མཁན་སྤྲུལ་ཐུབ་བསྟན་མཁྱེན་བརྩེ་བློ་གྲོས།
ཁར་སང་དེ་རིང་བཤད་གྲྭའི་ལས་དོན་གྱི་བྲེལ་བ་ཧ་ཅང་ཆེ་བས་རྟ་ནག་པ་ལ་གཤག་བཅོས་དགུ་སྐོར་བྱེད་པའི་ཆེད་རྩོམ་འདིར། གླེང་བརྗོད་དང་བྱུང་རིམ་སོགས་ཀྱི་སྤྲོས་པ་རྒྱས་པར་མི་དགོས་པར་བྱས་ཏེ་ཚིག་ཉུང་ཉུང་གང་ཐུབ་ཐུབ་ཀྱིས་དོན་དངོས་ལ་ཐད་ཀར་འཇུས་ན།
གཤག་བཅོས་དང་པོ། ཟླ་ཤས་ཀྱི་གོང་རྟ་ནག་པ་སྐལ་བཟང་ལུང་རིགས་ཀྱིས། “ཆུང་ངུ་ཞིག་ཆེན་པོར་འགྱུར་དགོས་ན་ཆེན་པོ་ཞིག་ལ་འགྲན་ཚུགས།” ཟེར་བའི་རྒྱ་མིའི་གཏམ་དཔེ་འདི་དྲངས་ནས་མི་གཞན་ལ་བསྡིགས་སོང་བ་བཞིན། ད་རེས་ཁོ་རང་གིས་ཁོ་རང་ཆུང་ངུ་ནས་ཆེན་པོར་འགྱུར་བའི་རེ་སྟོང་བཅངས་ཏེ། ཀླུ་སྨྱོན་དང་ཀླུ་སྨྱོན་གྱིས་བོད་པའི་ཤེས་ལྡན་མི་སྣར་ཞབས་ཞུ་སྒྲུབ་བཞིན་པའི་ཁ་གཏད་དུ་ལངས་ཁུལ་བྱས་འདུག འོན་ཀྱང་ས་སྐྱ་པཎ་ཆེན་གྱིས། ཐབས་མི་མཁས་པའི་སྐྱེ་བོ་འགའ།། སྡུག་བསྔལ་སྤངས་ཕྱིར་ལྕེབས་པ་མཐོང་།། ཞེས་གསུངས་པ་ལྟར། རྟ་ནག་པ་ཤིན་ཏུ་བླུན་པས་ཐབས་ལ་མ་མཁས་པར་རང་ཉིད་ཆེན་པོར་འགྱུར་རྒྱུ་ཕར་བཞག། དེ་ལས་ལྡོག་སྟེ་ཤེས་ལྡན་པ་རྣམས་ཀྱི་མིག་ལམ་དུ་ས་ཐོག་ནས་མར་ས་འོག་ལ་ཟགས་པའི་བྱུས་ཉེས་བྱུང་ཡོད་པ་འདིར་རེ་རེ་བཞིན་གསལ་བོར་བཤད་ན།
དེ་ཡང་“ཉིན་འགའི་སྔ་ནུབ་ཏུ་ཁ་བརྡ་ཚང་གི་བདག་པོ་ངོ་མ་ནི་ཀླུ་སྨྱོན་འབའ་ཞིག་ཏུ་གྱུར་ཅིང་། ཀླུ་སྨྱོན་ཁོ་ན་མངོན་བསྒྲགས་བྱ་ཡུལ་གྱི་ཤོག་ལྷེ་འབའ་ཞིག་ཏུ་གྲུབ་སོང་།”ཞེས་དང་། “ཁ་བརྡ་ཚང་གི་དྲ་བྱང་རྡེག་ཐེངས་རེ་རེར་ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ་ཞེས་པའི་ཡིག་རྡོག་འགས་ཁ་བརྡ་ཚང་ལེབ་ཀྱིས་མནན་འདུག་པ་མཐོང་ལ་”ཟེར་བ་འདིས། རྟ་ནག་པས་“ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ”ཞེས་པའི་ཡིག་འབྲུ་འདི་ཚོ་མཐོང་ཐེངས་རེ་རེར། སེམས་ལ་བཟོད་མི་ཐུབ་པའི་ཕྲག་དོག་གི་ཟུག་རྔུ་དྲག་པོས་སྦྲུལ་ལ་ས་ལྕག་གིས་བྲབ་པའམ། སྙིང་ལ་མདའ་ཟུག་པ་ལྟ་བུའི་ཚོར་བ་ལྕི་མོ་ཞིག་གིས་ནོན་ནས། “ཨ་ཡ་ད་ཅི་དྲག ང་ལ་ནི་གྲགས་འགུལ་ཅི་ཡང་མེད་པར་ད་ཡང་ཀླུ་སྨྱོན་གྱི་མིང་འདི་སྔར་ལས་ཀྱང་ཆེ་རུ་འགྲོ་གི་འདུག་”བསམས་ཏེ་ཉལ་སའི་ནང་ནས་གཉིད་མི་ཁུག་པར་འཕག་ལྷོག་རྒྱག་བཞིན་དོན་མེད་ཀྱི་སྡུག་བསྔལ་ཞིག་གིས་ནམ་ལངས་རག་བར་དུ་མིག་ཕྱེས་ནས་བསྡད་ཡོད་པ་གསལ་བོར་མཐོང་གི་འདུག
