སྙན་བཟང་གཡུང་དྲུང་ཚེ་རིང་།
————-
གཅིག
སྐྱ་རེངས་དང་པོའི་དུས་དེར་ང་གཉིད་ལས་སད་བྱུང་། མདང་དགོང་གི་འབྲུག་གི་ངར་སྐད་དང་། གནམ་ལྕགས་ཀྱི་ཐོག་མདའ། ཆར་བའི་ཤག་སྒྲས་ལྷ་སའི་གནམ་ས་ཧྲིལ་བོར་སྒྲ་ཆེན་གྱིས་འགེངས་པར་བྱས་པའི་རྐྱེན་དེས་ཡིན་ནམ། མདང་ནུབ་མགོ་བོ་སྔས་མགོར་བཞག་སྟེ་སྒེའུ་ཁུང་ཕྱི་རོལ་གྱི་གློག་ཞགས་ལ་ལྟ་བཞིན་དེ་རིང་གི་དུས་ཆེན་ལ་བསམ་བློ་བཏང་བ་མང་དྲགས་པ་གང་ཡིན་ཆ་མ་འཚལ་མོད། མལ་ཁྲིའི་སྟེང་ནས་ཡར་ལངས་སྐབས་སེམས་ཁམས་མི་བདེ་བའི་བློ་ཞིག་བར་མེད་དུ་ལྡིང་བར་བྱེད། རྨི་ལམ་ཡག་པོ་འདྲ་བཏང་མ་བཏང་ཀྱང་ང་ལ་གསལ་བོ་ཞིག་བཤད་རྒྱུ་མི་འདུག ནམ་རྒྱུན་ལྟར་ཁྲུས་ཁང་དུ་སོང་ནས་སོ་བཀྲུས་པ་དང་། ཁྲུས་ཤིག་བརྒྱབ་སྟེ་ཐབ་ཚང་དུ་སོང་ནས་ཁྲག་ཤེད་ལ་ཕན་པའི་རིན་ཆེན་དགུ་སྦྱོར་གྱི་རིལ་བུ་གསུམ་བཏུངས་རྗེས། སྒེའུ་ཁུང་ཕྱེ་ནས་ཕྱི་ལོགས་སུ་རྒྱང་ལྟ་བྱས། ལྷ་སའི་ཤར་ཕྱོགས་ཀྱི་རི་ངོས་སུ་གསར་དུ་བཙུགས་པའི་ལྗོན་ཤིང་དག་གི་གདོང་ལ་ལྗང་མདོག་རྒྱས་ཤིང་། གཙུག་ལག་ཁང་གི་སྒོ་ཆེན་ྐླད་ཀྱི་རི་དྭགས་ཆོས་འཁོར་གྱི་གཡུང་དྭགས་ཕོ་མོ་དེ་གཉིས་ལྷོད་ལ་བབས་ནས་མཆོང་རྩིས་བྱེད་པ་དང་འདྲ། པོ་ཏ་ལའི་མདུན་དུ་བསྒྲེངས་པའི་རྒྱལ་དར་ཕར་གཡོ་ཚུར་གཡོ་བྱེད་ཅིང་། འོད་སྣང་སྤྲོ་བའི་ཉི་མ་གཞོན་ནུའང་ཤར་རིའི་རྩེ་ནས་འཕགས་བྱུང་བ་དང་ཆབས་ཅིག སྤོས་དྲི་ཞིམ་པོ་ཞིག་བསིལ་འཇམ་རླུང་གིས་འཁྱེར་འོངས་ཏེ་ངའི་རྣ་ལམ་དུ་མནམས་བྱུང་།
དེ་རིང་ནི་ཕྱི་ལོ་༢༠༧༠ལོའི་ཟླ་༦པའི་ཚེས་༡༥ཡིན་པ་དང་། བོད་རང་བཙན་ཐོབ་ནས་ལོ་འཁོར་ཉཱི་ཤུ་འཁོར་བའི་དུས་ཆེན་རེད། ངས་དམིགས་བསལ་ཅན་དུ་གྱུར་པའི་འདིར་བསམ་བློ་གཏོང་བཞིན་སེམས་སྐྱིད་ཅིང་། བློ་བདེ་བའི་ཚོར་བ་ཞིག་སྐྱེས་བྱུང་། བཟའ་ཟླ་དང་མཉམ་དུ་ཞོགས་ཇ་འཐུང་བཞིན་སྔོན་ཆད་བཙན་བྱོལ་དུ་ངོ་ཤེས་པའི་གྲོགས་པོ་རྙིང་བ་འགའ་དོ་ནུབ་དགོང་ཟས་ལ་སྐད་བཏང་ཡོད་པ་ལས་འཕྲོས་ཏེ་ཁ་བརྡ་ཉུང་ཙམ་བྱས་རྗེས། བྲེལ་སྟབས་ཀྱིས་ཡུན་རིང་གྱོན་མ་མྱོང་བའི་འཕྱོར་ལྭ་དེ་གྱོན་ནས་སྒོར་བུད། ལམ་འགྲམ་གཡས་གཡོན་གྱི་ལྗོན་པ་དག་གི་སྟེང་དུ། བོད་ཀྱི་རྒྱལ་དར་གྱིས་གཙོས་པའི་རྒྱ་དཀར་ནག་དང་། མཉམ་འབྲེལ་རྒྱལ་ཚོགས། ཡུ་རོབ་མནའ་འབྲེལ་མཐུན་ཚོགས་ཀྱི་རྒྱལ་དར་སོགས་དཔྱངས་འདུག རིན་པོ་ཆེའི་དར་ཟབ་ཀྱི་གོས་ཆེན་སྣ་ཚོགས་ཀྱི་སྟེང་དུ་བོད་རང་བཙན་ཐོབ་པའི་ཉིན་མོ་ཞེས་པའི་མ་བྲིས་རང་བྱོན་གྱི་གསེར་འོད་དངུལ་འོད་འཕྲོ་བའི་ཡིག་འབྲུ་མང་བོ་འོད་ཆེམ་ཆེམ་བྱེད་པས་བལྟ་བས་ཆོག་མི་ཤེས་པའི་ཚུལ་དུ་འདའ། དེ་རིང་འཕྲུལ་ཆས་ཀྱི་རིགས་སུ་གྱུར་པའི་རླངས་འཁོར་སོགས་གཞུང་ལམ་དང་སྲང་ལམ་དུ་མཐོང་རྒྱུ་མེད་ནའང་། གང་ས་གང་དུ་སྐད་རིགས་སྣ་ཚོགས་གཞི་གཅིག་ཏུ་འདྲེས་པའི་སྒྲ་ཆེན་པོ་ཞིག་བར་མེད་དུ་གྲག་པར་བྱེད། ྐླུ་ཁང་གཞུང་ལམ་གྱི་སྟེང་དུ་མི་ཚོགས་ཇེ་མང་ནས་ཇེ་མང་དུ་གྱུར་ཅིང་། མི་རྣམས་སྐོར་ཚོ་དང་སྐོར་ཚོ་བྱས་ཏེ་པོ་ཏ་ལའི་རྒྱབ་ཏུ་ཡོད་པའི་གངས་ཅན་སྲིད་སྐྱོང་ལས་ཁུངས་ཀྱི་ཕྱོགས་སུ་བསྐྱོད་པ་མཐོང་བས། བདག་ལའང་དགའ་སྤྲོ་ཚད་མེད་ཅིག་སྐྱེས་ཏེ་མི་ཚོགས་ཀྱི་གསེང་དུ་འཛུལ།
སྲིད་སྐྱོང་ལས་ཁུངས་ནི་གྲྭ་བཞི་བཙོན་ཁང་གི་ཤུལ་དུ་ཆགས་ཡོད་ཅིང་། བཟོ་དབྱིབས་ནི་ཡུམ་བུ་བླ་སྒང་ལྟར་བཞེངས་འདུག སྒོ་ཆེན་ནི་ནུབ་ཕྱོགས་སུ་བསྟན་ནས་ཡོད་པ་དང་། ལས་ཁུངས་ཀྱི་རྩེ་ནས་ཤར་ལྷོའི་ཕྱོགས་སུ་བལྟས་ན་བོད་ཀྱི་ཁྲིམས་བཟོ་ལྷན་ཁང་ཤེལ་གྱི་རྒྱང་མཐོང་དུ་བླངས་པ་ལྟར་གསལ་བོར་མཐོང་ཐུབ་པར་གྲགས། སྲིད་སྐྱོང་ལས་ཁུངས་ཀྱི་གཡས་ཕྱོགས་སུ་བོད་ཀྱི་གྲོས་ཚོགས་གོང་འོག་གཉིས་ཀྱི་ལས་ཁུངས་ཡོད་ཅིང་། དེ་ནི་ཕོ་བྲང་དཀར་པོ་ལྟར་རྩིག་པས་རྨང་བཏིངས་ཤིང་བཞེངས་པའི་ཕྱི་ངོས་སུ་ཁ་དོག་དཀར་དམར་གྱི་ཚོག་རྩི་བྱུགས་ཡོད་པ་དང་། སྒོ་དང་སྒེའུ་ཁུང་གི་དྲ་བ་དྲ་ཕྱེད་ཚང་མ་གསེར་ཚོན་གྱིས་བརྒྱན་པར་བྱས་འདུག གཡོན་ཕྱོགས་སུ་གཞུང་ཞབས་ཆེ་ཕྲ་ཀུན་གྱི་ལུས་ཁུངས་ཡོད་ཅིང་། དེ་ནི་རྒྱ་གར་གྱི་གྲོས་ཚོགས་ལྟར་དབྱིབས་ཟླུམ་གོར་གྱིས་བཞེངས་དགོས་དོན་ནི་རྒྱ་གར་གྱི་གཞུང་དང་མི་དམངས་ཀྱི་བཀའ་དྲིན་མཚོན་བྱེད་ཡིན་ཟེར། ད་ལོར་རྒྱལ་དབང་སྐུ་ཕྲེང་བཅོ་ལྔ་བ་དང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྣམ་པ་གཉིས་ཕེབས་མེད་པར་མ་ཟད། གྲྭ་བཙུན་གྱི་རིགས་ཀྱང་ཧ་ཅང་ཉུང་ཉུང་ཡིན་སྟབས། ཆོས་སྲིད་ཁ་ཁར་ཕྱིན་པའི་ཉམས་སྣང་གསལ་བོར་མཐོང་ཐུབ་པ་ཞིག་རེད། ཡིན་ནའང་། གཞུང་གི་མཛད་སྒོའི་སྟེང་དུ་རྒྱ་དཀར་ནག་གིས་མཚོན་པའི་སོག་པོ་དང་། འབྲས་ལྗོངས་ལྟ་བུའི་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་འཐུས་མི་ཕེབས་ཤིང་། མི་དམངས་ཀྱི་ཁྲོད་དུའང་རྒྱལ་ཁབ་གང་ཡིན་མིན་མི་ཤེས་པའི་མི་རིགས་སྣ་ཚོགས་ཡོད་པར་མ་ཟད། ཨ་ཧྥི་རི་ཀའི་མི་ནག་པོའང་ཤིན་ཏུ་འབོགས་སྟབས། དེ་རིང་གི་ལྷ་ས་ནི་ཨ་རིའི་གྲོང་ཁྱེར་ཉིག་ཡོར་དང་ཨ་ན་མ་ན་རེད།
ངས་སྲིད་སྐྱོང་ལས་ཁུངས་ཀྱི་གཟི་བརྗིད་དང་། མི་ཚོགས་ཀྱི་རྦ་རླབས་ལ་ལྟ་བཞིན་པའི་དུས་
འདིར། བོད་ཀྱི་རྒྱལ་གླུ་གཏོང་འགོ་ཚུགས་བྱུང་། ‘‘བཙན་པོས་རྒྱལ་ཁབ་བཞེངས། བླ་མས་རྒྱལ་ཁབ་བསྐྱངས། ་་་་་’’རྒྱལ་གླུ་གསར་པ་འདི་བཏང་ཚར་རྗེས། སྲིད་སྐྱོང་དོན་གྲུབ་ཚེ་རིང་གིས་བོད་རྒྱ་ནག་གིས་དབང་སྒྱུར་བྱས་ཏེ་མི་ལོ་བརྒྱད་ཅུ་འགོར་ནའང་། རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བའི་ལམ་དབུ་མར་བརྟེན་ནས་བོད་རང་སྐྱོང་ཐོབ་པ་དང་། ཕྱིས་སུ་རྒྱ་ནག་དམངས་གཙོ་ཅན་དུ་གྱུར་པའི་འབྲས་རྟགས་སུ་བོད་རང་བཙན་ཐོབ་པའི་གསུང་བཤད་འདི་གནང་སྐབས། གློ་བུར་དུ། ངའི་སྣང་བ་ཞིག་ལ། ག་ཤེད་ཅིག་ཏུ་གྲོགས་པོ་ཞིག་གིས་ང་ལ་སྒུག་བསྡད་ཡོད་པ་དང་། ཁོང་གིས་‘‘སྙན་བཟང་’’ཞེས་ངའི་མིང་ནས་འབོད་པའི་སྐད་སྒྲ་ཞིག་རྣ་ལམ་དུ་གྲག་གིན་འདུག ངས་རྣམ་རིག་བསྒྲིམས་ཏེ་ཉན་པ་ན། གྲོགས་པོ་དེའི་སྐད་ནི་ཆ་མེད་རྒྱུས་མེད་ཅིག་རེད། ངའི་མིག་ལམ་དུ་གྲོགས་པོ་དེའི་ལུས་ཀྱི་ཆ་བྱད་དང་གདོང་གི་རྣམ་འགྱུར་གྱི་ཆ་ཕྲ་མོ་རེ་རེ་སྐབས་རེར་རབ་རིབ་ཏུ་སྣང་ཞིང་། མཚམས་རེར་མི་སྣང་བའི་ཚུལ་དུ་བྱེད་པ་དང་དུས་མཚུངས་སུ། ངའི་སྙིང་ལྟིག་ལྟིག་ཏུ་ལྡིང་བྱུང་།
བསམ་བློ་ཅི་ལྟར་བཏང་ཀྱང་། ངའི་སེམས་ནི་བླང་བློང་པོར་གྱུར་པས། དེ་རིང་གི་གཏམ་བཤད་ཁག་དང་། གླུ་གར་གྱི་རྩེད་འཇོ་ལ་རོལ་བའི་རེ་བ་ནི་ཕྲ་ཙམ་གདའ། འདི་ནི་ཁྲད་ཤེད་ཀྱི་སྐྱོན་ཞིག་ཡིན་པ་དང་། ཡང་མིན་ན་འཆི་བའི་སྔོན་བརྡ་བཏང་བ་རེད་སྙམ་སྟེ། སྙིང་གི་འཕར་ལྡིང་ནི་ཇེ་ཆེར་གྱུར་པ་དང་། བློ་ཡི་འཕར་རྩལ་ཀྱང་ཇེ་དྲག་ཏུ་གྱུར་པས། ང་ཁ་ཕྱིར་འཁོར་ནས་ཁྱིམ་དུ་ལོག་འགོ་བརྩམས་པ་ཡིན།
གཉིས།
ང་རྒྱ་སྟག་རྭ་མོ་ཆེའི་མདུན་དུ་བསླེབས་སྐབས། རྟ་མཆོག་ཇ་ཁང་གི་སྒོའི་ཕྱི་ལོགས་ཀྱི་རྡོ་སྐས་སྟེང་དུ་རྒད་པོ་ཞིག་གིས་རྭ་རྩེ་ཞིག་ལག་ཏུ་བཟུང་སྟེ་དུ་བ་སྔོ་ལྷོག་ལྷོག་ཏུ་འཐེན་པ་དང་། ང་ལ་ལྟ་བཞིན་གད་མོ་དགོད་ཅིང་། ཅི་ཞིག་ཤོད་འདོད་ཀྱི་ལག་བརྡ་བྱེད་སྟངས་ལ་བལྟས་ན། མི་དེ་ནི་སྔོན་དེར་ངའི་སྣང་ཡུལ་དུ་ཤར་འོངས་པའི་མི་དེ་ཡིན་པ་ནི་ཁོ་ཐག་རེད། ངས་རྒད་པོ་འདི་སུ་ཡིན་ནམ་སྙམ་བཞིན་ཁོང་ལ་བལྟས་པ་ན། ཁོང་གིས་སྣམ་བུ་དམར་ཚོས་ཤིག་དང་། འོག་འཇུག་སེར་པོ་ཞིག་གྱོན་འདུག གཟུགས་གཞི་སྐམ་ཞིང་ཉམ་ཆུང་བ་དང་། དཔྲལ་བའི་ངོས་སུ་རྒས་པའི་རི་མོ་མང་བོ་ཤར་ཤུར་དུ་བབས་ཤིང་། སྐྲ་ལོ་དང་སྨྲ་ར་དཀར་པོར་གྱུར་པའི་ཚུལ་དེས་གཞོན་དུས་ཀྱི་ལང་ཚོ་ཐམས་ཅད་ཟིལ་གྱིས་མནན་འདུག་ལ། ངོ་མདོག་ནག་ཅིང་བཞིན་རས་ལ་འབྲུམ་རྗེས་མང་བོ་ཡོད་པ་བལྟས་པ་ཙམ་གྱིས་མཐོང་ཐུབ། མིག་སྤུ་དཀར་པོ་གྱེན་དུ་གཟེངས་པའི་འོག་གི་མིག་གཉིས་ནི་རི་དྭགས་སྐྲག་བྱེད་ཀྱི་མིག་ལྟར་རྣོ་ཞིང་མདངས་གསལ་བར་མ་ཟད། རྣམ་རིག་བཀྲ་ཞིང་གྲུང་ཤ་དོད་པའི་ཉམས་འགྱུར་ནི་ཧ་ལས་པ་ཞིག་རེད། ངས་རྒད་པོ་འདིར་ཇི་འདྲའི་སྐྱེས་སྟོབས་ཀྱི་ཤེས་རབ་ཅིག་དང་། ཇི་འདྲའི་ཞི་དུལ་གྱི་ཉམས་འགྱུར་ཡོད་ཨང་སྙམ་པའི་དུས་དེར། ཁོང་གི་གདོང་ལ་སླར་ཡང་འཛུམ་ཞིག་ལངས་ཏེ་‘‘གསར་བུ། ངས་ཁྱོད་ལ་སྒུག་བསྡད་ཡོད་’’ཅེས་སྐད་སྦོམ་ཞིང་གདངས་གསལ་བ་ཞིག་གིས་དེ་ལྟར་བཤད། དེ་མ་ཐག་ཁོང་གིས་ངའི་རྣམ་འགྱུར་ལ་སླར་ཡང་ལྟ་ཙམ་ཞིག་བྱས་རྗེས་‘‘ཁྱོད་ཀྱིས་ངའི་ཕ་གཞིས་བྐླགས་བྐླགས་ནས་ད་སྤྲང་རྒན་ང་བརྗེད་འདུག་གཱ་’’ཟེར། ངས་ཅི་ལྟར་རིག་པ་བསྒྲིམས་ནའང་ཤེས་པའི་རེ་བ་ནི་ཡོངས་སུ་བྲལ། ཨ་ཡ་མཚན། རྒད་པོ་འདིས་ང་དང་ངས་ཁོང་གི་བརྩམས་ཆོས་བྐླགས་པ་ཇི་ལྟར་ཤེས་པ་ཡིན་ནམ། མདོ་དབུས་ཁམས་གསུམ་གྱི་དཔེ་ཆ་བ་ཚོའི་དཔེ་ཆ་འདི་མ་བྐླགས་དང་། དཔེ་ཆ་བ་འདི་ངོ་མི་ཤེས་མཁན་གཅིག་ཀྱང་མེད། སྐབས་དེར་ངས་ཁོང་ལ་ཁམས་འདྲི་བྱེད་རྒྱུའང་བརྗེད་པར་གྱུར་ནས་སླར་ཡང་བསམ་བློ་ཞིག་གཏོང་སྐབས། བརྩམས་ཆོས་ལ་‘‘ཕ་གཞིས་’’ཞེས་པའི་ཚིག་འདིས། སྔོན་ཆད་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཁོང་གི་སློབ་མ་ཧོར་ཁང་བསོད་ནམས་དཔལ་འབར་ལ་‘‘ངའི་ཕ་གཞིས་འདི་ཁྱོད་ཀྱིས་ཉར་དགོས་’’ཞེས་གསུང་རྩོམ་ལྷག་འཕྲོ་རྣམས་གནང་བ་དེ་དྲན་གསོ་ཐེབས་སུ་བཅུག་ནའང་། དགེ་ཆོས་ནི་མི་ལོ་བརྒྱ་ཟིན་མ་ཟིན་གྱི་གོང་དུ་སྐུ་གཤེགས་པ་མིན་ནམ་སྙམ་བཞིན་ཁོང་དགོད་ཅིག་ཤོར། ཡ་མཚན་པ་ཞིག་ལ། སྐབས་དེར་ང་ལ་མིག་འཕྲུལ་ལྟ་བུ་ཞིག་བྱུང་སྟེ། རྒད་པོ་དེ་ནི་སྐབས་རེར་ཆ་རྒྱུས་ཡོད་པ་དང་མཚམས་རེར་ཆ་རྒྱུས་མེད་པའི་སྣང་བ་ཡ་མཚན་ཞིག་སྐྱེས། སྐབས་དེར་‘‘ང་དགེ་འདུན་ཆོས་འཕེལ་ཡིན། ཁྱོད་ཀྱིས་ཅུང་ཙམ་མིན་ན་ཤེས་ཐལ་’’ཞེས་པའི་སྐད་འདི་ངའི་རྣ་ལམ་དུ་གྲགས་བྱུང་། ངས་རྣ་བས་སྐད་འདི་ལོག་པར་ཐོས་པ་རེད་སྙམ་ནས་མྱུར་མོར་ཡར་ལྟ་མར་ལྟ་ཞིག་བྱས་ནའང་ངེད་གཉིས་ཀྱི་ཐག་ཉེ་ན་མི་གཅིག་ཀྱང་མི་འདུག་པས། ངའི་སེམས་ལ་གློ་བུར་དུ་དངངས་སྐྲག་ཅིག་སྐྱེས་པ་དང་། མགོ་ཡི་སྐྲ་ཐར་ཐོར་དག་ཀྱང་སྡེབས་གཅིག་ལ་གྱེན་དུ་ཕྱོགས་པའི་སྣང་བ་ཞིག་བྱུང་།
‘‘ཁྱོད། ཁྱོད། དགེ་འདུན་ཆོས་འཕེལ་ཡིན་ནམ།’’ངའི་ཁ་ནས་དབང་མེད་དུ་དངངས་སྐྲག་དང་མཉམ་དུ་ཚིག་འདི་འདྲ་ཞིག་ཤོར་བ་དང་། ཁོང་གིས་ཀྱང་ཡིན་པའི་བརྡ་ལ་མགོ་གུག་གུག་ཅིག་བྱས་སོང་བས། ང་རང་བླ་འཁྱམས་ཤིང་ཧོན་འཐོར་བ་དང་། སེམས་ལ་འཇིགས་སྐྲག་གི་ཚོར་སྣང་གཏིང་ཟབ་པོ་ཞིག་སྐྱེས་ཏེ་ཁ་ཕྱིར་འཁོར་ནས་འབྲོ་རྩིས་བྱེད་སྐབས། གློ་བུར་དུ། སེམས་ལ་ང་སྟོད་རྒྱ་གར། སྨད་རྒྱ་ནག ཤར་ཡུ་རོབ། བྱང་ཨ་རི་སོགས་ལ་འཁྱམས་ནས་ད་བར་དུ་དོན་རྐྱེན་འདི་ལྟ་བུ་ཞིག་ལ་འཕྲད་མ་མྱོང་ནའང་། ཤ་རྒྱས་ཁྲག་དར་གྱི་གསར་བུ་ང་ལྟ་བུ་ཞིག་རྒས་ཤིང་འཁོགས་པའི་རྒད་པོ་ཞིག་ལ་དེ་འདྲའི་ཞེད་དགོས་དོན་ག་ལ་ཡོད་སྙམ་སྟེ། ངས་ཁོང་ལ་ལག་འཇུ་ཞིག་བྱས་པ་ཡིན། ཨ། ང་ནི་སྨུགས་ཞགས་ཁྲོད་ཀྱི་གསར་བུ་མགོ་འཁོར་ཞིག་རེད་ཨང་། ཁོང་ནི་རྒྱལ་ཁམས་རིགས་པས་བསྐོར་བའི་དཔའ་བོ་དགེ་འདུན་ཆོས་འཕེལ་རེད། གཏམ་རྒྱུད་གསེར་ཐང་བརྡལ་བའི་ངྷི་ཚ་སྐམ་པོ་རེད། སྐུ་དྲག་སྒོ་ཆེན་མྱུལ་བའི་མཚོ་སྣ་བ་སུར་པན་འཚོང་མཁན་རེད། སྐབས་དེར་ང་རང་སྐྲག་པའི་སྣང་བ་ནི་རི་མགོའི་སྨུགས་པ་བཞིན་སངས་པ་དང་མཉམ་དུ། དད་པ་དང་གདུང་ཚོར་དྲག་པོ་ཞིག་དུས་གཅིག་ཏུ་སྐྱེས་ཏེ་མགྲིན་པ་བརྣངས་པ་དང་། སེམས་སྨྲེང་བ་ལ་ཚོད་མེད་པ་ཞིག་བྱུང་སྟེ་ངུ་འགོ་ཚུགས། དུས་ཡུན་ཅི་ཙམ་འགོར་བའང་མ་ཤེས་མོད། སྐབས་ཤིག་ཁོང་གིས་‘‘ད་མ་ངུ་། ཁ་བརྡ་རིམ་གྱིས་བྱེད་ཆོག་’’ཅེས་གསུང་བཞིན་ཕྱག་གཡས་པས་ངའི་མགོ་ལ་བྱིལ་བྱིལ་མཛད་བྱུང་།
སྐབས་དེར། ངའི་སེམས་ལ་འདི་ནི་རྨི་ལམ་ཡིན་ནམ། དགེ་ཆོས་ཀྱིས་རྫུ་འཕྲུལ་བསྟན་པ་ཡིན། རྨི་ལམ་ཡིན་པའི་དཔང་རྟགས་ནི་ང་ལ་སྟོན་རྒྱུ་མེད་ལ། དགེ་ཆོས་ལ་རྫུ་འཕྲུལ་མངའ་བའི་ལོ་རྒྱུས་ཀྱང་ཁོང་གི་རྣམ་ཐར་ཁག་ཏུ་མཇལ་དུ་མེད། ཡིན་ནའང་དགེ་ཆོས་ཀྱིས་ང་རང་ཅི་ལྟར་མཁྱེན་པ་ཡིན་ནམ། ཁོང་གིས་ང་ལ་སྒུག་དགོས་པའི་དོན་དག་ཅི་ཞིག་ཡོད་པ་ཡིན་ནམ། ལྐོག་ཏུ་གྱུར་པའི་གསང་བ་རེ་རེ་ནི་ངའི་སེམས་ལ་སྤུངས་པ་དང་། དེ་དག་ལ་ངས་ལན་དཔོག་ཅིང་འདང་བརྒྱབ་ན་ལན་ཀྱང་འདེབས་ཐུབ་རྒྱུ་མ་རེད།
ངས་དགེ་ཆོས་ཀྱི་ཞལ་ལ་མིག་ཧྲིག་ཧྲིག་གིས་ལྟ་བཞིན་པ་མཐོང་ནས། ཁོང་གིས་དབུགས་རིང་ཞིག་འཐེན་ནས་‘‘ཁྱོད་དང་ཐུག་པར་དགའ་པོ་བྱུང་། དེ་རིང་ནི་བོད་རང་བཙན་གྱི་ཉིན་མོ་རེད། སྔོན་ཆད་ཆོས་སྲིད་ཁ་ཁར་ཡིན་ཟེར་བཞིན་དུ་ཆོས་སྲིད་གཉིས་སྐུད་པ་གཅིག་གི་སྟེང་ནས་ཕྱིན་པ་རེད། ད་ལོ་ནས་དམངས་གཙོ་ཀ་བ་གསུམ་གྱིས་གཙོས་པའི་ཁྲིམས་བཟོ་ལྷན་ཁང་དང་། གཞུང་ཞབས་པ་ཚོའི་ནང་དུ་སེར་མོ་བའི་རིགས་ཕེབས་མི་ཆོག་པ་བཟོས་པ་རེད། ཤིན་ཏུ་ཡག་པོ་རེད། འདི་ལྟ་བུ་ཞིག་ངས་སྔོན་ཆད་ནས་བསམ་བློའི་ནང་དུ་འཁོར་ཡོད། ང་མི་ནུས་མེད་ཡིན་སྟབས་མ་བྱུང་བ་རེད་’’གསུངས་མ་ཐག ཁོང་གིས་གནམ་ལ་ཕྱག་མཛུབ་ཀེར་ནས་‘‘བྱ་རྒོད་གན་ལ་ལྟོས་དང་’’ཟེར། བྱ་རྒོད་ཅིག་གིས་འདབ་གཤོག་ལན་གསུམ་སྤྲུགས་ཏེ་ཞི་དུལ་གྱིས་འཕུར་ཞིང་། གཤོག་པ་ལེབ་མོས་སྤྲིན་དཀར་པོ་ཞིག་ལ་ལན་འགར་བརྡབས་ཏེ་གནམ་འཕང་བསྟོད་ཀྱིན་འདུག ‘‘བྱ་རྒོད་གན་སྲོང་བཙན་སྒམ་པོའི་རྣམ་སྤྲུལ་རེད། དེ་རིང་སྲོང་བཙན་གྱི་ཐུགས་དྭངས་འདུག’’འདི་ནི་དགེ་ཆོས་ཀྱི་གསུང་སྐད་རེད།
ང་དགེ་ཆོས་དང་མཉམ་དུ་ཐོན་མི་སྲང་ལམ་དུ་འགྲོ་བཞིན་ཡོད། སྐབས་ཤིག་ཁོང་གིས་སྐུ་འཁྲེང་བའི་རྣམ་འགྱུར་དང་ཐུགས་ཞུམ་པའི་ཉམས་འགྱུར་གྱིས་ལག་པ་གཡས་ཕྱོགས་ཀྱི་བོད་གཞུང་ཁ་གཏད་ཚོགས་པའི་ལས་ཁུངས་ལ་གཟིགས་ཏེ་‘‘འདི་སྔོན་ཆད་གཉེར་ཚང་ལས་ཁུངས་རེད། སྐབས་དེར་བཙོན་ཁང་ཀྱང་རེད། ངས་རྟ་ལྕག་གཟེད་སའི་ཤུལ་ཀྱང་འདི་ཡིན་པ་རེད། བཙོན་ཁང་འདི་ནས་ངས་འཕགས་མ་རྗེ་བཙུན་སྒྲོལ་མར་གདུང་ཤུགས་དྲག་པོས་གསོལ་བ་འདེབས་བཞིན་རྒྱལ་རབས་དེབ་ཐེར་དཀར་པོའི་མཇུག་སྐྱོང་དགོས་པའི་བསམ་པ་ཡོད་དེ། ཕྱི་ནང་གི་བར་ཆད་རབ་དང་རིམ་པ་ངའི་མགོ་ཐོག་ཏུ་ཡོང་ནས་མ་གྲུབ་པ་རེད་’’གསུངས་བྱུང་། ཁོང་གི་གསུང་ལ་སྐྱོ་བའི་དབྱངས་དང་། འབྲེག་པའི་མདངས་ཤིག་ཀྱང་འདྲེས་འདུག སླར་ཡང་ཡི་ཤེས་ཀྱི་སྤྱན་གཉིས་ཀྱིས་ལུས་ཁུངས་དེར་དར་ཙམ་ཞིག་གཟུགས་ཏེ་སྨྲ་བཅད་སོང་།
ང་རང་དགེ་ཆོས་ཀྱི་སྐུ་ཚེའི་ལོ་རྒྱུས་ལ་གསལ་ཆ་ཅུང་ཙམ་ཡོད་སྟབས། གློ་བུར་དུ། ངས་སྔོན་ཆད་ཁོང་གི་བྱས་ཉེས་སུ་བགྲངས་པའི་དངུལ་ལོར་རྫུན་མ་དང་། བོད་སྡོད་སྐུ་ཚབ་དབྱིན་ཇི་བ་ཞིག་དང་ཁོང་ཚོ་སྐོར་ཞིག་གིས་བོད་དམངས་གཙོ་ཅན་དུ་བསྒྱུར་བར་ཕྱག་ལས་མཛད་ཡོད་མེད་ཀྱི་ལོ་རྒྱུས་དེར་བསམ་བློ་ཞིག་གཏོང་རྩིས་བྱེད་སྐབས། དགེ་ཆོས་ཀྱིས་‘‘སྐབས་དེར་ངས་དངུལ་ལོར་རྫུན་མ་བཟོས་མེད། སྦོམ་མདའ་རབ་དགའ་ཁོང་རི་མོ་ལ་ཐུགས་མཉེས་པོ་ཡོད་སྟབས། ངས་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐབས་ཀྱི་དངུལ་ལོར་དེ་དང་ཆ་འདྲ་བ་མང་བོ་ཞིག་ཤོག་ངོས་སུ་བྲིས་ཏེ་བཞག་ཡོད། དམིགས་ཡུལ་གཞན་ཅི་ཡང་མེད་’’ཅེས་དང་། སླར་ཡང་‘‘བོད་དམངས་གཙོ་ཅན་དུ་བསྒྱུར་འདོད་ཀྱི་སྐད་ཆ་ཞིག་ཡོད་པ་རེད། དེ་བདེན་པ་མ་རེད། ཉིན་ཞིག་ལུང་ཤར་བ་དབྱིན་ཇིའི་རྒྱལ་ཁབ་ནས་ཚུར་འོངས་སྐབས། སྐབས་དེའི་སྐུ་དྲག་ཁ་ཤས་དང་ང་ཚོའི་དབར་ལ་གླེང་མོལ་ཞིག་བྱུང་སྟེ་ལུང་ཤར་བས་དམངས་གཙོའི་དགེ་མཚན་མང་བོ་གླེང་བ་རེད། ཆོས་སྲིད་ཁ་ཁར་ཕྱིན་པ་དང་མཉམ་དུ་བོད་དུ་དམངས་གཙོའི་ཅན་དུ་འགྱུར་པ་ལ་རེ་བ་ཞིག་བྱུང་བ་རེད་མ་གཏོགས། དམངས་གཙོ་ཅན་དུ་བསྒྱུར་རྒྱུའི་འཆར་གཞི་བཏང་ཡོད་པ་མ་རེད་’’ཅེས་གསུངས་སོང་། ངའི་སེམས་ལ་དེ་རིང་དགེ་ཆོས་མཆོག་དང་མཇལ་ཐུབ་པ་འདི་ནི་རང་གི་བགོ་སྐལ་དང་། སྔོན་བསགས་ཀྱི་ལས་དབང་རེད་སྙམ་ནས་སླར་ཡང་མིག་ལ་མཆི་མ་འཁྲིག་པ་དང་ལུས་ཀྱི་བ་སྤུ་གཡོ་བའི་དད་པ་ཞིག་སྐྱེས་པ་དང་། ཡིད་དུ་འཁྱུག་པའི་སྤྲོ་སྣང་གི་བདེ་བ་ནི་དངོས་གནས་བརྗོད་དཀའ་བ་ཞིག་རེད།
སྡེ་སྲིད་ལམ་ཆེན་གྱི་མདོ་རུ་ཡོད་པའི་དགེ་ཆོས་དཔེ་མཛོད་ཁང་གི་བཟོ་དབྱིབས་ནི་འཕྲེད་དུ་
བལྟས་ན། གཡུང་དྲུང་གི་གཟུགས་སུ་བྱས་ཡོད་ནའང་། སྐབས་འགར་རྡོ་རྗེ་རྒྱལ་མཚན་གྱི་བཟོ་ལྟར་འགྱུར་པ་དང་། གཡས་ནས་བལྟས་ན། ཉ་མོ་ཁ་སྤྲོད་ཀྱི་རྣམ་པར་གྲུབ་ཀྱང་། མཚམས་རེར་མ་བཅོས་དཔལ་བེའུ་གཟུགས་སུ་སྣང་། གཡོན་ནས་བལྟས་ན། དུང་དཀར་གཡས་འཁྱིལ་ལྟར་བཞེངས་ཤིང་། རེས་འགར་བུམ་པ་རང་བྱོན་གྱི་ཚུལ་དུ་གདའ། རྒྱབ་ནས་བལྟས་ནའང་། དཀར་མོ་གདུགས་དཀར་གྱི་དབྱིབས་སུ་སྣང་ནའང་། སྐབས་ལ་ལར་འཁོར་ལོ་རིན་པོ་ཆེའི་དབྱིབས་ལྟར་སྣང་བའི་རྩིག་ངོས་སུ་འཁོར་ལོ་ཞི་དུལ་གྱིས་འཁོར་བའི་གཟུགས་རིས་དང་། ནོར་བུ་འབར་བ། བློན་ཆེན་ཕེབས་པ། གླང་པོ་འགྱིང་བ། དམག་དཔོན་རྒྱུག་པ། བཙུན་མོ་འཕུར་བ། རྟ་མཆོག་ཁྲོས་ཏེ་འཚེར་སྐད་ལྷང་ལྷང་དང་བཅས་རླུང་གི་སྤུ་གྲིར་གདོང་གཏད་ཡོད་པའི་ཚུལ་དུ་འདུག
དགེ་འདུན་ཆོས་འཕེལ་བཞད་མོ་ཞིག་བཞད་དེ་‘‘འདི་དགའ་རུ་ཤག་གི་ཤུལ་རེད། ཁྱོད་ཀྱིས་གཡུ་སྒྲོན་ཤེས་གཱ ཆབ་མདོའི་ཚེ་བརྟན་གཡུ་སྒྲོན་བཤད་ཀྱི་ཡོད། ཁོ་མོར་ཡག་མོ་སྒོ་ཞེ་དྲག་མེད་རུང་གཞུང་རྒྱུད་དྲང་ཞིང་ངང་རྒྱུད་འཇམ་པའི་སྐྱེས་མ་ཞིག་ཡིན་པའི་ཁར། ལས་མཐུན་གྱི་ཚེ་གྲོགས་ཟེར་ན་མོ་ལྟ་བུ་ཤིན་ཏུ་དཀོན། ངེད་གཉིས་དགའ་རུ་ཤག་འདིར་བསླེབས་དུས། ངའི་སེམས་ཁམས་ཐང་ཐང་མེད་པ་ཆགས་ཚར་ཡོད་ནའང་མོའི་བརྩེ་དུང་ནི་རི་རབ་ལས་ཆེ་ཞིང་བརྟན་པ་ཞིག་ཡོད་སྟབས། མོའི་བཀའ་དྲིན་ནི་ད་དུང་སེམས་ནས་ཡལ་རྒྱུ་ཞིག་མི་འདུག་’’ཅེས་གསུང་བཞིན་བཞད་མདངས་ཡལ་བར་གྱུར་པ་དང་། ཕྱག་འདར་འདར་གྱིས་རུམ་གྱི་རྭ་རྩེ་བླངས་བྱུང་། ཕར་བལྟས་ན་ཁོང་གིས་གཡུ་སྒྲོན་ལ་བཅངས་པའི་ལྷག་བསམ་རྣམ་དག་གི་བརྩེ་དུངས་གཏིང་ཟབ་པོ་དེ་ནི། ད་དུང་ཡང་ཁོང་གི་བློ་བརྟན་འགྱུར་མེད་ཀྱི་ཐུགས་ངོས་སུ་སིམ་འདུག་པ་ཤེས་བྱུང་།
དགེ་འདུན་ཆོས་འཕེལ་གྱིས་དུ་བ་སྔོ་ལྷོག་གེར་འཐེན་བྱུང་། དུད་སