གཤེད་མར་གྱུར་བའི་བག་ཆགས་རྙིང་པ་འདི་རེད།” ཁོ་མོའི་ཁུ་བྱུག་ལྟར་སྙན་པའི་སྐད་ངག་དང༌། པདྨ་ལྟར་མཛེས་བའི་ཞལ་རས། བྱུ་རུ་ལྟར་དམར་བའི་མཆུ་འདབ། གནག་སྣུམ་གྱི་སྐྲ་ལོའི་འོག་ན་ཐུར་དུ་དཔྱངས་ཡོད་པའི་དངུལ་གྱི་རྣ་ལུང༌། ཀེམ་ཀེམ་གཡོ་བའི་སྐར་ཆེན་ལྟ་བུའི་མིག་ཟུང་དག་གིས་ཁོ་བོ་ཆང་འཐུང་བཞིན་ར་བཟི་རུ་གྱུར་ཅིང༌། ཅི་བྱེད་འདི་བྱེད་མེད་པར་ལག་པ་བྲག་ཁར་སྦྱར་ནས་ཕུར་ཕུར་འགའ་བྱེད་དུས། ད་གཟོད་ཁོ་རང་ཁོ་མོའི་མདུན་དུ་གྲོང་ངེར་ལངས་འདུག་པ་གཞི་ནས་ཚོར།
ད་དུང་ཟླུམ་ཞིང་རྒྱག་པའི་བརླ་ཤ་གཉིས་རྒྱ་རྐང་ནང་དུ་བཙུར་ནས་བསྡད་ཡོད་ལ། བྲང་སྟེང་ནས་གསར་དུ་སྨིན་བཞིན་པའི་ཀུ་ཤུ་ལྟ་བུའི་ནུ་འབུར་ཟུང་མགྲོན་པོ་གཞན་གྱི་ཟ་བར་དོགས་ནས་གྱོན་གོས་དམར་པོ་འདིས་གཡོགས་པ་དང་གཅིག་པ་གཅིག་མཚུངས་རེད།
“ཡག་པོ་ཤེས་སོང་ངམ།” ཁོ་མོའི་སྐད་ཆ་དེས་ཁོ་བོར་ཚིག་འགྲེལ་བརྒྱབ་ཚར་བ་ད་གཟོད་ཤེས། ཡིན་ནའང་ཚིག་རྔ་གང་ནས་མཐུད་དགོས་པ་ཡང་མ་དྲན་པར་ཤེས་ནའང་མ་ཤེས་ཁུལ་གྱིས་་ “ཁྱོད་ཀྱི་མིང་ལ་ཅི་ཟེར།” ཞེས་པའི་ཚིག་འབྲི་འདི་རང་དབང་མེད་པར་ཁ་ནས་ཤོར་སོང༌། ཡིན་ཏེ་རབ་བྷས་ད་བར་དུ་ཁོ་མོའི་དངོས་མིང་ནས་འབོད་མྱོང་མེད་པས་འདི་ལྟར་དྲིས་ཀྱང་རུང༌།
“ངའི་མིང་ལ་རིན་ཆེན་སྒྲོལ་མ་ཟེར། ངའི་མིང་དྲིས་ནས་ཅི་ཞིག་བྱེད་རྒྱུ།” ཁོ་མོའི་དཀར་ཞིང་མཛེས་པའི་གདོང་པ་དེ་རིམ་གྱིས་དམར་པོར་གྱུར།
“རྗེས་སུ་ཁྱོད་ཀྱིས་ང་ལ་སློབ་ཁྲིད་གནང་ན། ངས་ཁྱོད་ཀྱི་མིང་ཡང་མ་ཤེས་ན་ག་ལ་འགྲིག”
“འོ་ན། ཁྱོད་ཀྱིས་ང་ལ་དགེ་རྒན་ཞེས་འབོད་ཀྱི་ཡིན་ནམ།”
ཁོ་མོའི་མིག་ཟུང་གིས་དྲི་བ་རྣོ་པོ་ཞིག་ཁོ་བོའི་བྲང་སྟེང་ལ་འཕངས་ནས་རིམ་གྱིས་མགོ་བོ་ཐུར་དུ་བཀུག་སོང༌།
“ངས་ཁྱོད་ལ་དགེ་རྒན་ཞེས་བོས་ན། ཁྱོད་ཀྱིས་ང་ལྟ་བུའི་སློབ་མ་ནུས་མེད་ཅིག་སྐྱོང་ངམ།”
“ང་ལ་སེམས་པ་དཀར་པོ་ཅན་གྱི་སློབ་མ་དེས་ཆོག་”
དེ་ལྟར་ཟེར་ཞོར་དུ་འོད་ཆེམ་ཆེམ་འཕྲོ་བའི་འཇུར་རྟས་རྐང་འོག་གི་ས་རྡུལ་ངོས་ལ་རི་མོ་འགའ་རྦ་རླབས་བཞིན་བྲིས་སོང༌།
