ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ།
བོད་ཤ་ཁྲག་རུས་གསུམ།
སྟོབས་ཀྱིས་བཀྱགས་པའི་མི་རིགས་ཤིག་གི་དེད་དཔོན་ཚོ།།
བཞུད་ནས་ལོ་ཟླ་བརྒྱ་ཕྲག་སོང་བའི་སྔ་གཞུག་དེར།།
ཤི་མིན་གསོན་མིན་ལུས་པའི་རིགས་ཀྱི་ང་ཚོ་སྟེ།།
ལོ་དང་ཟླ་མཐུད་ངུས་པའི་སྒྲ་ནི་ཟླུམ་པོར་ཁྱབ།།
ཕར་ལ་ཕྱོགས་པའི་སེམས་པ་མང་བོ་འདར་བཞིན་ཡོད།།
ཚུར་ལ་བལྟས་པའི་མིག་ཟུང་ཁྲི་སྟོང་ཁྲག་གིས་བརྫིས།
བར་དུ་བཙུར་བའི་བསམ་གཞིགས་གྲངས་མེད་རླུང་ཁར་ལུས།།
གནའ་མིའི་ཤུལ་ན་སྡར་མ་འུ་ཚོས་འཇོན་ནས་ཡོད།།
ནང་ལ་བསྐོར་ན་གྲི་དང་གདུང་གི་རྣོ་ཤུགས་རྒོད།།
ཕྱི་ལ་གཏད་ན་ཁ་དང་ཁོག་པ་ལྐུགས་ཏེ་བསྡད།།
འདི་མིན་དེ་མེད་ཆིག་སྒྲིལ་རི་མོ་ཆུ་ལ་བྲིས།།
མེས་པོ་སྟོང་གི་བླ་སྲོག་མཁྲེགས་པོ་འདི་ལྟར་བཤིག།
རྒྱང་ནས་བོས་པའི་སྙིང་གི་འབོད་སྐུལ་གཞན་ལ་བཅོལ།།
འཁྲིས་ནས་གཟེར་བའི་རིགས་ཀྱི་ན་ཚ་མ་རིག་པར།།
ཁ་ལ་གོམ་པའི་གཞན་གཅེས་རྫུན་མའི་ཤུན་པགས་འོག།
ཡབ་རྗེ་དམ་པའི་ཆོས་ཀྱི་གདམས་པ་རྨང་ནས་བརྗེད།།
ཁ་བས་ཟོས་པའི་རི་ལུང་བསྐོར་བ་ང་ཚོའི་ཡུལ།།
ཁ་བ་ཅན་ལ་སྐྱེས་པའི་འགན་འདི་མ་ཐེགས་པར།།
ཁ་ཐོར་དགུ་ཐོར་ལ་ལུང་ཀུན་ལ་བྱོལ་བ་འདིས།།
ཁ་བ་ཅན་པའི་མེས་པོའི་ཁྱིམ་གཞིས་གཡུགས་པ་སྐྱོ།།