མི་ནག་མདུང་ཐུང་།
ང་རང་༼ཁ་བརྡ༽་ཀློག་པ་པོ་དཀྱུས་མ་ཞིག་ཡིན། ཕལ་ཆེར་འདིའི་སྟེང་གི་རྩོམ་ཡིག་ཆ་ཚང་བཀླགས་ཡོད་ལབ་ན་འགྲིག་པ་ཞིག་ཡིན། འདི་ངས་ཚོད་བཤད་བྱས་པ་དེ་འདྲ་མིན། རྩོམ་ཡིག་མང་ཆེ་བ་ཞིབ་ནན་གྱིས་བཀླགས་ཡོད། རིགས་གཅིག་ནི་རབ་བེ་རིབ་རེ་ཞིག་ལས་བཀླགས་མེད། ཁ་བརྡའི་འཕེལ་རིམ་འདི་དང་ངའི་ཤེས་ཡོན་གོང་འཕེལ་གཉིས་མཉམ་དུ་འཚར་ལོངས་བྱུང་བ་ཞིག་ཡིན། ངས་དྲ་ཚིགས་འདི་བཀླགས་ནས་སློབ་སྦྱོང་ལེན་གྱི་ཡོད། སློབ་སྦྱོང་མང་པོ་རག་སོང་། མ་ཤེས་པ་མང་པོ་ཞིག་ཤེས་བཅུག་སོང་། ཁ་བརྡ་ནི་ངའི་དགེ་རྒན་ཞིག་ཡིན། དེ་ལྟར་ན། ཁ་བརྡའི་ནང་གི་མཁས་པ་རྒན་གཞོན་ཁྱེད་རྣམ་པ་ཚང་མ་ངའི་དགེ་རྒན་ཡིན། མཆན་འདེབས་མཁན་མང་པོ་ཞིག་ངའི་སློབ་གྲོགས་ལྟ་བུ་ཡིན། མཚམས་རེར་རྩོམ་གྱིས་ཡིད་དྲངས་འགྲོ་བ་དང་། མཚམས་རེར་མཆན་བུས་ཡིད་དྲངས་འགྲོ་བ་ཞིག་འདུག སྐད་ཆ་ཚིག་གཅིག་གིས་བཤད་ན། ཁ་བརྡ་ནི་ངའི་དགེ་རྒན་ཡིན། ངས་ཁ་བརྡ་བཀླགས་པའི་གོ་རིམ་དེ་ནི། ཞི་བདེ། དམག་འཁྲུག བར་འདུམ་བཅས་ཀྱི་གོ་རིམ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད། ཕན་ཚུན་ལ་དགག་གཞག་གི་རླབས་ཞགས་འཕེན་ཚུལ་དེ་ཚོ་ནི་གཡུལ་ས་ཞིག་གི་དམག་འཐབ་འདྲ་ཞིག་རེད། ཡར་ནས་དེད་ཅིང་། མར་ནས་གཅུན་ཚུལ་དེ་དག་ནི་འཐབ་རྩལ་མ་འདྲ་བ་ཞིག་རེད། ང་རང་དམག་འཁྲུག་དེར་ལྟད་མོ་བལྟ་མཁན་ཞིག་ཡིན་པའི་ངོས་ནས། དམག་འཐབ་འདི་རྒྱལ་ཕམ་གྱི་དབྱེ་བ་ཆོད་པོ་བྱུང་སོང་བསམ་པའི་སྐབས་མཚམས་ལ། འཐབ་སྟངས་གཞན་ཞིག་མགོ་རྩོམ་ནས་སླེབས་ཐེངས་རེར། ཁ་བརྡ་ཀློག་པ་ནི་མུ་འབྲེལ་བརྙན་འཕྲིན་ཞིག་ལ་མཚན་ཐོག་ཉིན་བཞག་གིས་དབྱིངས་ཞུགས་པ་དང་འདྲ། དམག་འཐབ་ལ་སྟངས་འཛིན་བྱེད་མཁན་ཚོ་ནི། ཁ་བརྡའི་དྲ་བདག་ཚོ་རེད། ཁོང་ཚོས་ཞི་བདེའི་བྱང་བུ་ཞིག་ཡོད་པ་དེ་བསྣམས་ནས་དམག་འཐབ་མཚམས་འཇོག་གི་གསལ་བསྒྲགས་བྱེད། དེར་དམག་འཐབ་པ་ཚོས་ཉན་འཇོག་ཀྱང་བྱེད་ཀྱི་འདུག མཚམས་རེར་དམག་འཐབ་དེ་དྲ་བདག་ཚོས་མཚམས་གཅོད་ཀྱི་འདུག དེ་ནི་དྲ་བདག་ཚོའི་སྟངས་འཛིན་དེ་རེད། ཁ་བརྡ་འདིར་རྩོམ་ཡིག་སྤེལ་མཁན་དང་། མཆན་བུ་འདེབས་མཁན། ཀློག་མཁན་བཅས་འཚང་ཀ་ཤིག་ཤིག་འདིའི་ལམ་བུའི་གཟི་བརྗིད་ཅིག་རེད། དྲང་མོར་བཤད་ན། ང་ཚོར་སྟངས་འཛིན་ཟེར་བ་འདི་དགོས་མཁོ་འདུག དེ་མེད་ན། ཁ་བརྡ་འདི་སྔ་མོ་ཞིག་ནས་ཆོ་མེད་ཅིག་ཆགས་ཡོད་སྲིད། ཡིན་ནའང་། ང་ལ་བསམ་འཆར་རམ་ རེ་བ་གཅིག་ཞུ་རྒྱུ་ཡོད། ཁ་བརྡ་དྲ་དཔོན་ཚོས་རྩོམ་ཡིག་སྤེལ་མཁན་དང་མཆན་བུ་སྤེལ་མཁན་ལ་གཙིགས་ཆེན་བྱེད་པ་ནང་བཞིན། ང་ཚོ་ཀློག་མཁན་ཚོར་ཡང་ཀློག་གྲངས་ཤིག་བཀོད་པ་ཡིན་ན། ང་ཡང་གྲངས་ཀ་འདིའི་ནང་གི་གཅིག་ཡིན་སྙམ་པའི་དགའ་ཚོར་ཡོང་བ་འདུག དེ་ཙམ་མ་རེད། ཁ་བརྡའི་ནང་གི་རྩོམ་ཡིག་གྲགས་ཅན་དེ་ཚོ་ཀློག་གྲངས་མཐོ་པོར་སླེབས་ཀྱི་ཡོད་པ་དེ། ཀློག་མང་ཉུང་གི་སྐོར་ལ་བལྟ་ས་ཞིག་ཀྱང་ཡོད་པ་ཡིན་ན། ང་ལྟ་བུའི་ཀློག་མཁན་ཚོར་ཕན་ཐོགས་ཆེན་པོ་ཡོང་བ་འདུག མཆན་མང་ཤོས་ཀྱི་རྩོམ་བྱང་འཆར་རྒྱུ་ཡོད་པ་ནང་བཞིན། ཀློག་གྲངས་མཐོ་ཤོས་ཀྱི་རྩོམ་བྱང་འཆར་བ་ཞིག་ཀྱང་བཀོད་སྒྲིག་གནང་བ་ཡིན་ན། དེ་བས་དགའ་བ་ཡོང་བ་འདུག དྲ་དཔོན་ཚོར་དཀའ་ལས་སྐུ་ཚེགས་རེད་ནའང་། ངས་བསམ་ཚུལ་འདི་སྔ་མོ་ནས་སེམས་ལ་ཉར་ཏེ་དེ་རིང་ཞུས་པ་ཡིན། མི་ཆུང་གི་ཞུ་ཆུང་ལ་མི་དགོངས་པ་ཞིག་ཁྱེད་ཅག་མཁྱེན།