གཤག་བཅོས་གཉིས་པ།
“འགྲན་རྩོམ་དུ་བསྙད་པའི་ཡི་གེའི་སྙིགས་རོ་དེ་དག་གིས་བཙན་བྱོལ་རྩོམ་རིག་གི་ཁོར་ཡུག་ཧྲིལ་གྱིས་བརྫད་འདུག་པ་མཐོང་ངོ་།།” ཞེས་དང་། “བཙན་བྱོལ་གྱི་རྩོམ་མཁན་དུ་བསྙད་པ་དག་རྟབ་རྟབ་པོར་གྱུར་ཏེ། སྙན་ངག་མ་ཡིན་པ་གང་ཞིག ལྷུག་རྩོམ་མ་ཡིན་པ་གང་ཞིག འབོལ་རྩོམ་མ་ཡིན་པ་གང་ཞིག ཐ་ན་ཚིག་གྲུབ་འབའ་ཞིག་ཏུ་ཡང་འགྲོ་ཁག་སེ་ཡིན་པ་མང་བོ་ཞིག་”ཞེས་དང་། “བཙན་བྱོལ་རྩོམ་མཁན་དག་ནི་དངུལ་དངོས་ཀྱི་རིན་ཐང་སླད་དུ་རིག་གནས་སྒྱུ་རྩལ་ལ་ཡང་གསོག་གསོབ་དང་གཞོགས་སློང་། བསླུ་བྲིད་དང་སྣོག་ལས་བགྱིད་ནུས་པའི་སྒྱུ་རྩལ་གྱི་ཇག་ཚོགས་སྐོར་ཞིག་ཡིན་པ་མཚོན་གྱི་གཞན་ཅི་ཡང་མ་རེད་དོ།།” ཞེས་དང་། “དེང་སྐབས་ཀྱི་འགྲན་རྩོམ་དུ་བསྙད་པ་དེ་དག་ལ་རྩོམ་རིག་གི་རིན་ཐང་ཞེས་པ་ཞིག་ལྟ་ཞོག་གི གད་སྙིགས་ཙམ་གྱི་རིན་ཐང་ཡང་ཡེ་ནས་མི་འདུག་ཅེས་པ་དེ་ཡིན།” ཞེས་སོགས་ཟེར་བ་འདིས་རང་གིས་རྡོ་ཆག་བཙན་སྒྲིག་གིས་རྒྱ་རྩོམ་འགའ་ཞིག་བསྒྱུར་བ་ལ་བསྟོད་ར་གཏོང་མཁན་མང་པོ་མ་བྱུང་བའི་ཁར། རང་གིས་ཕྲག་དོག་བྱེད་ཡུལ་གྱི་མི་དེ་ལ་མི་མང་པོས་རྒྱབ་སྐྱོར་བྱེད་པ་མཐོང་དུས་དེ་བས་ཀྱང་ཁོང་ཁྲོ་དང་ཕྲག་དོག་གིས་མ་བཟོད་པར། རང་གི་རང་དབང་བྲལ་ཏེ་མཚན་མོའི་ཁྱི་ལྟར་ནག་རིལ་རིལ་ཞིག་མཐོང་ཚད་ཀྱི་སྟེང་ལ་ཁྱད་མེད་དུ་མ་ཟུག་པར་སྡོད་བཟོད་ཀྱི་མེད་པ་མཐོང་ཐུབ་ཀྱི་འདུག
གཤག་བཅོས་གསུམ་པ།
ཡིག་རྡོག་གཅིག་གཉིས་རེ་ནམ་བྲིས་ཀྱང་། བོད་རང་གི་གནའ་ནས་ད་བར་གྱི་མཁས་པ་སྟོང་ཕྲག་དུ་མའི་ནང་གི་མི་གཅིག་གི་གསུང་ལས་ཚིག་གཅིག་མི་ཐོན་པར། ཐོག་མ་ཁོ་ནར་ཕ་གསོད་ཀྱི་བཤན་པ་ལག་དམར་དགྲ་བོ་རྒྱ་རོ་ཚང་གི་རྩོམ་པ་པོ་རེའི་ལུང་འདྲེན་ཁུལ་དང་། “ཡང་བཙན་བྱོལ་རྩོམ་མཁན་དག་ལ་བདག་སྔ་ས་ནས་སྐྱུག་བྲོ་བྲོ་དང་ཞེ་མེར་མེར་གྱིས་ཡི་ག་རྦད་ཀྱིས་འགག་ཏེ་ཡོད་ལ།” ཞེས་དང་། “རང་གི་སྙིང་ལྟར་གཅེས་པའི་བརྩམས་ཆོས་དངོམ་ཆེ་བ་དག་ནི་ཀློག་མཁན་མན་ནེ་མུན་ནེ་ཉོག་གེ་བ་དག་གི་མདུན་དུ་གཡུགས་མ་བྲ་བ་ཙམ་ཡིན་ལ།” ཞེས་སོགས་ཟེར་བ་འདིས་རང་ཕྱོགས་ཀྱི་གསེར་གྱི་རིན་ཐང་མི་ཤེས་མཁན་དང་། གཞན་ཕྱོགས་ཀྱི་ཁ་ལུད་མཐོང་ན་ལྡག་འདོད་ཀྱི་འགྲམ་ཆུ་ལྡང་བའི་མི་ཐོས་ཉུང་ཅོལ་ཆུང་ཞིག་ཡིན་པ་མཐོང་ཐུབ་ཀྱི་འདུག
གཤག་བཅོས་བཞི་པ།
“ཧམ་སེམས་དང་འདོད་རྔམ་གྱི་ཆ་རུ་གྱུར་པ་གང་ཞིག་སྟེ།” ཞེས་དང་། “དངུལ་དངོས་འབའ་ཞིག་གི་སླད་དུ།” ཞེས་ཟེར་བ་སོགས་ཀྱང་མིག་སེར་པོར་གྱུར་བའི་འབྲས་རྟགས་ཅན་གྱི་ཕྲག་དོག་གི་མཁྲིས་ཁུ་ཁ་ནས་སྐྱུག་ཤོར་བ་ཞིག་ལས་བདེན་དོན་ཞིག་གཏན་ནས་མིན་ཏེ། དཔེར་ན་ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོད་ཀྱི་ནང་དུ་ཞུགས་མཁན། མཁན་ཆེན་དཔལ་དགྱེས་ལྟ་བུ་ཡིན་ན་དབྱིན་ལན་དང་། ཨ་རི། སང་ག་པོར་སོགས་ལ་ཆོས་ཚོགས་རྒྱ་ཆེ་བར་མ་ཟད། བོད་དུ་སློབ་གྲྭ་དང་སྨན་ཁང་སོགས་ཀྱང་མིག་དཔེར་འོས་པ་ཡོད་མཁན་ཞིག་ཡིན་པ་དང་། སློབ་དཔོན་འཇིགས་མེད་བློ་གྲོས་རྒྱལ་མཚན་ལ་རྒྱལ་ཁབ་མང་པོར་ཆོས་ཚོགས་ཡོད་མེད་མ་ཤེས་ཏེ། ཨ་རི་ན་ཆོས་ཚོགས་ཡོད་པར་མ་ཟད་ཨ་རི་དང་ཡོ་རོབ་སོགས་སུ་མགོ་སེར་ནག་གི་སློབ་མ་ཤིན་ཏུ་མང་པོ་ཡོད་པ་དང་། ཁོང་གི་སློབ་མའི་གྲལ་དུ་གློག་བརྙན་འཁྲབ་སྟོན་པ་༼བྷ་ལི་ཝོས་ཌི་༽དེ་འདྲ་ཡང་ཡོད་པ་འགྲན་རྩོམ་དེའི་ནང་དང་ངོ་དེབ་སོགས་ལས་མཐོང་བ་ལྟར་དང་། གཞོན་ནུ་ཟླ་མེད་ལ་ཡང་གདན་སའི་ཐོབ་ཁུངས་དང་མཐུན་པའི་ཆོས་ཚོགས་ཡོད་ཅིང་། བོད་ལྷ་ཀླུ་གཉན་གསུམ་ལ་ཟླ་རེར་ཨི་ཟི་རལ་གྱི་སྒོར་མོ་སྟོང་ཕྲག་དྲུག་བདུན་རེའི་གླ་ཕོགས་ཡོད་པ་ཁོང་གི་ཟིན་བྲིས་སུ་གསལ་བ་ལྟར་ཡིན་པས། མི་འདི་རྣམས་ཀྱིས་ཨ་སྒོར་སུམ་བརྒྱའི་ཆེད་དུ་རང་གི་རྩོམ་རིག་གི་སྒྱུ་རྩལ་བཙོངས་པ་རེད་ཟེར་ན་སུའི་རྣ་བ་ལ་འགྲོ་གི་རེད། ཁོང་རྣམ་པ་ལ་མཚོན་ན་ཨ་སྒོར་སུམ་བརྒྱ་ནི་གྲོགས་པོ་གཅིག་གཉིས་ཙམ་དང་མཉམ་དུ་ཟ་ཁང་ལ་འགྲོ་ཐེངས་གཅིག་གི་རིན་གོང་ཙམ་ཡིན་ཞིང་། གཞན་ཡང་བྱ་དགའི་འགྲན་རྩོམ་གྱི་བདག་པོ་ཚོའི་ནང་གི་ཨ་རི་དང་། ཡོ་རོབ་ཏུ་སྡོད་མཁན་རྣམས་ལ་ཨ་སྒོར་སུམ་བརྒྱ་ནི་གོན་རྒྱུའི་སྟེང་གི་སྤུ་ཙམ་ཞིག་ལས་གང་ཡང་མིན་མོད། ཁྱོད་དང་ང་ལྟ་བུ་ལ་མཚོན་ན་འཁོར་ཡུག་གི་དབང་གིས་ཡི་དྭགས་ཀྱི་མིག་ལམ་དུ་ནས་འབྲུ་ལ་རྟ་རོ་ཙམ་རེ་མཐོང་བ་ཡིན་པས་ཁག་མེད་ན་ཐང་།