ཝ་ཉལ་ཤེས་ན་རྩྭ་རླུང་གིས་ཁུར་ཡོང་ཟེར་བའི་དཔེ་བཞིན་འདི་ལྟར་ཁུ་སིམ་སིམ་གྱི་ཡུལ་ལྗོངས་འདི་ཁོ་གཉིས་ཀྱི་དགོད་སྒྲས་དཀྲོགས་ཤིང༌། སྔོ་ལྗང་གི་རྩྭ་ཐང་དང་ཤིང་སྡོང་སྣ་ཚོགས་ཀྱིས་བསྐོར་བའི་ཐོག་བརྩེགས་ཅན་གྱི་སློབ་ཁང་དང་སློབ་མའི་གསོལ་ཚིགས་ཁང༌། ཅུང་ཙམ་ཟུར་གསུམ་དུ་ཡོད་པའི་སློབ་མའི་ཉལ་ཁང་སོགས་ལྷའི་ཕོ་བྲང་ལྟ་བུ་དག་ནི་ཁོ་གཉིས་ལ་ཆེད་དུ་མཛེས་པར་བསྐྲུན་ཡོད་པ་དང་མཚུངས།
གསུམ་པ།
ཉིན་ཞག་ནི་ཆུ་ཚོད་ལྟར་ཧ་ཅང་མགྱོགས་ལ༌། ཁོ་གཉིས་ཀྱི་ཞེ་འདང་འོ་མ་འདྲ་བོ་དེ་ཡང་ཉེ་ས་ནས་ཉེ་སར་གྱུར་ནས་ཉི་མ་འདི་དག་ཇི་ལྟར་བསྐྱལ་བ་ཡང་མ་ཤེས་པར་ཟླ་གསུམ་ལྷག་འགོར་སོང༌།
དེ་རིང་ནི་ཁོ་ཚོའི་སློབ་གྲྭའི་སྤྱི་རྒྱུགས་ཆེན་མོ་བླངས་ནས་ཉིན་གསུམ་འགོར་བ་མ་ཟད། སློབ་མ་ཚོ་སློབ་ཁང་གསར་བའི་ནང་དུ་གོམ་པ་དང་པོ་རྒྱུ་བའི་ཉིན་མོ་ཡང་ཡིན། ཡིན་ནའང་སློབ་གྲྭར་ལུགས་སྲོལ་འདི་ལྟ་བུ་ཞིག་ཡོད་དེ། ཐུག་ཕྲེང་ཁ་ཤས་ཀྱི་དྲིས་ལན་ཕོག་པའི་སྐད་ཆ་འདི་བཟུང་ནས་འཛིན་གྲྭ་གོང་དུ་འཕར་ཐབས་ཁོ་ན་མ་གཏོགས༌། རང་ཉིད་ཀྱི་ཤེས་ཚད་དང་མ་འོངས་པའི་ལམ་ཁ་སྲ་བརྟན་ཞིག་ཡོང་པར་བསམ་བློ་གཏན་ནས་འཁཽར་གྱིན་མེད། དཔེ་དེ་བཞིན་གྱིས་ཁོ་བོ་ཡང་རྨང་གཞི་ནས་འཛིན་གྲྭ་བདུན་པའི་ནང་དུ་འཕར་ཐུབ་སོང་བའི་སློབ་གྲོགས་ཚོའི་མདུན་དུ་སྣང་བ་ཅུང་སྐྱིད་པོ་ཞིག་ཡིན་མོད། འོན་ཀྱང་བསམ་བློ་ཞིབ་ཏུ་བཏང་ན་སློབ་མ་མང་ཤོས་ཤིག་ཁཽ་བོ་ནང་བཞིན་ཁཽག་སྟོང་ཡིན་པ་དྲན་ཐེངས་རེ་སོ་སོར་སྙིང་རྗེ་ཞིག་སེམས་གཏིང་ནས་ངང་གིས་ལྡང༌།
མཚན་མོ་དེར་ཟླ་འོད་ཧ་ཅང་གསལ་ལ་ཉ་གང་བའི་མེ་ལོང་སྒོར་སྒོར་འདྲ་བའི་ནང་དུ་ཟླ་བའི་ལྷ་མོ་དང་རི་བོང་གཉིས་ཀྱིས་མི་ཡུལ་གྱི་མཛེས་སྡུག་ལ་ཟུར་མིག་འཕེན་གྱིན་ཡོད་པ་མཐོང་ཐུབ་པ་མ་ཟད། ཁོ་མོའི་བཞིན་གྱི་དམར་མདངས་ཀུ་ཤུ་འདྲ་བ་དེ་ཡང་མཚམས་སྤྲིན་གསེབ་ཀྱི་ཟླ་བ་བཞིན་དམར་གྱི་ལེར་ཡོད་པ་སྔོན་ལས་ལྡབ་འགྱུར་གྱི་མཛེས་བའི་སྣང་བ་སྟེར། དཀར་ཞིང་དམར་མདངས་ཆགས་ཡོད་པའི་འགྲམ་པ་དེ་ཁོ་བོའི་བྲང་ཁ་རུ་གླན་ཞིང༌། མཉེན་ཞིང་ལྕུག་པའི་ལག་པའི་ཁོ་བོའི་མགྲིན་པར་བྱིལ་བྱིལ་བྱེད་པ་འདིས་བྱིས་པ་ཞིག་གིས་རང་གི་ཨ་མར་ནུ་ཁ་སློང་བ་དང་གཉིས་སུ་མ་མཆིས།
“རབ་བྷ”
“ཨིན། ཅི་ཞིག་རེད།”
“ཡིག་རྩལ་ག་འདྲ་འདུག་”
“དགེ་རྒན་ཁྱོད་ཀྱི་བཀའ་དྲིན་གྱིས་བཤད་ཅི་དགོས་”