ཉེ་བའི་བར་དུ། ང་རང་ནི་ཁ་བརྡའི་ཀློག་མཁན་ཁོ་ན་བྱས་ནས་བསྡད་པ་ཡིན། ཁ་བརྡ་དང་ཁ་བརྡའི་ནང་གི་དགེ་རྒན་ཚོའི་དྲིན་གྱིས། ད་ནི་ང་རང་གིས་མཆན་བུ་རེའང་སྤེལ་གྱི་ཡོད། ད་དུང་བསམ་ཚུལ་རེ་རྩོམ་ཡིག་གི་ཚུལ་གྱིས་སྤེལ་བར་ཡང་འདོད་ཀྱི་ཡོད། ང་ལ་དོགས་འདྲི་མང་པོ་ཞིག་ཡོད། དེ་ནི་ང་ཁ བརྡ་ཀློག་མཁན་ཅིག་ཡིན་པ་དེས་རེད། དོགས་པ་འདི་ཚོ་གནད་འགག་རེད། དེ་ངས་ཤེས་པ་བྱ་འདོད་ཡོད། ཁ་བརྡའི་ནང་གི་དགེ་རྒན་ཚོས་ཐུགས་ལ་འཛིན་པའི་ཡིད་ཆེས་ཡོད།
ངས་ཁ་བརྡ་འདི་ཡང་ཡང་བཀླགས་པའི་ལྟ་སྟངས་ཤིག་འབྲི་འདོད་ཡོད་ནའང་། ངས་ཁྱོན་རང་ནས་ཡག་པོ་ཞིག་ཡོང་གི་མི་འདུག དེ་ནི་ང་རྩོམ་པ་པོ་ཞིག་མིན་པས་རེད། ཁ་བརྡ་དྲ་དཔོན་ཚོ་དང་། ཁ་བརྡའི་ནང་གི་མཁས་པ་དང་རྩོམ་པ་པོ་ཚོ། མཆན་བུ་འདེབས་མཁན་ཚོ། ད་དུང་ང་འདྲ་བའི་ཀློག་པ་པོ་ཚང་མར་གོང་བཀུར་དང་ཁྱེད་ཚང་མ་ངའི་དགེ་རྒན་ལྟ་བུ་ཡིན་ཞུ་ན་འདོད། ད་ལྟ་ངས་༼ཁ་བརྡ་དྲ་ངོས་མྱུལ་བའི་ལོ་ཟླ་འདི་ཚོ་༽ཟེར་བ་ཞིག་འབྲི་བཞིན་ཡོད། ཡག་པོ་ཞིག་འབྲི་བསམ་ན་དེ་ནི་སེམས་ལ་དྲན་པ་བཞིན་ཤོག་ངོས་ལ་ཕབ་ཤེས་ཀྱི་མི་འདུག དེ་ནི་ང་རང་རྩོམ་པ་པོ་ཞིག་མིན་པ་དེས་རེད། ཡིན་ནའང་། ངས་འབད་པས་བྲིས་ཏེ། དེ་ཡང་དྲ་ངོས་འདིར་གཟིགས་མོར་འབུལ་འདོད་ཡོད།
ལྷུགས་རྩོམ་སྙན་ངག་ཟེར་ན་འདི་འདྲ་ཡིན་པ་འདྲ། ཡག་པོ་འདུག ཀློག་སྙིང་སྤྲོ་བོ་ཞིག་བྲིས་འདུག
མྱོང་ཚོར་ངོ་མས་གཏམས་པས་ལྷག་པར་ལྕིའོ།
ང་ལ་ཡང་བསམ་ཚུལ་དེ་རང་བྱུང་། ཁོར་ཡུག་གི་དབང་གིས་ལོ་ངོ་དུ་མར་བོད་ཡིག་ཞལ་མཇལ་གསུང་ཐོས་མེད་པས་སྔར་སྦྱངས་པ་རྣམས་ཀྱང་དྲན་པའི་ཡུལ་ན་ཐ་རེ་ཐོ་རེ་ལས་མེད་པའི་སྐབས་སུ་ལོ་ངོ་གཅིག་ལྷག་ཙམ་ཁ་བརྡའི་དྲ་བ་ཀློག་པ་དང་། མཆན་བུ་འདེབས་པ་སོགས་ལས་རིམ་པས་བོད་ཡིག་འབྲི་ཀློག་ལ་དཀའ་ངལ་མེད་ཙམ་ཆགས་སོང་བས་་ཁ་བརྡའི་དྲ་བདག་དང་། རྩོམ་པ་པོ། མཆན་བུ་འདེབས་མཁན་སོགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