གཤག་བཅོས་ལྔ་པ།
ཀླུ་སྨྱོན་ལ་བཙན་བྱོལ་ཁྲོད་ཀྱི་ཚད་མཐོ་བའི་རྩོམ་རིག་གི་ཚབ་མཚོན་མི་སྣ་ཞིག་ཏུ་འཇོག་མི་ཐུབ་པ་གང་ཡང་མེད་པའི་ཁར། ད་དུང་རྩོམ་རིག་གི་ཚབ་མཚོན་མི་སྣ་ཞིག་ཏུ་འཇོག་པ་ཆེས་འོས་ཤིང་འཐད་པར་མཐོང་སྟེ། ཁོང་དང་དུས་ཚོད་སྔ་བའི་གཞོན་སྐྱེས་རྩོམ་པ་པོ་ཁ་ཤས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་རྩོམ་རིག་ལ་འོད་སྣང་ཆེན་པོ་ཞིག་བསྐྲུན་ཅིང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གཞོན་སྐྱེས་རྣམས་རྩོམ་རིག་གི་ལམ་དུ་ཞུགས་པའི་སྐུལ་འདེད་ཆེན་པོ་བྱས་ཡོད། ཡིན་ན་ཡང་རིམ་གྱིས་རྩོམ་པ་པོ་རྒན་པ་འགའ་རེ་ལ་ཕྱོགས་ཞེན་གྱི་སྐད་ཆ་དང་། རྩོམ་ཡིག་རྣམས་ལད་འབྲི་བྱས་པ་སོགས་ཀྱི་གླེང་སློང་འདྲ་མིན་བྱུང་ནས་ཁོང་རྣམས་ཀྱི་མཚན་སྙན་ལ་མཐོ་ཙམ་དམའ་ཙམ་མང་པོ་བྱུང་ཡང་། ཀླུ་སྨྱོན་གཅིག་པོ་གསེར་རྡོག་པོ་ཞིག་དང་འདྲ་བར་མདོག་མ་འགྱུར་བར་བསྡད་ཡོད་པར་མ་ཟད། ད་དུང་དེང་སང་གསེར་རྡོག་པོ་དེ་ལ་ཉི་མ་ཕོག་ནས་འོད་ཆེ་རུ་ཆེ་རུ་འགྲོ་བཞིན་པའི་སྐབས་ཡིན། ང་ཚོ་བཤད་གྲྭར་སྡོད་པའི་སྐབས་སུ་ཀླུ་སྨྱོན་གྱིས་བྲིས་པའི་དེབ་རེ་མཐོང་ན་ཕན་ཚུན་འཕྲོག་རྩོད་དང་སྐུང་རེས་ཚུན་ཆད་བྱེད་ལ། གྲྭ་བ་རྣམས་ལ་དངུལ་མེད་པས་མི་རེ་རེས་དེབ་རེ་རེ་ཉོ་མི་ཐུབ་ཀྱང་། སུས་དེབ་གཅིག་ཉོས་ན་དེབ་དེ་མི་ཀུན་གྱིས་རེས་མོས་ཀྱིས་བཀླགས་པས་ཤོག་བུའི་མཐའ་ནས་ཡར་ནག་དྲེགས་ཀྱིས་ཟིན་ཏེ་ཡི་གེ་ལ་ཐུག་པ་བྱུང་ཡོད། ཕྱིས་སུ་བོད་མི་བཙན་བྱོལ་བའི་ཁྲོད་དུ་སློབ་དཔོན་འཇིགས་མེད་བློ་གྲོས་རྒྱལ་མཚན་དང་། བེ་རི་འཇིགས་མེད་དབང་རྒྱལ། ཤེས་རབ་དར་རྒྱས། ཨ་འཇམ་དབྱངས་ཚུལ་ཁྲིམས་སོགས་མཁྱེན་ཡོན་ཆེ་བའི་རྩོམ་པ་པོ་མང་པོ་བྱུང་ཡང་། དུས་ཚོད་ཀྱི་དབང་གིས་བཤད་ན་ཀླུ་སྨྱོན་ནི་ཁོང་རྣམས་ཀྱི་མེས་པོ་དམ་པ་རུ་གྱུར་ཡོད། དེས་ན་ངེས་པར་དུ་བོད་མི་རིགས་ཀྱི་ཆོས་དད་ཀྱི་སེམས་ཁམས་ལྟར། ཆོས་བརྒྱུད་ཁག་གི་དབུ་འཛིན་ལྟ་བུའི་བླ་ཆེན་ཞིག་རྩོམ་རིག་གི་ཚབ་མཚོན་མི་སྣར་འཇོག་དགོས་པ་ཡིན་ན་མ་གཏོགས། རྩོམ་པ་པོ་དཀྱུས་མ་ཞིག་ལ་བཙན་བྱོལ་སྤྱི་ཚོགས་ཀྱི་རྩོམ་རིག་གི་ཚབ་མཚོན་མི་སྣར་འཇོག་དགོས་ན། མི་དེ་ནི་ཀླུ་སྨྱོན་ཁོ་ན་མ་གཏོགས་ཁོང་གི་ཡན་ལ་སུ་གང་ཡང་མེད་ཅེས་ཐག་བཅད་ནས་བཤད་ཐུབ།
གཤག་བཅོས་དྲུག་པ།
བློ་བཟང་དབང་རྒྱལ་གྱིས་མཛེས་མ་འགྲན་བསྡུར་བྱེད་པ་ལ་ཧིན་སྒོར་འབུམ་གཅིག་གི་བྱ་དགའ་ཡོད་ཅིང་། ཕྱི་རྒྱལ་ཁག་ཏུ་གང་འདོད་ཀྱིས་འགྲོ་ཐུབ་པ་དང་། རྒྱལ་སྤྱིའི་ལྡིང་ཆའི་སྟེང་དུ་འབུད་རྒྱུའི་གོ་སྐབས་ཡོད་ཀྱང་། ལོ་རེར་མང་ན་བུ་མོ་བཞི་ལྔ་ཙམ་རེ་ལས་འགྲན་བསྡུར་ནང་དུ་ཞུགས་ཀྱི་མེད་ལ། མཛེས་མ་འགྲན་བསྡུར་བྱས་ནས་ལོ་གང་མང་འགོར་ཡང་ད་དུང་ཡར་རྒྱས་ལ་ཕྱིན་མེད། ཡིན་ན་ཡང་ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོད་ཀྱི་ལོ་དང་པོའི་ནང་དུ་ད་བར་ཤེས་ལྡན་མི་སྣ་ཉི་ཤུ་སུམ་ཅུ་ཙམ་ཞུགས་ཟིན་པ་དང་། ད་དུང་མུ་མཐུད་དུ་ཞུགས་བཞིན་པ་རེད། དེ་ཙམ་དུ་མ་ཟད། མཁན་ཆེན་དཔལ་དགྱེས་པ་རྡོ་རྗེ་ལྟ་བུ་དགོན་པ་དང་ལྷ་སྡེ་མི་གྲངས་ཁྲི་ཕྲག་གིས་སྐྱབས་མགོན་དུ་བཀུར་བཞིན་པའི་བླ་ཆེན་དང་། སློབ་དཔོན་འཇིགས་མེད་བློ་གྲོས་རྒྱལ་མཚན་ལྟ་བུ་དགོངས་པ་ཀློང་བརྡོལ་དུ་གྲགས་པའི་མཁས་པ་ཆེན་པོ། གཞོན་ནུ་ཟླ་མེད་ལྟ་བུ་གདན་ས་རྒྱ་མཚོ་ལྟ་བུ་ན་འགྲན་ཟླ་དཀོན་པའི་མཚན་ཉིད་པ་མཁས་པ་གྲགས་ཅན། ད་དུང་ཨ་རིག་དགེ་མཐོང་དང་། བོན་བརྒྱ་བསྟན་འཛིན་རབ་རྒྱས་ལྟ་བུ་གྲྭ་ས་ལ་མཁས་པའི་མིང་ཡོད་པ། ཨ་རིག་འགྱུར་མེད་དང་། གསལ་ལེ་རྒྱལ། གཉའ་འབྲོང་ཐུ་བུ་སོགས་རྩོམ་རིག་ལ་རྒྱུས་མངའ་ཟབ་པའི་ཡོངས་གྲགས་ཀྱི་ཟིན་བྲིས་པ་རྒན་པ་མང་དག་ཅིག་ཀླུ་སྨྱོན་གྱི་མིང་ཐོག་ནས་སྤྲོད་བཞིན་པའི་རྩོམ་རིག་གི་བྱ་དགའི་འགྲན་རྩོད་ཀྱི་ནང་དུ་ཞུགས་འདུག་པ་འདིས། བོད་པ་ཚང་གི་ཤེས་ཡོན་པའི་སྤྱི་ཚོགས་སུ་ཀླུ་སྨྱོན་ལ་མཐོང་ཅི་ཙམ་ཡོད་པ་གསལ་བོར་མཚོན་ཐུབ་པ་ཞིག་མ་ཡིན་ནམ།
དེ་ལས་ལྡོག་སྟེ་རྟ་ནག་པ་ཁྱོད་ལ་ཤེས་ལྡན་པའི་སྤྱི་ཚོགས་སུ་མཐོང་ཅི་ཙམ་ཡོད་དམ་ཟེར་ན། སྒོམ་སྡེ་ལྷ་རམས་པའི་མཁྱེན་ཡོན་གྱི་ཁ་ལས་ཡར་འགྲོ་བའི་སྐབས་ཤིག་ལ། ཡང་ཁྱོད་ཀྱིས་མ་བཟོད་པར་སྒོམ་སྡེ་ལ་བསྡིགས་སྐབས། དུས་བབ་དྲ་བདག་གིས། “གཅིག་ནས་བརྗོད་གཞི་འདིའི་རིགས་དྲ་ངོས་འདིར་འགོག་སྡོམ་གྱི་རིགས་ཡིན་པ་དང་། གཉིས་ནས། བརྗོད་གཞི་འདིའི་རིགས་ལ་ཤེས་ཡོན་ཡར་སྐྱེད་དང་སྤྱི་ཚོགས་སྣེ་ཁྲིད་ཀྱི་ནུས་པ་མེད་པ། གསུམ་ནས། བརྗོད་གཞི་འདིའི་རིགས་ཀྱིས་བརྗོད་གཞི་གལ་ཆེན་དག་གི་ས་ཆ་དང་དུས་ཚོད་འཕྲོག་གི་ཡོད་སྟབས་རྗེས་ཕྱོགས་འདིའི་རིགས་མི་སྤེལ་བའི་རེ་སྐུལ་ཞུ་གིན་ཡོད་ལ། འབོད་སྐུལ་འདི་མུར་སྣང་མེད་ཀྱིས་མུ་མཐུད་ནས་གླེང་གཞི་འདི་ཁྱེར་ཡོང་བ་ཡིན་ན་དྲ་ཐོག་ནས་ཕྱིར་འབུད་བྱེད་ངེས་ཡིན་པས་དེ་དོན་དགོངས་འཇགས་ཡོང་བ་ཞུ་རྒྱུ་དང་། ད་ཕན་དྲ་ངོས་སུ་བཀོད་པའི་ལུང་ཚན་འཐེན་འཁྱེར་གྱི་རྩོམ་ཡིག་དེ་ཚོ་ཕྱིར་བསྡུ་གནང་རོགས་ཞུ་རྒྱུ་ཡིན།”ཞེས་ལོ་སྔོན་མའི་ཟླ་༠༦ཚེས་༢༡ཉིན་དུས་བབ་དྲ་ཐོག་ཏུ་ཐོག་འདུག་པ་འདིས་ཁྱོད་ཀྱི་རྩོམ་གྱི་རིན་ཐང་ལ་སྡོམ་ཚིག་ཆེན་པོ་ཞིག་རྒྱག་ཐུབ།
གཤག་བཅོས་བདུན་པ།
ཀླུ་སྨྱོན་ལ་ནི་ཁྱོད་ཀྱི་ཕྲག་དོག་སོགས་ཀྱིས་འགོག་རྐྱེན་གང་ཡང་མ་ཐེབ་པར་མ་ཟད། ད་དུང་“ཁོ་ཚོས་ཁ་གཡར་ས་དེ་མིང་དེར་སྙད་བཞིན་པ་མ་གཏོགས་དོན་ངོ་མའི་ཆ་ནས་ད་ལྟ་དུས་ཚོད་ཛ་དྲག་གི་སྐབས་སུ་ཀླུ་སྨྱོན་རྩོམ་རིག་བྱ་དགའི་ལས་འགུལ་འདི་ཕྱིར་འཐེན་བྱེད་ཐབས་ལ་འབད་བརྩོན་བྱེད་བཞིན་ཡོད་པ་རེད།” ཅེས་དང་། “ཁོ་བོ་མ་ཤི་བར་དུ་རྩོམ་རིག་བྱ་དགའ་འདི་མང་ཉུང་ལ་མ་ལྟོས་པར་སྤྲོད་མཚམས་འཇོག་རྒྱུ་མིན་ལ་དེའི་མིང་ཡང་བརྗེ་བོ་རྒྱག་གི་མིན་པས་འདི་ཡང་ཐུགས་ལ་བསྣམ་པར་འཚལ།” ཞེས་དང་། “ཀླུ་སྨྱོན་རྩོམ་རིག་བྱ་དགའ་འདི་ཅང་མ་རེད། ངས་རིམ་བཞིན་ཀླུ་སྨྱོན་རྩོམ་རིག་ཐེབས་རྩ་ཞིག་འཛུག་རྒྱུའི་རྨི་ལམ་གཏོང་གིན་ཡོད།”ཅེས་སོགས་སྤོབས་པ་ཆེན་པོས་སེང་གེའི་ངར་སྐད་བསྒྲགས་འདུག་པ་དང་། རྟ་ནག་པ་ཁྱོད་ཀྱིས་སྔར་རྒྱ་རྩོམ་ཁ་ཤས་བསྒྱུར་བ་དང་། སྒོམ་སྡེ་ལྷ་རམས་པ་ལ་བསྡིགས་པ། ནོར་གླིང་གི་མཛེས་མ་ཞིག་ལ་ཕུལ་བ་ཟེར་བ་སོགས་བྲིས་ཀྱང་ཀློག་མཁན་རྣམས་ཀྱིས་དགའ་བསུ་དང་། གདེང་འཇོག་ཆེན་པོ་མ་ཐོབ་པར་མ་ཟད། ཚིག་དོན་གྱི་ཆ་ལ་དཔྱད་པ་བཏང་བ་དང་། ད་དུང་གོང་གི་གསལ་བའི་དུས་བབ་དྲ་བདག་གི་སྐད་ཆ་སོགས་ཀྱི་རྐྱེན་གྱིས། ཁྱོད་ཀྱིས་དྲ་རྩོམ་སྤེལ་རྒྱུ་མཚམས་བཞག་པ་ཡིན་ཞེས་འདི་ལོའི་ཕྱི་ཟླ་༦ཚེས་༢༦གི་ཉིན་སྡུག་སྐད་དང་པོ་ཤོར་འདུག་པ་དང་། ཁར་སང་ཡང་། “ད་ནི་རང་ཉིད་ཀྱིས་ཀྱང་རྟ་ཁ་བསྒགས་ནས་ངལ་གསོ་ཅུང་ཙམ་བགྱིས་ན་ཨེ་མི་དྲག་བསམས་ཏེ། བཙན་བྱོལ་རྩོམ་རིག་གི་འདས་མཆོད་ལ་རེ་བས་བསྒུག་རྒྱུ་ལས་ཐུ་མེད་ཆགས་སོང་ཐལ།” ཞེས་དང་། “རང་ཉིད་ཀྱི་གསེར་སྨྱུག་ཟུར་དུ་གཡུག་ན་དགའ་མི་འོང་སྙམ་པའི་སེམས་ཁྲལ་དེས་ཀྱང་ཤུགས་ཀྱིས་མནན་སོང་།” ཞེས་སྡུག་སྐད་ཐེངས་གཉིས་པ་དེ་ཤོར་འདུག་པ་ནི། ས་སྐྱ་པཎ་ཆེན་གྱིས། ཆེ་ལ་གནོད་བྱེད་གྲོགས་སུ་འགྱུར།། དམན་ལ་གནོད་བྱེད་གནོད་པར་འགྱུར།། ནགས་མེ་རླུང་གིས་སྦར་མོད་ཀྱང་།། དེ་ཡིས་སྒྲོན་མེ་ཆུང་ངུ་གསོད།། ཟེར་བ་དེ་ཀླུ་སྨྱོན་དང་ཁྱོད་གཉིས་ཀྱི་ཐོག་དངོས་སུ་བྱུང་ཞིང་། ང་ཚོ་ལ་དགོད་ཞོར་དུ་ཟུར་ནས་ལྟད་མོ་བལྟ་རྒྱུའི་གོ་སྐབས་བྱུང་བ་རེད།
གཤའ་བཅོས་བརྒྱད་པ།
ཁྱོད་ཀྱིས་ཀླུ་སྨྱོན་ལ་ཕྲག་དོག་འབའ་ཞིག་གིས་བྲིས་པའི་རྩོམ་དེས་ཁྱོད་ཀྱི་རེ་བ་དང་མཐུན་པའི་གྲུབ་འབྲས་ཅི་ཡང་མ་ཐོན་པར་མ་ཟད། ཁོང་གི་མཚན་སྙན་མེ་འབར་བའི་སྟེང་དུ་སྣུམ་བླུགས་པ་བཞིན་སྔར་ལས་ཀྱང་ཆེ་རུ་ཕྱིན་ཅིང་། ད་དུང་འགྲན་རྩོམ་མུ་མཐུད་དུ་སླེབ་བཞིན་པ་དྲ་ངོས་སུ་མཐོང་བཞིན་པ་ཡིན་པས་ཁྱོད་ཀྱི་ཟུག་རྔུ་ཡང་ཇེ་སྡུག་ཏུ་སོང་ཡོད་ངེས་ཀྱང་། ཁྱོད་ལ་གྲུབ་འབྲས་ལྡོག་ཕྱོགས་ནས་ཐོན་པ་ནི། ཁྱོད་ཀྱིས་ཕྲག་དོག་གིས་མ་བཟོད་པར་བསམ་བློ་ཙམ་ཡང་གཏོང་ལོང་མ་བྱུང་བར། བྱ་དགའི་འགྲན་རྩོད་དུ་ཞུགས་མཁན་མི་གྲངས་ཉི་ཤུ་ལྷག་ཅིག་བྱུང་ཟིན་པ་ཡོངས་རྫོགས་ལ། “དེང་སྐབས་ཀྱི་འགྲན་རྩོམ་དུ་བསྙད་པ་དེ་དག་ལ་རྩོམ་རིག་གི་རིན་ཐང་ཞེས་པ་ཞིག་ལྟ་ཞོག་གི གད་སྙིགས་ཙམ་གྱི་རིན་ཐང་ཡང་ཡེ་ནས་མི་འདུག་ཅེས་པ་དེ་ཡིན།” ཞེས་ཟེར་བ་སོགས་ཀྱིས་བོད་པའི་ཤེས་ལྡན་པའི་སྤྱི་ཚོགས་ཀྱི་ནང་དུ་ཁྱོད་རང་ཉིད་ལ་མི་དགའ་མཁན་ཇེ་མང་དུ་བཏང་བ་དང་། ཁྱོད་རང་ཉིད་ཀྱི་ནང་གི་དེ་ཉིད་ཕྱི་རུ་མངོན་བྱེད་དུ་གྱུར་ཡོད་པས། མཆིལ་མ་གནམ་ལ་བཏབ་ཀྱང་། ལྷུང་ས་རང་གི་གདོང་ཟེར་བ་དེ་བྱུང་བ་རེད།
