(ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ།)
རྩོམ་པ་པོ། མིག་གསུམ་པ།
ཨི
མཐོ་སྒང་གི་མིང་བྱང་ཞིག་ང་ཚོའི་རུས་རྐང་ལ་བཏབ་པའི་ཕྱི་ཉིན
གོ་རིམ་ཞིག་ལ་སྟོབས་ཀྱིས་འཇུས་ཏེ གནས་ལུགས་གསེད་བཀྲོལ་གྱི་རྟོག་པ་ཡུན་གྱིས་རྙེད
དུས་དེ་ནས་བཟུང “སྒྲུང་ལྡེའུ་བོན་གསུམ”གྱི་སྦྲེལ་ཐག་ལ་འཐིམ་པའི་ང་ཚོས
དཔའ་བོ་སྟག་ལྤགས་ཀྱིས་གཡོགས་པའི་ལོ་རྒྱུས་ཀྱི་གླེགས་བམ་ལས
ཆོས་ཉིད་གཉུག་སེམས་ལ་སྨིན་པའི་ལུང་རྟོག་ཀྱི་གངས་རི་བརྒལ་ཚུལ་དེ
རྨུ་ཐག་ཅིག་གི་སྣེ་མོ་ནས་གོ་ལའི་ཉིན་སྲིབ་ལ་ཁ་བ་བཞིན་བབས
ཨུ
དེ་རིང རྟ་དམག་གི་རྨིག་རྗེས་ལས་དཔའ་བོའི་སྙིང་སྟོབས་ལ་སྨོན་པ་ཤོར་བཞིན
མེ་ལོང་ཆེན་པོ་ཞིག་མདུན་དུ་བཞག་སྟེ་ངོ་གདོང་ལ་ལྟ་ཐེངས་རེ་རེར
སྟོན་མཇུག་གི་སྡོང་བུར་འཁྲུལ་བའི་རང་ཉིད་ཀྱི་སྨ་ར་དཀར་པོ་དག
སུ་ཞིག་གི་སེམས་ཁམས་ལ་རྡོག་བརྫིས་བཏང་བའི་ཆབ་སྲིད་ཀྱི་སྐད་ཆ་ཐེད་པོའམ
གང་ཞིག་གི་མདུན་ལམ་ལ་མོག་པོར་བཟོས་པའི་རླངས་པ་སྐྱ་ཆིལ་ཆིལ་དང་འདྲའོ
ཨེ
ཕྱི་མིག་གི་ཀློང་ནས་རྐང་ཚའི་བུ་ཆུང་ཞིག་གི་གཤེགས་ལམ་ལ་བསྙེས་ཏེ
རྒས་གཉེར་དང་ལང་ཚོ་འདྲེས་མའི་སྤྱོད་ཚུལ་དེ་དག་གི་ཁྲོད་དུ
ངག་མི་འཁྲོལ་བའི་མི་བུ་རེ་ཟུང་གི་འཚོ་གནས་མཐོང་དུས
“སྐད་ཆ་ནི་སྙན་ངག་གི་མ་ཡུམ”ཡིན་པའི་བདེན་པ་དེ་འོད་དུ་འཚེར
དེ་ལྟར་བསམ་བཞིན དམྱལ་བའི་གཏིང་རྡོ་ལ་མགོ་བོ་ཡང་ཡང་བསྣུན
ཨོ
དུས་རབས་ཀྱི་གཤོག་ཟུང་མཁའ་མཐའ་ནས་བརྐྱངས་དུས
སྤོབས་པ་དང་ཡིད་ཆེས་ལ་གློ་བ་རྡེག་བཞིན་རྡེག་བཞིན
ཁྱོད་དང་ང ད་དུང་ཁོད་ཡངས་པའི་དབྱར་གཞུང་དེའི་སླད་དུ
འཇིགས་སྐྲག་དམར་པོ་དེའི་འཕྲང་ལམ་ཅིས་ཀྱང་བརྒལ་དགོོས
ཨི་ཨུ་ཨེ་ཨོ་སྒྲ་དབྱངས་ལ། །
ཀ་ཁ་ག་ངའི་གསལ་བྱེད་རྒྱན། །
ལྷ་དང་ལྷ་མོའི་མཆོད་པའི་གཞུང་། །
བརྡ་སྤྲོད་བོད་ཀྱི་ལྷ་སྐལ་ལོ། །