“ངའི་སློབ་མ་ཞིག་ཡིན་ན་དེ་འདྲ་ལོས་ཡིན། ཡིན་ནའང༌། རྗེས་མར་ང་ལ་དགེ་རྒན་ཞེས་འབོད་མི་དགོས།” ཟེར་ཞོར་དུ་ཁུ་ཚུར་ཡང་མོ་ཞིག་ཁོ་བོའི་བྲང་སྟེང་དུ་གཞུས།
“འོ་ན། ངས་ཁྱོད་ལ་ཅི་ལྟར་འབོད།” སྟབས་སྟབས་བོར་དྲི་བ་དེ་འདྲ་ཞིག་ངག་ནས་ཤོར་སོང༌།
“ངའི་ལུས་པོ་འདི་ཁྱོད་ལ་དབང་པས་ཇི་ལྟར་འབོད་ན་ཁྱོད་རང་ཉིད་ལ་རག་ལས་ཡོད།”
སྐད་ཆ་འདིས་ཁོ་བོའི་བྲང་སྟེང་ནས་ལག་མགོ་བར་དུ་ཟ་འཕྲུག་ཅིག་ལངས་ཤིང༌། བང་སྟེང་དུ་ཡོད་པའི་ཁོ་མོ་ཅུང་ཙམ་བསྡམས་ནས་ལག་ཟུང་གཉིས་ཐད་ཀར་ཁོ་མོའི་གདོང་ལ་གཏད་ནས་ཕན་ཚུན་དམ་དུ་འཁྱུད། མཚན་མོ་འདི་ཅི་འདྲའི་ཁུ་སིམ་ལ། སྒེའུ་ཁུང་ལས་འཕྲོས་པའི་གློག་སྒྲོན་དག་ཕྱོགས་ཕྱོགས་སུ་ཁྲ་ཆེམ་མེར་སྐར་མ་ལྟར་མང་ཞིང༌། ཟླ་འོད་ཀྱིས་སྒྲོན་པའི་འདྲ་པར་འདི་ཚེ་སྲོག་ཅིག་གི་རིན་ཐང་ཡིན་ལ། ཚེ་སྲོག་དེའི་རྟག་བརྟན་གྱི་དཔང་རྟགས་ཤིག་རེད་ཟེར་ནའང་ཆོག
ཞོགས་པ་སྔ་མོ་ལངས་རྒྱུ་ནི་སློབ་མ་སྤྱིའི་ལས་ཀ་རང་ག་བ་ཞིག་ཡིན་པས། སློབ་གྲོགས་ཚོས་རང་སྦྱོང་ཙག་ཙིག་ཅིག་བྱེད་རྒྱུ་ནི་སྨྲས་མ་དགོས་མོད། ཡིན་ནའང་ཁོ་ཚོའི་ལག་ནང་དུ་དབྱིན་དེབ་མ་གཏོགས་བོད་ཡིག་གི་དེབ་མཐོང་རྒྱུ་ནི་ཉིན་མོའི་སྐར་མ་ལྟར་ཧ་ཅང་དཀོན་ཚུལ་འདི་དག་ལ་བསམ་ན། རང་གི་རིག་གནས་ལ་བདག་པོ་རྒྱག་ཏུ་ཡོང་བའི་བོད་པའི་སློབ་གྲྭ་ཞིག་རེད་ཟེར་ན་མི་སུ་ཡིན་ཡང་ཡིད་ཆེས་དཀའ་བའི་ཚད་དུ་ལྷུང་ཡོད་མོད། འདིའི་སྐོར་ལ་དགེ་རྒན་ཚོ་དང་འགོ་འཛིན། གོང་རིམ་ནས་ཀྱང་དོ་སྣང་ཆེར་སྤྲོད་ཀྱིན་མེད་པས་རང་དབང་མེད་པར་ཁོག་འདར་ཞིག་ངང་གིས་རྒྱག་ལ། དེ་དང་བསྟུན་ནས་མིག་ཆུ་མེད་པའི་ངུ་ངག་ཅིག་རྦ་རླབས་བཞིན་ཕྱོགས་ཕྱོགས་སུ་འཕྱུར།
ནང་ཇ་འཐུང་རྗེས་ཟླ་བ་འགའ་ཤས་རིང་གི་ས་རྡུལ་ཁུར་ཡོད་པའི་སློབ་དེབ་ལ་གད་བརྡར་ཞིག་བྱེད་ཞོར་དུ་ཁོ་བོ་འཛིན་གྲྭར་འགྲོ་འགོ་རྩོམ་སྐབས། རྒྱང་སྒྲོག་ནས་རབ་བྷ་ལས་ཁུངས་སུ་སྐད་བཏང་སོང༌།
རབ་བྷ་ལས་ཁུངས་སུ་འཛུལ་དུས་རྩིག་ངོས་ཀུན་ན་ཉི་འོད་ལྟར་མཚོན་མདོག་གིས་འོད་མདངས་བཀྲ་བའི་མིག་ཟུང་གཉིས་རང་དབང་མེད་པར་ལག་པས་འགེབ་དགོས་པ་ལྟ་བུའི་སྣང་བ་ཞིག་འཆར་གྱི་འདུག ས་གདན་འབྲུག་རིས་མས་གཡོགས་ཡོད་པའི་ས་སྟེགས་ཀྱི་སྟེང་ན་ཅོག་ཙེ་ཆེན་པོ་ཞིག་ཐུར་དུ་བཞག་ཡོད་ལ། མཐའ་འཁོར་ཀུན་དུ་ཀོ་བའི་འབོལ་ཁྲི་དམར་ནག་འགའ་ཤས་ཀྱིས་བསྐོར་ཡོད་པའི་དཀྱིལ་ཞིག་ན་ཅུང་ཙམ་གཡོན་འདུག་བྱས་ནས་བསྡད་ཡོད་པའི་སྐུ་མགྲོན་རྒྱག་པ་ཞིག་ཡོད་ལ། ཕར་བལྟས་ཚོད་ཀྱིས་མི་འཇོན་ཐང་ཅན་ཞིག་རེད་སྙམ་པའི་སྣང་བ་ཞིག་ངང་གིས་སྟེར།
