གངས་སྨྱུག་གིས་སྤྱི་ལོ་༢༠༡༠།༠༩།ཚེས་༡༥ ཉིན།
ཨེ་མ་འདི་ན་ངོ་མཚར་བྱེ་བའི་བདག །
མ་དྲོས་གཙུག་ན་རིན་ཆེན་མཚན་གྱིས་མཛེས། །
ཧེ་རུ་ཀ་ཡི་རྨད་བྱུང་གཟེངས་རྟགས་ཉིད། །
ཕུལ་བྱུང་རྩོམ་པོ་ཞིག་ལ་འབུལ་འདིས་སྤྲོ། །
གལ་ཏེ་དེ་ལྡོག་ཡོན་པོའི་དབང་སོང་ཏེ། །
ཚུལ་མིན་ངག་གི་ཕྲེང་བ་སྤེལ་བའི་རིགས། །
རང་སྣང་རི་མོ་ནང་ཆ་སྟོན་བའི་ཞོར། །
འཆལ་གཏམ་དུས་ཀུན་སྒྲོག་ལ་ཡིད་གཟབ་བྱོས། །
རྣམ་མང་རྩོམ་རིགས་ཐང་མར་བརྡལ་བའི་ནང་། །
ངན་རྒུའི་ཇག་རྩོམ་སྙིང་བོ་ཞར་བའི་རིགས། །
ཕྲག་དོག་མེ་འོབས་ཐལ་བ་གཏོར་བའི་ཞོར། །
ཁྱུ་མཆོག་ཁ་གཏོང་བ་ལ་ཡིད་གཟབ་བྱོས། །
སྙན་ཚིག་ངག་གི་རོལ་མོ་བཀྲོལ་བའི་ནང་། །
མི་སྙན་ཅོང་སྐད་ངུ་ངག་ནར་མོའི་རིགས། །
རང་མཐོང་ང་རྒྱལ་དུག་ནག་གཏོར་བའི་ཞོར། །
གྲེ་བར་ཚེར་མ་ཟུག་རྣམས་ཡིད་གཟབ་བྱོས། །
ལོངས་སྤྱོད་ཕུན་སུམ་ཚོགས་པའི་ཕ་ཁྱིམ་ནང་། །
མིད་འཆུས་ནད་ཀྱིས་མེ་དྲོད་ཉམས་པའི་རིགས། །
འཇུ་བྲལ་ཁོང་སྦོས་ཕྱི་ས་གཏོང་བའི་ཞོར། །
ནད་རླང་གཞན་ལ་འདེབས་མཁན་ཡིད་གཟབ་བྱོས། །
སྣ་ཚོགས་ཚིག་དོན་མཛེས་པའི་སྨྱུག་འཛིན་ནང་། །
དབང་འགུམ་འཁར་བ་ཐོགས་པའི་སྙན་རློམ་རིགས། །
ཚིག་དོན་ཉེས་སྐྱོན་དབང་པོས་མི་ཐེག་ཞོར། །
ལོང་བའི་ངར་སྒྲ་སྒྲོག་རྣམས་ཡིད་གཟབ་བྱོས། །
སྡོམ་བཙུན་ལེགས་ཚོཊ་དཔལ་སྟེར་བྱེ་བའི་ནང་། །
ནང་ཆོས་སྨྱོ་གར་བརྩེ་བའི་ཚུལ་མིན་རིགས། །
མ་དག་རྒྱུན་འབྱམས་ཁྲི་ཆེན་རྔམས་པའི་ཞོར། །
ང་ཆེ་ང་བཙན་ཅན་དེ་ཡིད་གཟབ་བྱོས། །
ཤེས་རབ་མེ་ཆེན་ངག་རིག་འགྲན་ཚོགས་ནང་། །
ཤེས་རློམ་མི་ནག་ཁ་འཐབ་སོ་འཆའི་རིགས། །
དུས་ཀུན་སྡང་གཟུཊ་ཚིག་མཚོན་འདེབས་པའི་ཞོར། །
རང་ཉིད་རང་གིས་བསྟོད་རྣམས་ཡིད་གཟབ་བྱོས། །
སྐྱོན་བྲལ་ཡོན་ཏན་རང་མདངས་ངོམ་པའི་ནང་། །
ཤེས་རབ་འབོད་སྒྲ་སྙེག་སའི་སྐྱོན་ཅན་རིགས། །
ཞེད་སྣང་ལྕགས་སྨྱུག་འགྲེད་བརྡབ་ཤོར་བའི་ཞོར། །
ཁ་ནས་དམོད་ངན་སྒྲོག་རྣམས་ཡིད་གཟབ་བྱོས། །
ཤེས་རབ་སྦྲང་ཆར་འབབ་སའི་ཁ་བརྡའི་ནང་། །
བསམ་ཤེས་བེམ་རོར་གྱུར་པའི་གནོད་བྱེད་རིགས། །
སྣ་ཚོགས་མིང་གིས་ཆོས་འཕྲུལ་སྟོན་པའི་ཞོར། །
རང་ཞལ་རེ་ནག་བཏུམས་རྣམས་ཡིད་གཟབ་བྱོས། །
ཤེས་རབ་མིག་ཟུང་ཡངས་པའི་སྤྲུལ་བའི་སྐུ། །
ཡེ་ཤེས་རྒྱ་མཚོའི་མཚན་གྱིས་སྙན་པ་འཕུར། །
ཁྲག་འཐུང་ཧེ་རུ་ཀ་ཡི་རང་ཞལ་ལས། །
འཚེ་བའི་ཆོ་འཕྲུལ་དེ་དག་འཇོམས་ལ་རིངས། །
