(ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ།)
གཉན་པོ།
ཁྱེད་ལ་མཛེས་སྡུག་གི་ཁ་དོག་མེད་པ་མ་ཡིན་ཏེ
དུད་སྤྲིན་དང་མི་ཚོགས་ཀྱི་ཁ་རླངས
ལུག་ཁྱུ་བཞིན་བར་སྣང་དུ་ཁྱབ་པ་དེས
རྩྭ་ཐང་གི་མི་སེམས་ཡོམ་ཡོམ་དུ་འདར་བར་བྱས
ལྐོག་གྱུར་ལས་ཀྱང་དངོས་ཡོད་མཐོང་དཀའ་བའི་དེ་རིང
ཁྱོད་ཀྱི་ངོ་གདོང་དུ་སུས་ཀྱང་མི་ཚོར་བའི་རི་མོ་འགའ་ཞིག་འདུག
ཐག་རིང་ནས་བལྟས་ཚེ་གྲོང་ཁྱེར་ནི་གཅེར་བུར་ཡོད་པ་མཐོང་ཐུབ་ཅིང
དེ་ཡི་བྲང་གཞུང་དུ་མཛེས་སྡུག་གི་མེ་ཏོག་འགའ་ཞིག་ཀྱང་མངོན་ཡོང
སྙིང་ལ་སྡུག་པའི་རྣམ་འགྱུར་རེ་ཀྱང་མི་སེམས་ཀྱི་མཁའ་དབྱིངས་སུ་སྟོན་ཀྱིན་འདུག
སྲང་ལམ་རེ་རེ་བརྒྱུད་ཅིང་
ཁང་བརྩེགས་དག་གི་བཅོས་མའི་ངོ་གདོང་ལ་ལྟ་དུས
མི་སེམས་ནི་ཁྱེད་ཀྱི་ནམ་མཁའ་བཞིན་རབ་རིབ་ཏུ་གྱུར
མགྲོན་པོ་ཚོ་འཛིན་བྱང་ཉོ་དུས་ཁོ་ནར་ཡང་ཀུ་རེ་ཡིན་པའི་ཁྱེད་ཀྱི་རྨི་ལམ་ལ་ཅེར
སྡོམ་དྲ་ལྟ་བུའི་སྲང་ལམ་གྱི་འགྲུལ་བཞུད་དང
ཚོར་བ་བྲལ་བའི་ཁང་བརྩེགས་ཀྱི་རྔམ་བརྗིད
འགྱིག་དང་ལྕགས་ལས་གྲུབ་པའི་རླངས་འཁོར་གྱི་ལྡིར་སྒྲ་སོགས་ནི
ཁྱེད་ཀྱི་ངོ་གདོང་དུ་གསལ་བའི་མཚོན་པ་ཅན་གྱི་རི་མོ་འགའ་ཞིག་ཡིན་ན་ཡང
དེ་དག་ལ་ཤིན་ཏུ་གསལ་བའི་མུན་པའི་ཚོགས་ཞེས་འབོད་མི་དགོས་ཏེ
ཁྱེད་ཀྱིས་གཡབ་མོ་བྱེད་དོན་རླུང་བུ་ཁོ་ནའི་ཆེད་དུ་མིན་པས་སོ
རང་གི་ལྟག་རྒྱབ་ལྟར་མཐོང་མི་ཐུབ་པ་དེ་ནི་ལྐོག་གྱུར་གྱི་དོན་ཡིན་ན་ཡང
གྲོང་ཁྱེར་གྱི་རྨི་ལམ་ལྟ་བུའི་དངོས་ཡོད་ནི
སུ་ཞིག་གི་ཚོར་བས་ཐག་གཅོད་མི་ནུས
དོན་ངོ་མར་གྲོང་ཁྱེར་གྱིས་འཆད་ཀྱིན་པ་དེ་དག
དངོས་ཡོད་ཉག་ཅིག་ཡིན་ན་ཡང
དེ་ནི་ཤིན་ཏུ་ལྐོག་གྱུར་ཞིག་ཡིན་ཏེ
དེ་ནི་མི་སེམས་ཉོ་བཙོང་གི་སྒོ་མོ་རབ་རིབ་དེ་ཡིན་པས་སོ
གྲོང་ཁྱེར་ན་ཉེན་རྟོག་པ་ཤིན་ཏུ་མང་བ་འདིས
གྲོང་ཁྱེར་བ་རེ་རེར་ཁྲིམས་ལུགས་མེད་པ་གསལ་བོར་མཚོན་ཀྱིན་ཡོད
དོན་དངོས་སུ་གྲོང་ཁྱེར་ནི་མི་མང་བོ་འདུས་སྡོད་བྱས་པའི
སྐད་ཅིག་མའི”ཞིང་ཁམས”ཤིག་ཡིན་པས་ན
སྒྲ་དབྱངས་རུལ་བ་དག་རྩྭ་ཐང་ལ་མ་སྐུར་རོགས
འགྱིག་གི་མེ་ཏོག་ཁོ་ན་བརྩེ་བའི་དྲན་ཤིང་དུ་མ་གནངས་རོགས
གྲོང་ཁྱེར་གྱིས་རང་ཉིད་གྲོང་ཁྱེར་ཙམ་བྱེད་འདོད་ན
བརྩེ་བ་དང་ཉི་འོད་ལ་དུད་སྤྲིན་གྱི་གསེབ་ནས་བཞུད་ལམ་ཕྱེས་ཤིག
འུ་ཚོ་ཆུ་བོ་བཞིན་གནས་ལུགས་མེད་པར་མདུན་དུ་སོང་ཚེ
གྲོང་ཁྱེར་ནི་མིའི་རིགས་ཀྱི་མ་འོངས་པ་མ་ཡིན་པའི་ངེས་པ་ཁྱོན་ནས་མི་འདུག
བྱིས་པ་དག་གི་སེམས་ངོས་སུ
ཡང་ལྰ་དང་གློག་སྒྲོན་ནི་ཉི་འོད་ལས་ཀྱང་གསལ་བོ་ཡོད་རེད
བདག་གིས་ལུང་བསྟན་ལས་ཀྱང་ཟབ་པའི་རྨི་ལམ་ཞིག་བཤད་ན
འཚོ་བ་སྟབས་བདེ་ཡོང་པའི་ཕྱིར་དུ
འུ་ཚོས་ལག་པ་རུམ་ལ་བཅུག་དེ་གྲོང་ཁྱེར་སྙེག་ན་ཐང
བསམ་བློ་ནར་མ་སོན་པའི་སྔ་རོལ་དུ
གྲ་སྒྲིག་གང་ཡང་མེད་པའི་ངང་ནས
མཚན་མོས་འཛུམ་མདངས་སྟོན་དུས་ཤིག་ལ
2011 08 20 ཉིན་སློབ་གྲྭ་ནས་བྲིས།
ཟུར་ཞུ།
འུ་ཚོའི་རྩོམ་ཡིག་གི་ཆུ་ཚད་འདི་ཙམ་ལ་དཔག་སྟེ་བྱ་དགའ་སྟེར་རུང་མིན་དང་
མི་སྒེར་གྱི་མྱིང་སྟེང་ནས་སྤྲད་པར་མི་འཐད་པའི་ཚུལ་སོགས་ང་བོ་མཐོང་རྒྱུ་འདུག་རུང་།
སྤྱིར་རྩོམ་ཡིག་འབྲི་བ་ནི་བྱ་དགའ་དང་སྒོར་མོའི་ཆེད་དུ་གང་ནས་ཡིན་འོས་མོད་ཐེངས་འདིའི་འགྲན་རྩོམ་གྱི་ལས་འགུལ་འདི་ཡང་
རྩོམ་པ་པོ་ཀླུ་སྨྱོན་ལགས་ཀྱི་སྤྱི་ཚོགས་བྱ་འགུལ་ཞིག་ཡིན་པའི་ཆ་ནས་ངོས་ལེན་མི་ཐུབ་པ་ཞིག་མིན་པ་འདྲ།
བདག་གི་རྩོམ་ཡིག་འདི་ནི་དེང་སྐབས་རང་གིས་སྙན་ངག་གསར་བའི་ཕྱོགས་སུ་ཚོད་ལྟ་འམ་ཡང་ན་ལམ་ཞིག་འཚོལ་བཞིན་པའི་
ནང་གི་གསར་ཤས་ཤིག་ཡིན་པས་སྙན་ངག་གསར་བ་འདི་ལ་གདེངས་འཇོག་གམ་ངོས་འཛིན་ཅི་ཡོད་ཤེས་འདོད་ཆེ་བས་
ཐེངས་འདིའི་འགྲན་རྩོམ་གྲས་སུ་སྐུར་བ་ཡིན། གཉན་པོ་ནས།
གཉན་པོ་ལགས།
ཡག་པོ་བྲིས་འདུག་བསམ་ཐལ།
…… སྤྱན་ཆབ་ཀྱིས།