འགོ་འཛིན་གྱིས་ཇ་དཀར་ཡོལ་གང་སྐུ་མགྲོན་དེ་ལ་དྲངས་ཞོར་དུ་“སློབ་མ་འདི་རེད་དམ།” ཟེར།
སྐུ་མགྲོན་དེས་དེ་ལ་ལན་ཅི་ཡང་མི་འདེབས་པར་འབུར་དུ་ཐོན་ཡོད་པའི་མིག་ཟུང་རབ་བྷ་ལ་གཏད་ནས་ “ཁྱོད་རང་བོད་ནང་ནས་ཡོང་བའི་རབ་བྷ་ཟེར་བ་དེ་ཡིན་ནམ།”
“ཡིན་ལགས།” རབ་བྷས་དེ་ལྟར་ལན་ཕྱིན་མ་ཐག
དཔྲལ་གཉེར་གྱི་སྐྱི་མོ་རྣམས་ཐོད་དཀྱིལ་དུ་བསྡུས་ཏེ་སྦོམ་ཞིང་རིང་བའི་མདུང་རྩེ་འདྲ་བའི་མཛུབ་མོ་རབ་བྷའི་གདོང་དཀྱིལ་ལ་བཙུགས་ནས་ “དེ་རིང་ནས་བཟུང༌། ཁྱོད་ཀྱིས་ངའི་བུ་མོ་ལ་སྐད་ཆ་གཅིག་ཀྱང་བཤད་མི་ཆོག ངའི་བུ་མོ་ཁྱོད་ལྟ་བུའི་མཐོ་སྒང་གི་འབྲོག་ངན་ཞིག་གི་ལག་ཏུ་ལྷུང་ན་ག་ལ་འགྲིག རྒྱུ་ནི་ཁྱོད་ཚོར་མེད། དབང་ཐང་ཡང་མེད་པའི་འཁྱམ་པོ་ཞིག་ཡིན་པ་རང་གིས་ཤེས་ན་བཟང༌།” ཟེར་ནས་སྒོ་ཁྲོག་གེར་གཏད་ནས་བུད་སོང༌།
སྐད་ཆ་འདིས་མི་དེ་སྒྲོན་མའི་ཕ་རྒན་ཡིན་པ་ཤེས་ཤིང༌། འདི་ལྟར་རབ་བྷའི་ལྷད་མེད་ཀྱི་སེམས་པ་དེ་ལ་ཆག་འཇིག་དགུ་བརྩེགས་འདི་འདྲ་བ་ཞིག་ཡོང་རྒྱུ་ནི་ཁོ་བོའི་རྨི་ལམ་དུ་ཡང་འཁོར་མྱོང་མེད་པས་ཁོ་བོ་སྡོང་རྒན་བཞིན་ལངས་བསྡད་པའི་སྐབས་སུ། འགོ་འཛིན་གྱིས་ “སོང༌། སོང༌།” ཟེར་ནས་མིག་ཟུང་ཀེམ་ཀེམ་བྱེད་ཚུལ་འདི་ལ་བལྟས་ན་དངོས་པོ་རྩ་ཆེན་ཞིག་བོར་བརླག་བྱུང་བ་དང་གཉིས་སུ་མ་མཆིས།
བཞི།
སྡོང་ལོ་དང་རྩྭི་ཤིང་རྣམས་རབ་བྷའི་སེམས་པ་ལྟར་རླུང་གིས་ཁུར་ཞིང༌། མེ་ཏོག་དང་ནེའུ་གསེང་གིས་མཛེས་པའི་སྟོན་དུས་ཀྱི་དཔལ་ཡོན་དེ་ཡང་ཁོ་བོའི་འཛུམ་མདངས་ལྟར་རིམ་གྱིས་ཡལ་ནས་གྲང་ངར་ཆེ་བའི་གཤིན་རྗེའི་ཡུལ་དུ་བསླེབ་པར་སྟ་གོན་བྱས།
དེ་རིང་གི་གནམ་གཤིས་འདི་ཡང་ཁོ་བོའི་སེམས་པ་ལྟར་གྲང་ཤུར་ཤུར་གྱི་ལྷག་རླུང་ཞིག་ངང་གིས་ལྡིང་ཡོང་བས་སློབ་གྲོགས་ཚོ་ཡང་ཕྱི་ལོག་ཏུ་མཐོང་རྒྱུ་མེད་ནའང༌། ཆག་གྲུམ་ཤོར་བའི་སེམས་པ་རྨས་མ་གཉིས་གླིང་ཀའི་གྲོང་ན་གླེང་མོལ་མེད་པར་ལུས་ཡོད།
ཅུང་ཙམ་འགོར་རྗེས་རབ་བྷས་མགོ་བོ་ཡར་དགྱེ་ཤིང༌། ཆུ་རིལ་འཁྱིལ་བའི་མིག་ཟུང་གིས་མཁའ་དབྱིངས་ན་རང་དབང་གིས་འཕུར་བཞིན་པའི་འདབ་ཆགས་རྣམས་ལ་བལྟས་ནས་ “ད་ ཕ་མའི་ཁ་ལ་ཉན་དགོས། ཕ་མ་ནི་ང་ཚོའི་བདེ་སྐྱིད་ཀྱི་འབྱུང་རྩ་རེད། ལྷག་པར་དུ་ཁྱོད་ཀྱི་ཕ་མ་ནི་དབང་རྒྱུ་གཉིས་ཀྱི་ཆ་ནས་ཡག་པོ་ཡིན་པས། ཁྱོད་ཀྱི་བདེ་སྐྱིད་ཀྱང་དེ་ནས་ཡོང་ཐུབ།” ཟེར་བཞིན། རང་ཉིད་ཀྱི་སྡུག་བསྔལ་ཁོག་ཏུ་སྦས་ནས་ཁོ་མོའི་འགྲམ་མཁུར་ནས་བཞུར་བཞིན་པའི་མིག་ཆུ་ལག་པས་ཕྱིས།
“ཁྱོད་ཀྱིས་ཀྱང་འདི་ལྟར་བཤད་ན། ད་ངས་ཅི་ཞིག་བྱ་དགོས་སམ།” ཟེར་ནས་ཚིག་རྔ་ཁོག་ཏུ་མིད་བྱུང༌། ཆར་བ་ལྟར་ལྷུང་བའི་ཁོ་མོའི་མིག་ཆུས་རབ་བྷའི་བྲང་ཁ་ཡོངས་སུ་བརླན་པར་གྱུར་བ་མ་ཟད། ཁོག་ནང་དུ་ཡང་རྒྱ་མཚོ་ལྟར་འཁྱིལ་ཡོད་པའི་ཁོར་ཡུག་འདི་ན་ཆུ་འཇིག་གི་ཉེན་ཁ་ཡོད་ཟེར་ནའང་མི་ཆོག་རྒྱུ་མེད།
མི་ཚེ་ནི་འདི་ལྟར་དྲང་བདེན་གྱིས་དབུལ་བས་ཁོ་གཉིས་ཀྱི་ཉིན་ཞག་ཡང་ལོ་ཟླ་ལྟར་ཧ་ཅང་རིང༌།
རབ་བྷ་ཡང་སློབ་གྲོགས་ཚོ་དང་མཉམ་དུ་སློབ་ཁང་དུ་འགྲོ་ཞོར་ལ་ཡང་ཁོ་མོའི་ཕྱོགས་སུ་བསམ་བློ་རེ་མི་གཏོང་ག་མེད་བྱུང༌། ཡིན་ཏེ། ཉིན་ཞག་གཅིག་གི་རིང་ལ་ཁོ་མོའི་ངུ་ངག་གི་འདེགས་འཇོག་དང་ཆུ་རིལ་འཁོར་བའི་མིག་ཟུང་སོགས་མ་མཐོང་བས་ཁོ་བོར་མཚོན་ན་གསེར་ཉ་སྔོན་མོ་ས་སྟེང་དུ་ལྷུང་བ་བཞིན་ཆུ་ཚོད་འདི་ཧ་ཅང་བསྐྱལ་དཀའ་བས་དཔེ་ཁུག་མདུན་ཅོག་སྟེང་དུ་བཞག་མ་ཐག་ཐད་ཀར་རིན་ཆེན་སྒྲོལ་མོའི་མདུན་དུ་སོང༌།
“ཝེ༌། རྡོ་རྗེ་མཚོ།”
“འོ་ གལ་སྲིད་ཁྱོད་སློབ་ཁང་དུ་མ་ཡོང་བ་ཡིན་ནའང༌། ང་ཁྱོད་འཚོལ་དུ་ཡོང་དགོས་བསམ་བཞིན་ཡོད། འདི། ཡི་གེ་འདི་མོ་རང་འགྲོ་ཁར་ཁྱོད་ལ་སྤྲོད་དགོས་ཟེར། ཡིན་ནའང༌། ད་བར་དུ་སྤྲོད་ཐུབ་མ་སོང་བས། དགོངས་དག” ཟེར་ནས་ཡིག་ཤུབས་ཤིག་རབ་བྷའི་ལག་ཏུ་གཏད་རྗེས་སྐྱོ་མདོག་གི་གདོང་པར་དཀར་ཞིང་ཕྲ་བའི་སྤར་མོས་བཀབ་ནས་མི་མཐུད་དུ་ “ནད་ལྕི་མོ་ཞིག་ཡིན་པ་འདྲ། སྨན་ཁང་དུ་ཟླ་གཅིག་གཉིས་ལ་འདུག་དགོས་ཟེར་གྱིན་འདུག” ཟེར
ཁོ་བོ་དངངས་སྐྲག་ཅིག་དང་མཉམ་དུ་འཕྲིན་ཡིག་དེ་ཀློག་མགོ་བརྩམས།
༄། ངའི་དཔྲལ་དཀྱིལ་གྱི་མིག་ཟུང་བཞིན་གཅེས་པའི་སྙིང་གྲོགས་གང་ལ།