བདེན་པ་རེད།
རང་སེམས་ཀྱི་མྱོང་ཚོར་ཕྱིར་མངོན་པའི་ཟོལ་མེད་ཀྱི་སྐད་ཆ་རང་རེད།
ང་ཡང་ཁྱོད་དང་ཆ་ཡིན། གཞུག་ཕྱོགས་བསམ་ཚུལ་སྤེལ་པར་ཤུགས་རྒྱག་རོགས།
ཡིན་ན་ཡང་། འཛེམ་དགོས་ས་ཞིག་ཡོད་པ་ནི་་་ཁ་བརྡ་ནང་གི་ཁ་མཁས་ཚོའི་ཁ་དམག་དམག་འཐབ་ནང་ཞུགས་རྒྱུར་དོགས་ཟོན་བྱེད་དགོས།
དེ་མ་ཡིན་པའི་ཁ་བརྡ་ག་རེ་ཡིན་ན་ཡང་མཉམ་ཞུགས་བྱེད་རྒྱུར་འབད་བརྩོན་བྱེད་ཐུབ་ན་ལེགས།
ཁ་བརྡ་དྲ་རྒྱ་འདི་ནི་ཙི་ཙམ་བཀླགས་ན་དེ་ཙམ་གྱི་བློ་སྐྱེད་སྟེར་མཁན་ཞིག་ཡིན། རྒྱུན་དུ་བལྟ་ཀློག་བྱས་ན། བར་མཚམས་ཤིག་ནས་སྤོབས་པ་ཞིག་ཀྱང་རྒྱས་སུ་འཇུག མཆན་བུ་ཐུང་ངུ་རེ་ཡང་སྤེལ་བར་སྐུལ། དེ་ནས་རིམ་པས་སོ་སོའང་དྲ་ངོས་འདིའི་བདག་པོ་དཀྱུས་མ་ཞིག་ཡིན་པའི་ཚོར་བ་སྤྲོད། མི་ནག་མདུང་ཐུང་ལགས་ནི་བརྒྱུད་རིམ་འདི་ནས་དེ་རིང་དྲ་ངོས་ངོ་མར་སླེབས་སོང་། ཀློག་མཁན་ཞིག་ནས་མཆན་བུ་འདེབས་མཁན་ཞིག ད་ཆ་རྩོམ་ཡིག་འབྲི་མཁན་བར་འདིར། ཁ་བརྡ་དྲ་ཚིགས་མིག་གིས་འཚོས་ནས། ཁ་བརྡ་དྲ་ཚིགས་ལག་ལ་འཇུས་ནས། ཁ་བརྡ་དྲ་ཚིགས་ཀྱི་རྩོམ་པ་པོའི་དཔུང་ཁག་འདིར་ཞུགས་པར་སྙིང་ཐག་པ་ནས་ལེགས་སོ་འབུལ།
རང་ཉིད་བོད་པ་ཞིག་ཡིན་པ་དང་བོད་ཡིག་ནི་རང་ཉིད་ལ་དབང་བ་ཞིག་ཡིན་པས་ངས་ནམ་རྒྱུན་བོད་ཡིག་གི་དྲ་ཚིགས་དག་ཉུལ་ནས་རང་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་གི་མཐིལ་དུ་ཕྱིན་ནས་དྲ་གྲོགས་ཚོར་བསམ་ཚུལ་བགྲོ་གླེང་བྱེད་པ་ནི་ཆེས་སྤྲོ་སྣང་གི་དུས་ཚོད་ཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད།
