(ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ།)
བྱ་གཞུང་འཇམ་དབྱངས། སེ་ར
ཆོ་འཕྲུལ་དུས་ཀྱི་ཟོལ་སྦྱོར་མེ་ལྕེ་ཐུར་དུ་མཆེད་པའི་འོབས་ནང་ངམ།།
རྒྱལ་ཕམ་རྩོད་པའི་བུ་ཡུག་འཚུབ་པའི་ཇག་དམག་དཔུང་གི་གཡུལ་ས་ནས།།
གཡོ་སྒྱུ་མུན་པའི་སེམས་ཁམས་བསླུ་བའི་ཉམ་ཐག་ངག་གི་གདུང་འབོད་ལ།།
གོ་ལ་ཧྲིལ་བོ་བྱམས་བརྩེས་བརླན་པའི་དེད་དཔོན་མཆོག་གིས་ལན་གཅིག་དགོངས།།
རང་དབང་ལྷ་མོའི་མཛེས་སྔུག་མཚར་ཞེས་གྲགས་སྙན་འབར་བའི་གྲུ་ཟུར་ན།།
འབངས་མིའི་རང་དབང་ལྕགས་ཐུར་བསྐོན་པའི་མྱི་ངན་རྫུ་བའི་དབང་ཤུགས་ཀྱིས།།
འོད་ཆེན་ལམ་ནས་མདུད་དུ་སྐྱོད་པའི་གོམ་ཁ་བཀག་པའི་གཏམ་རྒྱུད་དེ།།
ཡང་ཡང་ཐོས་བའི་ཡ་ཆུང་སེམས་པ་ན་ཟུག་དྲག་པོས་གོས་ཆག་ཤོར།།
གངས་རིའི་རང་དབང་དགུང་ལ་བཏེགས་པའི་སྐྱེས་ཆེན་དམ་པ་གཤེགས་ཤུལ་ན།།
གངས་རིའི་གཟི་འོད་རྒྱལ་ཁམས་བསྐོར་ཏེ་མཐོ་སྒང་ཁྱིམ་ན་འོད་ལམ་ལམ།།
གངས་རིའི་ཕུན་ཚོགས་དཔལ་གྱི་མཚར་སྡུག་སྟོང་གིས་སྤྲས་བའི་འོད་འཕྲོས་ཀྱང་།།
རྨོངས་དད་མུན་པའི་མིག་ཁ་བཀབ་པའི་ངང་ཚུལ་འདི་ལ་ཀྱེ་མ་ཧུད།།
ཉམ་ཐག་འགྲོ་རྣམས་བྲན་ལ་བཀོལ་བཞིན་སྙིང་རྗེའི་སེམས་པ་བསྐྱེད་དགོས་ཟེར།།
ཤ་ཁྲག་གང་བཟངབཟའ་བཏུང་བསྟེན་ཏེ་སྡིག་པའི་ལས་ལ་འཛེམ་དགོས་ཟེར།།
སྲིད་པའི་དཔལ་ཡོན་གཙོ་ཐོབ་བཟུང་སྟེ་གཏན་གྱི་བདེ་བ་སྒྲུབ་རབས་བཤད།།
དེད་དཔོན་ཁྱེད་ཀྱིས་མི་ཡུལ་འདི་ལ་འདི་འདྲའི་ཆོས་ཤིག་སྤེལ་ལགས་སམ།།
དག་པའི་ལུང་ལ་བསྲེག་བཅད་བརྡར་བའི་རྩོད་པའི་རྦ་རླབས་ཆེར་གཡོ་ཀྱང་།།
ཕྲག་དོག་ང་རྒྱལ་མེ་ལྕེ་དམར་རོ་གྱེན་དུ་འཕྱོ་བའི་ངང་ཚུལ་འཇིགས །
གཤིས་རྒྱུད་གྱོང་བོ་འགུལ་སྐྱོམ་མེད་པའི་སྟོན་པའི་ལུགས་བཟང་སྐྱོང་སྟངས་འདིས།།
ཁྱེད་ཀྱི་ལྡུམ་རྭར་བཙན་གྱིས་འཛུལ་བའི་དགེ་སྦྱོང་དག་ལ་མི་ཁྲེལ་ལམ།།
ལྷུན་པོའི་ཕོ་བྲང་དགུང་ལ་བཏེགས་ནས་ཐམས་ཅད་མཁྱེན་ཞེས་འོད་ཅིག་འདུག །
བཤད་སྒྲུབ་དཔལ་ལྡན་གྲྭ་རྐྱང་ཚོགས་ལ་ཐལ་བའི་མདངས་ལས་ཅི་ཡང་མེད།
དངུལ་དང་འབྱོར་བའི་བསྟན་པ་སྐྱོང་བའིི་སྙིགས་མའི་དུས་ཀྱི་སྲོལ་ངན་འདིས།།
བསྟན་པའི་སྲོག་ལ་རྨ་ཁ་འབྱིན་ཏེ་སྟོན་པའི་དགོངས་པ་རྩ་ནས་དཀྲུགས།།
རང་ལྟོ་འཚོལ་ཕྱིར་ལུང་ཙམ་འཐམ་སྟེ་བསྟན་པའི་ལ་རྒྱ་འཛིན་སྟངས་ཤིག །
གཤིས་རྒྱུད་སེམས་ལ་འདུ་ཚོར་མེད་པའི་ནང་པའི་ལྟ་སྤྱོད་སྐྱོང་སྟངས་ཤིག །
ཆོས་ཀྱི་ཡུལ་ནས་མི་ཚེ་ཟད་ཀྱང་སེམས་པའི་གདོན་ལ་གསོན་ཤུགས་རྒྱས།།
ཞི་བའི་རུ་འདྲེན་ཁྱེད་ཀྱི་དགོངས་པ་འདི་འདྲ་ཞིག་གིས་རྫོགས་ལགས་སམ།།
བསྟན་པའི་དར་རྒུད་ཁ་ལ་བཅིངས་ཏེ་འབངས་མིའི་རྔུལ་ཁྲག་ཐིག་པ་ལས།།
རྒྱུ་འབྱོར་ཕུན་ཚོགས་དཔལ་ཀྱིས་རྒྱན་པའི་སྣ་མང་ཁང་བཟང་སྤམ་མཐོར་བརྕེགས།།
གཡོ་དང་སྒྱུ་མ་སྦྲེད་ལད་ཚོགས་ཀྱིས་རྐུབ་སྟེགས་གསེར་ཁྲི་འཚོལ་སྙེགས་འདིས།།
བྱམས་བརྕེ་མངའ་བདག་སྐྱབས་མགོན་ཆེན་པོ་ཁྱེད་ཀྱི་ཐུགས་དགོངས་རྫོགས་ལེགས་སམ།།
མུན་པའི་འཇིག་རྟེན་འོད་ཀྱིས་བཀབ་ནས་བརྕེ་ཆེན་ཕྱག་གིས་སྐྱོར་ན་ཡང།།
མགོ་ནག་བོད་མིས་འཁོན་འཛིན་ཕྱོགས་རིས་རལ་གྲིའི་འཁོར་ལོ་མདུན་ནས་བསྐོར།།
ཁྱེད་ཀྱི་གཟི་བྱིན་འོད་ཀྱི་སྐར་ཆེན་ཁྲོས་བའི་སྒྱོགས་རྡོ་མཁའ་ནས་འཕངས་།།
གཅན་གཟན་གཏུམ་པོས་སྐུ་ཟུང་རྨུག་པས་ན་ཟུག་དྲག་པོ་བཟོད་ལེགས་སམ།།
ཚན་རྕལ་རིག་འོད་གདོན་འཕྲུལ་རྕི་སྟེ་ཅང་མེད་མུན་སྒོམ་མཆོག་ཏུ་བཟུང་།།
ལྷ་ཀླུ་ཆོ་འཕྲུལ་ཆོས་བཟང་རྕི་སྟེ་མཐོ་སྒང་འོད་སྣང་སྨག་གིས་བརྫིས།།
ལྷ་ཀླུ་གཞི་བདག་ནུས་མཐུ་བཅོལ་བའི་གདོང་དམར་རིགས་ཀྱི་སྐྱོད་སྟངས་འདི།།
ཁྱེད་དགོངས་བཞེད་མིན་ལ་གངས་རིའི་ནག་པོ་བསྐྲུན་པ་མ་ཡིན་ནམ།།
ལོ་ཟླ་གྲངས་མེད་མགྲིན་པའི་ངག་སྒོ་ཆོས་ཀྱི་དབྱངས་རྟ་གྱེར་ན་ཡང་།།
ཉོན་མོངས་དུག་གི་རླབས་ཀྱི་ཕྲེང་བ་རྣམ་ཤེས་ཁྱིམ་ནས་གཏེར་དུ་སྦས།།
ལུས་ངག་ཡིད་གསུམ་ཉེས་ལྟུང་སྦགས་པའི་བཙུན་གཟུགས་ཚོགས་འཁོར་འཕེལ་བ་འདིས།།
ལུང་རྟོགས་ཉི་ཟླ་ས་ལ་དྲུད་ཏེ་ཁྱེད་ཀྱི་ཐུགས་དགོངས་ཡང་ཡང་དཀྲུགས།།
ལུགས་གཉིས་ཤོར་ནས་མཐོ་སྒང་རིགས་འདི་རྨེག་མེད་འགྲོ་བའི་འཇིག་སླེབས་སྟེ།།
མེས་པོའི་རྔུལ་ཁྲག་གཙུག་ལག་ཆུ་བོའི་བཞུར་རྒྱུན་ཆད་པར་ཉེ་ན་ཡང་།།
འབྱོར་ལྡན་ཞབས་ལ་མགོ་བོ་བཏུད་དེ་ཕག་ལྟར་ལྷོད་ཀྱིས་བསྡོད་སྟངས་འདིས།།
རྟག་ཏུ་ཁྱེད་ལ་སྐུ་ངལ་འོ་བརྒྱལ་མཛད་མེད་བཟོས་བ་བཟོད་ལེགས་སམ།།
ཀྱེ་མ་ཀྱེ་ཧུད་ཉམ་ཆུང་དཔུང་གཉེན་སྙིང་རྗེ་ལྷ་མཆོག་པད་དཀར་འཆང་།།
མི་རིགས་འདི་ཀུན་བདག་གིར་བཞེས་ཏེ་འོ་མའི་ཟས་ཀྱིས་བསྐྱངས་ན་ཡང་།།
གཡོ་སྒྱུ་ཁྲམ་གསུམ་སྐ་རགས་བཅིངས་ཏེ་སྨྱོ་གང་སྣ་དགུ་སྦུག་ནས་འཆམ།།
སྙིང་ལ་གཟེར་བའི་ན་ཟུག་མཆི་མའི་མིག་ཀོང་ཁེངས་ཀྱང་སུ་ལ་ཕོབ།།
འཆི་བདག་ཞགས་པའི་འོད་ཀྱི་ཚེ་སྲོག་དམ་ལ་བཏགས་པར་ཉེ་ན་ཡང་།།
དམུ་རྒོད་ཚོགས་ཀྱི་མདའ་མདུང་སྟོང་གི་སོ་ཁ་རྣོ་པོ་ཁྱེད་ལ་གཏད།།
མུན་པར་འཁྱམས་པའི་ས་ཡ་དྲུག་གི་དཀའ་སྡུག་རི་བོ་ཁྱེད་ལ་བཀལ།།
ད་དུང་ཁྱེད་ཀྱི་རྔུལ་ཁྲག་འཐུང་བཞིན་གཉིད་དུ་གཡུར་བ་ཀྱེ་མ་ཧུད།།
༢༠༡༡ ༦ ༡༥ ཉིན་བྲིས།