རིགས་ཀྱི་བུ། དཔེ་ཡག་པོ་བྲིས་འདུག རྩོམ་འབྲི་ན་ཁྱོད་ཀྱི་རྩོམ་སྟངས་དེ་ཡག་པོ་འདུག
གོ་རྒྱུ་ཡོད་པའི་རྩོམ་ཞིག་འདི་ན་འདུག
ཕྱིན་ཆད་གཟབ་གཟབ་དགོས་པའི་བསླབ་བྱ་འདི་ན་འདུག།
ཕྱིན་ཆད་ཞིབ་འཇུག་དགོས་པའི་གནད་འགག་འདི་ན་འདུག།
ཕྱིན་ཆད་གཡོ་སྒྱུ་སྤོང་པའི་གདམས་ངག་འདི་ན་འདུག།
ཕྱིན་ཆད་མིང་རྫུན་འགོག་བྱེད་རྭ་བ་འདི་ན་འདུག
མཁྱེན་རབས་སྤྲིན་དཀར་འཁྲིགས་པའི་བང་ཁ་ནས། །
ལེགས་བཤད་སྙན་འཇེབ་སྦྲང་ཆར་ཟེགས་མ་འབུམ། །
བསམ་ངན་མུན་ནག་བཅོམ་པའི་ཉི་གཞོན་བཞིན། །
འགྱུར་ཁུག་སྟོང་ལྡན་གླུ་ཡི་རམ་འདེགས་ཕུལ། །
གངས་སྨྱུག་གི་རྩོམ་འདི་ལ་བཀྲིས་བདེ་ལེགས་གྲངས་མེད་ཞུ་རྒྱུ་ཡིན། ཁྱེད་ཀྱི་རྩོམ་འདི་སྙན་པ་མ་ཟད་དེ་རིང་རྩོམ་རིག་འགྲན་བསྡུར་སྐབས་གོ་རྒྱུ་ཞིག་ཀྱང་སྤྲད་འདུག ད་དུང་འདི་དང་འདྲ་བ་གང་མང་རྩོམ་སྣང་ཡོད་པ་ཞུ། བརྒྱ་ཆ་བརྒྱ་ཐམ་པ་རྒྱབ་སྐྱོར་ཡོད།
གཏམ་དང་མདའ་མོ་དྲང་ན་དགའ། །གཞུ་དང་རལ་གྲི་འཁྱོག་ན་དགའ། །ཁྱོད་དང་ང་གཉིས་རྩོད་པ་མེད། །འོན་ཀྱང་ཡིད་གཟབ་ཆོས་ཚན་འགལ་ན་སྐྱོན། །
ཤེས་རབ་འོད་སྣང་ལགས་ཀྱིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ། སླད་ཀྱང་དེ་བཞིན་འབད་འབུངས་ཞུ།
གངས་སྨྱུག་ལགས་ཀྱིས་བྲིས་པའི་སྙན་རྩོམ་འདི་དོན་ཟབ་ལ་ཚིག་སྙན་པས་ད་རིས་རྩོམ་རིག་བྱ་དགའི་དངོས་ཀྱི་འགྲན་རྩོམ་གྲས་སུ་འཇོག་ཀྱང་རྩེ་ཕུད་དུ་མི་འགྲོ་བའི་ངེས་པར་མི་འདུག་པས། ད་དུང་མུ་འཐུད་དེ་འབྲི་རོགས། གུས་པས་ཐེངས་ཁ་ཤས་ཀློག་ཡིན་པས་གོ་རྒྱུ་ཆེ་རུ་དང་རྗོད་བྱེད་སྙན་དུ་འགྲོ་བཞིན་འདུག་དངོས་གནས་ཡིན།
ད་བྱས་དུས་གཞི་ནས་ཧ་གོ་སོང་ཀླུ་སྨྱོན་ཧེ་རུ་ཀ་ཡི་མིང་ལ་ཡེ་ཤེས་རྒྱ་མཚོ་ཡིན་པ་རེད། མ་ཟད་ཁོང་ད་དུང་སྤྲུལ་སྐུ་ཞིག་ཀྱང་རེད་འདུག དེ་མ་ཚད་གངས་སྨྱུག་ལགས་ཀྱི་བླ་མ་ཡང་ཡིན་ས་རེད།
འདི་ནི་ཐེངས་འདིའི་ཀླུ་སྨྱོན་རྩོམ་རིག་འགྲན་དང་ཁ་བརྡའི་ནང་གི་དྲ་འབུ་དམར་པོ་དེ་དག་ལ་ཆེད་དུ་བརྗོད་པའི་གཏམ་རང་ཡིན་འདུག་སྙམ། དངོས་གནས་སེམས་འགུལ་ཐེབས་པའི་རྩོམ་ཡིག་སྤེལ་བར་ངས་གངས་སྨྱུག་ལགས་ལ་རྗེས་སུ་ཡིད་རང་དང་ཐུགས་རྗེ་ཆེ་མ་ཞུ་ཐབས་མེད་གྱུར་སོང་། མུ་མཐུད་དེ་འདྲའི་རྩོམ་སེམས་འགུལ་ཐེབས་པའི་རྩོམ་ཡིག་གང་མང་སྤེང་བའི་རེ་བ་ཡང་ཞུ།
ཁ་རྡ་འདིའི་ནང་ཁ་བ་རི་པའི་རིག་གཞུང་གི་ལྡེང་ཁ་ཞིག་བསྐྲུན་ཡོད་པ་ང་ཚོས་ཤེས་དགོས།