འཕྲིན་ཡིག་འདི་ནི་ངས་ཁྱོད་ལ་བཅངས་པའི་མཐའ་མཇུག་གི་བདེ་སྐྱིད་ཡིན་ཀྱང་སྲིད༌། གང་ལགས་ཟེར་ན། བུ་མོ་ངས་ཉིན་ཞག་གང་མང་ལ་བསམ་བློ་བཏང་ཡང་ལམ་ཁ་འདི་ནི་ཞེ་འདང་གི་གཉོམ་ལག་ལ་རང་དབང་གི་ན་ཚོད་མ་རྒྱས་པའི་ཁོ་ཚོའི་གདམ་ག་ཡིན་པས། ངས་འདི་ལྟར་བྱས་ན་ཁྱོད་རང་ང་ལ་ཁོང་ཁྲོ་ཟས་ཀྱང་ཆོག གང་ལྟར༌། ཡི་གེ་འདི་མཐོང་དུས༌། ང་རང་གཏན་ནས་བུད་སོང༌། ཡོད་ཚད་ཀྱི་ཡོད་ཚད་དང་བྲལ་ནས་མ་བུ་མོ་ཞིག་གི་ཞེ་འདང་རུམ་ནས་བུད་སོང༌། ཡིན་ནའང༌། ཆེས་བརྗེད་དཀའ་བ་ནི་འོ་མ་ལྟ་བུའི་ཁྱོད་ཀྱི་ལྷད་མེད་ཀྱི་སེམས་པ་དང་མེ་ཏོག་ལྟར་འཛུམ་པའི་ཞལ་རས་ཡིན༌། འོན་ཀྱང༌། ཡིད་སྐྱོ་བ་ཞིག་ལ་རང་ཉིད་ཀྱི་ལུས་རྟེན་སྦྱིན་པའི་ཕ་མས་ཀྱང་འདི་ལྟར་རྒྱུ་དང་དབང་གྲགས་ཀྱི་ཆེད་དུ་རང་གི་ཤ་ཁྲག་ལས་ཆད་པའི་བུ་མོའི་ཚེ་སྲོག་དེ་ཡང་འདི་ལྟར་སྣང་མེད་དུ་འཇོག་པ་ནི་ཅི་འདྲའི་བློ་ཕངས་བ་ཞིག་རེད། ཡང་གཅིག་བཤད་ན། འདི་ནི་བོད་མིའི་སྤྱི་ཚོགས་ནང་ན་བློ་ཁ་ནར་མ་སོན་པའི་བྱིས་པ་དག་གིས་དེང་རབས་ཀྱི་གར་སྟེགས་ལ་རྒྱུ་བཞིན་པའི་ཡར་རྒྱས་ཀྱི་རྣམ་པ་ཞིན་ཏུ་འཁུམས་ན། ངའི་ཕ་མ་གཉིས་ལའང་ཅི་ཁག ཡིན་ནའང༌། ལས་དབང་དེ་ཡང་འདི་ལྟར་རྒྱུ་འབྲས་དང་བྲལ་ནས་ངེད་གཉིས་ཀྱི་བརྩེ་དུང་གི་གཤེད་མར་འགྱུར་རྒྱུ་ནི་དངོས་གནས་ངའི་རྨི་ལམ་དུ་ཡང་འཁོར་མྱོང་མེད། འདི་དག་བསམ་ན་བུ་མོ་ནི་ཅི་འདྲའི་ལས་ངན་ཞིག་རེད་ཨང༌། དུས་རབས་ཉེར་གཅིག་པའི་ཉིནམོ་འདི་ལའང་བུ་མོ་ངའི་བརྩེ་དུང་གི་ལང་ཚོ་ཅི་དགར་གྲོལ་མི་ཆོག་པ་དང༌། ལདི་ལྟར༌། ང་ཚོའི་མཁྲེག་འཛིན་དང་གཞན་ངོ་སྲུང་དགོས་བ་ནི་ཅི་འདྲའི་ངོ་ཚ་བ་ཡིད་སྐྱོ་དགོས་བའི་གནས་ཚུལ་ཞིག་རེད། སྙིང་གྲོགས་ལགས། ད་ཡོད་ཚད་གཅིག་ཏུ་བསྡུས་ན། ང་ཁྱོད་ལ་དགའ༌། ཉི་ཟླ་དཔང་དུ་འཇོག། བདེན་མིན་ལྷ་ཡིས་མཁྱེན། ངས་བཤད་འདོད་པའི་སྐད་ཆ་དང་གླེང་འདོད་པའི་གཏམ་རྒྱུད་བགྲང་གིས་མི་ལོང༌། ཡིན་ནའང༌། ངས་ཁྱོད་རང་འདི་ལྟར་ང་རང་ནང་བཞིན་སྡུག་ནང་དུ་ལྷུང་བར་མི་འདོད༌། སྙིང་གྲོགས་ལགས། ང་གང་ལ་སོང་ཡང་ཁྱོད་རང་ཁོ་ན་དྲན་བཞིན་ཡོད། བདེ་མོ།
ཡི་གེ་དེ་ཀློག་ཚར་རྗེས་ཁོ་བོའི་བྲང་ཁར་ཚ་རླབས་ཤིག་རྒྱས་ཤིང༌། ལུས་སེམས་གཉིས་ཀ་དྲན་པ་འཐོར་བ་ལྟར་ནག་འཐོམ་མེར་གྱུར་སོང་བས། ཁོ་མོ་སྨན་ཁང་གང་དུ་ཡོད་པ་དང་ཚུལ་ཇི་ལྟར་ན་བ་སོགས་འདྲི་རྒྱུ་ཡིད་ལ་མ་ཤར་བ་མ་ཟད། ཁོའི་འགྲམ་གྱི་རྡོ་རྗེ་མཚོ་ཡང་ནམ་སོང་བ་ཡང་མ་ཤེས་པར། ཁོ་རང་གཅིག་པུ་འཛིན་ཁང་གི་ལྕགས་རའི་ཁ་ན་གྲོང་ངེར་ལངས་འདུག་པ་ཚོར་ནས། སྟབས་སྟབས་པོར་རྡོ་རྗེ་མཚོའི་རྗེས་བསྙེགས་ནས་འདིའི་སྐོར་གྱི་གནས་ཚུལ་གསལ་འདྲི་ཞིག་བྱེད་པར་བརྒྱུད་སོང༌།