གཤའ་བཅོས་དགུ་པ།
ད་ནི་ངས་འདི་ནས་ཁྱོད་ལ་གདམས་ངག་འཛིན་བདེ་ཞིང་གོ་བདེ་བ་གཉིས་བཤད་ཀྱི་ཡིན་པས་ཁྱོད་ཀྱི་མ་འོངས་པའི་མི་ཚེའི་ཁ་ཕྱོགས་ལ་ཅུང་ཕན་པའི་རེ་བ་ཡོད། དང་པོ། བུ་རྒོད་པོ། དེ་རིང་སོང་ལ་འཕགས་པ་ཤིང་ཀུན་གྱི་རི་མགོ་ནས་མར་བལ་ཡུལ་གྱི་རྒྱལ་ས་ལ་གཅིག་ལྟོས་དང་། ཁང་བརྩེགས་འདབ་སྦྲེལ་གྱི་གྲོང་ཁྱེར་ཆེན་པོ་དེ་ན་མི་གྲངས་ག་ཚོད་ཡོད་རྒྱུ་རེད། མི་གྲངས་མང་པོ་དེའི་ནང་དུ་ཁྱོད་ལས་ལྷག་པའི་རིག་གནས་ཅན་ག་ཚོད་ཡོད་རྒྱུ་རེད། ཁྱོད་ལས་ལྷག་པའི་ཕོ་གསར་ག་ཚོད་ཡོད་རྒྱུ་རེད། ཁྱོད་ལས་ལྷག་པའི་ཕྱུག་པོ་ག་ཚོད་ཡོད་རྒྱུ་རེད། དེ་ཚོ་རེ་རེ་ལ་ཕྲག་དོག་བྱས་ནས་སྙད་འདོག་རེ་རེ་བྱེད་དགོས་ན་དཀའ་ལས་ཁག་གི་མི་འདུག་གམ། གཉིས་པ། གལ་ཏེ་ཁྱོད་མི་ཞིག་ལ་ངོ་མས་ཕྲག་དོག་ནས་སྡོད་མ་ཐུབ་ན། རང་གིས་འབད་བརྩོན་ལ་བརྟེན་ནས་མི་དེའི་ཡན་ལ་སླེབས་ཐུབ་པ་བྱོས་དང་ཁྱོད་རྒྱལ་བ་རེད། དེ་མིན་མི་དེ་མ་རབ་ཐབས་རྡུག་ཅིག་རེད། དེ་ལས་ང་བཟང་གི་རེད་ཅེས་སྐད་བརྒྱབ་བསྡད་ན། ཁྱོད་ད་དུང་མི་མཐུད་དུ་མར་ནས་མར་ཟགས་རྒྱུ་མ་གཏོགས་ཡར་འགོ་བ་ལ་ཕན་ཅི་ཡང་ཐོགས་ཀྱི་མ་རེད། འདི་གཉིས་ཁྱོད་ལ་སྙིང་གཏམ་ཡིན།
མཇུག་མཐར། འདི་ལོའི་ཀླུ་སྨྱོན་རྩོམ་རིག་གི་བྱ་དགའ་སུ་ལ་ཐོབ་ན། ཤེས་ལྡན་པས་འགྲན་རྩོད་ལས་རྒྱལ་ཁ་ཐོབ་པའི་སྤོབས་པ་དེ་དང་། གཟི་བརྗིད་དེ་ཁྱེར་ནས་མ་འོངས་པར་ནོ་བྷེལ་རྩོམ་རིག་གི་བྱ་དགའ་ངེས་པར་དུ་ལེན་རྒྱུ་ཡིན་སྙམ་པའི་ཆོད་སེམས་བརྟན་པོ་དང་། དེའི་ཆེད་དུ་གོམ་པ་རེ་རེ་བཞིན་མདུན་ནས་མདུན་དུ་ཤུགས་ཆེན་པོས་སྤོ་རྒྱུར་འབད་བརྩོན་གནང་རོགས་ཞུ་བ་ཡིན། ཤེས་ལྡན་པ་རྒྱལ་ལོ། རྩོམ་རིག་རྒྱལ་ལོ། རྩོམ་རིག་སྨྲ་བ་རྒྱལ་ལོ། ཀླུ་སྨྱོན་རྒྱལ་ལོ། ཀླུ་སྨྱོན་རྩོམ་རིག་གི་བྱ་དགའ་ཐོབ་མཁན་རྒྱལ་ལོ། བོད་རྒྱལ་ལོ།