མྱོང་ཚོར་སྤེལ་བར་ཐུགས་རྗེ་ཆེ།
མི་ནག་མདུང་ཐུང་ལགས་ནས་བསམ་ཚུལ་གནང་བར་བཀའ་དྲིན་ཆེ།
ང་ཚོས་ཀློག་མཁན་ཚོའི་བསམ་ཚུལ་ལ་གང་ཐུབ་ཀྱིས་ཉན་འཇོག་བྱེད་གི་ཡོད་། རྩོམ་ལ་ཀློག་གྲངས་དགོས་བའི་བསམ་ཚུལ་འདི་ང་ཚོར་སྔ་མོ་ནས་ཡོད་པ་རེད་། ཁ་བརྡའི་འཛིན་སྐྱོང་དང་རྩོམ་སྒྲིག་པའི་དབར་ལ་སྐད་ཆ་འདིའི་རིགས་ཐེངས་མང་བྱུང་ཡོད་པ་རེད་། འོན་ཀྱང་། ང་ཚོ་འགག་ས་གང་རེད་ཞེ་ན། དུས་ཚོད་དང་འགྲོ་སོང་གཉིས་རེད་།
གང་ལྟར། ང་ཚོས་ཁ་བརྡ་ཡར་རྒྱས་གཏོང་བར་ཕྱོགས་ཀུན་ནས་འབད་ངེས་ཡིན། ཀློག་མཁན་གཞན་ཚོའི་བསམ་ཚུལ་ལ་ཡང་རྗེས་སུ་ཡི་རངས་ཞུ།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha@gmail.com
ཁ་བརྡའི་དྲ་བ་ནི་བལྟ་བར་བྱེད་པའི་མིག་དང་། བགྲོད་པར་བྱེད་པའི་རྐང་སོགས་བློ་གྲོས་ལྡན་པའི་མི་བུ་ཞིག་ལ་ངེས་པར་དུ་དགོས་པའི་དངོས་པོའི་ཆ་་རྐྱེན་ཞིག་རེད། ཁ་བརྡའི་དྲ་བ་ནི་གཞིས་བྱེས་བོད་མིའི་ཆ་་འཕྲིན་སྐུར་ས། མཛའ་གྲོགས་ཕན་ཚུན་སྙིང་གཏམ་གླེང་ས། རྒྱ་ཕྱི་ནང་གི་སྨྱུག་འཛིན་པ་ཚོས་རང་གི་བསམ་བློའི་རི་མོ་དག་ཕབ་སའི་གཙང་ཤོག་དཀར་པོ་ཞིག་རེད།
དེ་རིང་མི་ནག་མདུང་ཐུང་གིས་གསུངས་པ་ལ་མངོན་པར་བསྟོད་དོ།།
རྟ་ནག་དང་པོ་མ་འགྲོགས་ན། །
རྨིག་བཞི་རྡོ་ལ་བརྡབ་དོན་མེད། །
ཀླུ་རྒྱལ་སྙན་ངག་ནོར་བུ་ལ། །
འགྲན་འདོད་རྟ་ལུད་མ་ཤོར་རམ། །
ཁྱེད་ཀྱི་འབྲི་རྩལ་འདིས་ངའི་ཡིད་རྦད་དེ་འཕྲོགས་སོང་། ད་ལྟ་ངས་༼ཁ་བརྡ་དྲ་ངོས་མྱུལ་བའི་ལོ་ཟླ་འདི་ཚོ་༽ཟེར་བའི་རྩོམ་ཡིག་དེ་བཀླག་རྒྱུར་སྒུག་ཡོད།