རབ་བྷ་རླངས་འཁོར་ཞིག་ལ་བསྡད་ནས་བདེ་ལེགས་སྨན་ཁང་གི་ཕྱོགས་སུ་གྱ་གྱུར་འཐེན་པའི་ལམ་ཕྲན་དེ་བརྒྱུད་ནས་བསྐྱོད་མོད། ཁོ་བོའི་འགྲོ་རོགས་ནི་མི་རྒྱུས་མེད་སྐོར་ཞིག་ཡིན་ལ། སོ་ཐ་ལྟར་ནག་པོའི་ཁོ་ཚོའི་ལུས་གཟུགས་ལ་རས་ཁྲ་སྤྱི་རིལ་མ་ཞིག་གིས་གཅུས་ཡོད་པ་མ་ཟད། སེར་ག་གས་ཡོད་པའི་རྐང་མཐུལ་གྱི་ཧྲག་བར་ན་ས་རྡུལ་མཐེ་བོང་འདྲ་བ་རེ་བཟུང་ཡོད་པ་འདི་ཚོས་ཀྱང་ཁོ་བོ་ལ་མིག་ལོག་གིས་བལྟས་བ་དང༌། མཚམས་མཚམས་སུ་གཅིག་གཅིག་གི་རྣ་བར་དུ་ཤབ་ཤུབ་ཅིག་སྨྲ་བཞིན་འདུག འདི་དག་གིས་རང་དབང་མེད་པར་ཁོ་བོའི་སེམས་པ་ཕ་ཡུལ་གྱི་ཕྱོགས་སུ་དྲངས་སོང༌། ཕ་ཡུལ་གྱི་མི་མཐའ་མེད་པའི་རྩྭ་ཐང་དང༌། གཡུ་བྱིར༌། གོས་དང་ཚ་རུ། གསེར་དངུལ་ལས་གྲུབ་པའི་རྒྱན་ཆ་སྣ་ཚོགས། ད་དུང་ཤ་མར་ཐུད་གསུམ་སོགས་རེ་རེ་བཞིན་གློག་བརྙན་བཞིན་ཤར་ཡོང༌། ཡིན་ནའང༌། ཡིད་སྐྱོ་བ་ཞིག་ལ་ཁོ་བོ་ད་དུང་ལུང་ཀྱོག་འདི་ན་བསྡད་ཡོད་པ་དེ་རེད། ཡང་སྙིང་ཁོ་བོའི་ཤེས་འདོད་པ་ནི་བོད་པ་འདི་ཚོས་ཅིའི་ཕྱིར་འདི་དང་འདི་འདྲ་བའི་འཕྱ་སྨོད་དང་གདུག་རྩུབ་ཁུར་ནས་གཞན་ལུང་དུ་ཁུ་སིམ་མེར་གཏན་སྡོད་བྱེད་འདོད་པ་དེ་ཡིན།
གློ་བུར་དུ་རླངས་འཁོར་དེས་བདེ་ལེགས་སྨན་ཁང་དུ་ཐོན་སོང་བའི་བརྡ་བསྟན་སོང༌།
ཧ་ཅང་བཅའ་དག་པའི་ཁག་མིག་ཅིག་གི་ནང་ན་ཉལ་ཁྲི་མང་པོ་ཞིག་བཞག་ཡོད་ལ། ཉལ་གདན་ཅུང་མཐུག་པའི་ཉལ་ཁྲི་ཞིག་གི་སྒང་ན་ཁོ་མོ་ཉལ་འདུག་ལ་མོའི་སྔས་འགྲམ་ན་སྨན་སྒམ་མི་ཉུང་བ་ཞིག་ཚོང་རྫས་ལྟར་བཀྲམས་ཡོད་པ་མ་ཟད། ལྕགས་སྡོང་འབྲིང་ཙམ་ཞིག་གི་ཐོག་ན་གནམ་ཁབ་ཅིག་དཔྱངས་ཡོད་པ་དེའི་སྦུ་གུ་ཁོ་མོའི་ཁྲག་རྩའི་ནང་དུ་དྲངས་ཡོད་ལ། གཡས་གཡོན་ན་ཙོག་པུ་བྱས་ནས་བསྡད་ཡོད་པའི་རྒན་རྒོན་འདི་གཉིས་ཀྱི་མིག་ཟུང་རིག་རིག་ཙམ་བྱེད་པ་མ་གཏོགས་ལྐུགས་པ་བཞིན་ངག་གྲོལ་མི་ཐུབ་པ་འདི་ལ་བལྟས་ན། དེ་སྔོན་རྫིག་རྫིག་གཏོང་མཁན་གྱི་དཔོན་པོ་དེ་རེད་ཟེར་ན་ཁོ་བོའི་མིག་ཟུང་ལ་ཡང་ཡིད་ཆེས་དཀའ་བའི་སྣང་བ་ཞིག་སྟེར།
ཁོ་བོ་ཐད་ཀར་ཉལ་ཁྲིའི་གམ་དུ་བཅར་ནས་ཁོ་མོའི་ལག་མགོར་འཆང་དུས། རིན་ཆེན་སྒྲོམ་མས་ཁོ་བོའི་སེམས་ཁམས་རྟོགས་པ་བཞིན་མིག་ཆུ་རྡོག་རྡོག་ཅིག་གིས་ཁོར་ཡུག་དེར་གཡོ་འགུལ་ཅིག་ཐེབས་སུ་བཅུག
རབ་བྷ་སྨན་ཁང་གི་སྒོ་འགྲམ་གྱི་རྡོ་སྐས་སྟེང་དུ་བསྡད་ནས་དུས་ཡུན་ཅི་ཙམ་འགོར་སོང་བ་རང་ཉིད་ཀྱིས་ཀྱང་ཚོར་གྱིན་མེད་མོད། ནུབ་ཁའི་ཉི་ཟེར་ཐན་ཐུན་ཞིག་དང་མཉམ་དུ་སྙིང་ལ་གཟེར་བའི་ངུ་སྐད་ཕྲ་སྦོམ་འགའ་རིན་ཆེན་སྒྲོལ་མའི་ནད་ཁང་གི་སྒེའུ་ཁུང་བརྒྱུད་ནས་རབ་བྷའི་ལུས་སྟེང་ཧྲུལ་བོར་ཟུག་སོང༌།
དུས་དེ་ནས་བཟུང་རབ་བྷའི་འཇིག་རྟེན་ལ་ཁ་དོག་དབེན་ཞིང༌། རབ་བྷའི་འཚོལ་སྙེག་ལ་ཁ་ཕྱོགས་མེད་པར་བག་ལེབ་སྐྱ་བོ་འགའ་རིན་ཆེན་སྒྲོལ་མས་ཁོ་བོར་བཞག་པའི་ཆེས་མཐའ་མཇུག་གི་མིག་ཆུ་དྭངས་མོ་དེ་སྒོམ་པའི་འཚོ་རྟེན་དུ་གྱུར་སོང༌།
ཐུགས་རྗེ་ཆེ། སྙན་པ་ལ་ཚོད་ཅིག་མི་འདུག
བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་སྙན་ངག་ཞིག་བྲིས་འདུག་ངོ་མ་སྙོན་པོ་བྲིས་འདུག་རིན་ཐང་འདུག་ཡ།
དངོས་གནས་ཡག་པོ་བྲིས་འདུག་གོ་་་་
མུ་མཐུད་དུ་་་་་་
རྩོམ་རིག་འགྲན་རྩོད་ཟེར་ན་འདི་འདྲ་ཞིག་དགོས་པ་རེད་་་་་་་བུ་རྒོད་པོ། སྙན་པོ་བྱུང་། ཧ་ལམ་འདིའི་ཡན་ཞིག་དེ་སྔའི་འགྲན་རྩོད་ནང་ན་མི་འདུག་ཟེར་ན་ཐལ་དྲག་མེད་པའི་ཚོད་དུ་འདུག
བསོད་ནམས་གུ་རུས་དེ་ལྟར་རབ་བྷ་ལ་དྲོས་སོང༌།
ཞེས་པའི་དོན་གོ་མ་སོང་། ཡིག་ནོར་འདྲ་ཤོར་བ་ཡིན་ནམ།
རྡོ་སྦིས། ཁྱེད་དང་སློབ་གྲྭ་ཐོན་ནས་ད་དུང་ཡང་འབྲི་རྩོམ་མུ་མཐུད་སྤེལ་བཞིན་པར་སྙིང་ནས་དགའ་པོ་བྱུང་ལ། ཕྱིས་སུ་ཡང་བཞི་ཤད་མི་འཐེན་རྒྱུའི་རེ་བ་ཆེའོ།།
རྡོ་སྦིས། ཁྱེད་་སློབ་གྲྭ་ཐོན་ནས་ད་དུང་ཡང་འབྲི་རྩོམ་མུ་མཐུད་སྤེལ་བཞིན་པར་སྙིང་ནས་དགའ་པོ་བྱུང་ལ། ཕྱིས་སུ་ཡང་བཞི་ཤད་མི་འཐེན་རྒྱུའི་རེ་བ་ཆེའོ།།
ང་ཚོའི་སྤྱི་ཚོགས་འདིའི་ནང་ཡ་མཚར་བ་ཞིག་ལ་རྩོམ་ཡིག་ཡག་པོ་ཞིག་ཡོད་ན་དེར་མཆན་དང་དཔྱད་གཏམ་སྤེལ་མཁན་ཧ་ཅང་ཉུང་བ་དང་དེ་ལས་ལྡོག་སྟེ་དོན་མེད་ལོང་གཏམ་དང་འཆལ་གཏམ་ཞིག་བྲིས་ན་དེར་མཆན་དང་དཔྱད་གཏམ་གྱིས་འཚང་ཁ་རྒོད་པ་འདིས་ང་ཚོ་ལོག་ལམ་དུ་འདེད་ཀྱིན་འདུག་སྙམ།
ཡག་པོ་བྲིས་འདུག་་་་་་།།།་་ མུ་མཐུད་ནས་གྱིས།།།།།།།