བོད་ ཀྱི་རྩོམ་པ་པོ་གངས་ཉི་འཛིན་བཟུང་བྱས་འདུག བོད་ནང་གི་རྩོམ་པ་པོ་མང་པོས་ཁོང་ལ་རྒྱབ་སྐྱོར་བྱེད་ཀྱི་འདུག གཤམ་གྱི་རྩོམ་དེ་འབའ་མཁྱེན་པས་བྲིས་འདུག ༄༅།།བརྗེད་མི་སྲིད་པའི་གངས་ཉི། ངོ་མི་ཤེས་པའི་གངས་ཉི།
༄༅།།བརྗེད་མི་སྲིད་པའི་གངས་ཉི། ངོ་མི་ཤེས་པའི་གངས་ཉི།
༈ དེང་སྐབས་ང་ཚོའི་དྲྭ་ངོས་ན་གླེང་ཕྱོགས་ཁྱད་པར་བ་ཞིག་ཡོད་པ་དེ་ནི་དྲྭ་རྩོམ་ རེ་ཀློག་ན་ཡང་ངོ་ཤེས་མིན་དང་གྲོགས་པོ་ཡིན་མིན་གྱི་དབང་གིས་དེའི་རྩོམ་ཡིག་ལ་ དེ་ལུགས་ཀྱིས་གདེང་འཇོག་བྱེད་ཀྱིན་མཆིས་པའི་༼མང་ཕྱོགས་ཀྱི་དབང་དུ་བྱས་ནས་ ལབ་པ།༽འགྲོ་ལུགས་འདིའི་དབང་དུ་བཏང་ན་ང་རང་གངས་ཉི་ཟེར་བ་དེར་གསལ་ཆ་ཅི་ཡང་ མེད་པར་མ་ཟད། ངོ་ཙམ་ཡང་མི་ཤེས་པས་གླེང་དོན་གཏན་ནས་མེད་པ་ལྟར་སྣང་ཡང༌། ནམ་རྒྱུན་ཁོའི་འགན་འཁྲིའི་འདུ་ཤེས་ཀྱིས་ཕྱུག་པའི་དྲྭ་རྩོམ་རེ་རེས་བདག་གི་ སེམས་སུ་བག་ཆགས་བསུབས་མེད་ཅིག་བཞག་པས་ངས་ཁོ་རང་བརྗེད་ག་ལ་སྲིད་ཅིང༌། བོད་མི་སྤུན་གྲོགས་གཞན་དག་ལའང་དེ་འདྲ་བའི་བག་ཆགས་བཞག་ཡོད་སྲིད་པས་དེ་ཚོས་ ཀྱང་བརྗེད་མི་སྲིད། ཡིན་ནའང༌། ཁོས་བཙོན་ར་ལས་མྱོང་གིན་པའི་དཀའ་སྡུག་དེ་སུས་ཀྱང་ཚོད་དཔག་བྱེད་དཀའ་བའི་གནས་ ཤིག་ཏུ་ལགས་ངེས་པས་ད་ལྟ་ངས་ཅི་ཞིག་གླེང་དགོས་པའང་ཡེ་ནས་ཤེས་ཀྱིན་མེད། གྲོགས་པོ་དག ཁྱོད་ཚོའི་དགོངས་འཆར་ལྟར་ན།
༈ དངོས་གནས་ལོ་འདི་དག་གི་རིང་ལ་བྱུང་བའི་སེམས་པ་འཐག་པའི་བརྒྱུད་རིམ་རེ་རེའམ། ཡང་ན་ད་དུང་དེས་ཀྱང་མི་ཚད་པའི་བགྲང་བྱ་གང་མང་གི་རིང་ནས་ང་ཚོ་གོད་ཆག་སྐྱུར་ པོའི་བཞུར་རྒྱུན་ལས་ཐར་དཀའ་སྟེ། ཤི་མདའ་ཁོག་ཏུ་བཅུག། རྨ་ཁ་ཚིལ་གྱིས་གསིར་ནས།། ཁ་བགད་རུང་ཁོག་ན་སྡུག་ཅིག། མིག་ཁྲ་རུང་མཐའ་རུ་ཆུ་ཞིག་འཁྱིལ་ནས་ཨུ་ཚུགས་ཀྱིས་བཟོད་བསྲན་ཅི་ལྟར་བསྒོམས་ ཀྱང༌། གློ་བུར་གློ་བུར་དུ་ལུག་ཁྱུར་སླེབས་པའི་སྤྱང་ཚོགས་ལྟར་ང་ཚོའི་ཤེས་ལྡན་པ་རེ་ རེའམ། དཔའ་བོ་དཔའ་མོ་ཚོ་གར་མེད་གང་མེད་ཀྱིས་བརླགས་འགྲོ་བར་བསམས་ན། འཆམ་མཐུན་ཞེས་པའི་ཐ་སྙད་སྐམ་པོ་དེའི་ཅི་ཕྱིར་ཡོད།
༈ ང་ཚོ་ནི་ཕ་མཐའ་བྲལ་བའི་བཟོད་པ་ལ་གནས་པའི་བྱང་སེམས་ཤིག་གཏན་ནས་མིན་པར་སྙིང་ ཁོང་ན་འཕྱོ་བའི་ཟུངས་ཁྲག་ལ་མིའི་ཆགས་སྡང་རྨོངས་གསུམ་གྱི་དྲོད་རླངས་འདྲེས་ ཡོད་པས། འུ་ཐུག་ཐབས་ཟད་ཀྱི་སྐབས་སུ་མ་མཐའ་ཡང་དངུན་སྒྲ་རེ་འདོན་སྲིད། རྒྱུ་རྐྱེན་དེས། གྲོགས་ཀྱི་མགོན་སྐྱབས་བྱ་ཐུབ་པའི་ནུས་པ་མེད་ཀྱང༌། གྲོགས་ཀྱི་གྲོགས་པོ་བྱེད་ངེས་པའི་སེམས་ཁུར་དེ་ནམ་ཡང་ཡལ་མི་འོས། འདི་ནི་རང་གི་སེམས་གཏམ་ཉག་ཉོག་ཅིག་གང་དགར་ལབ་པ་སྟེ། ཅི་བྱུང་སེམས་ཁོང་དུ་སྦས་པའི་ཁོག་གྲིམས་ཀྱི་མི་དག་ལས་འདས་པའི་བྱ་སྤྱོད་ཅིག་ མངོན་པ་ཙམ་མོ།།
[ 2009-3-25 18:34:00 | By: འབའ་མཁྱེན་དཔལ། ]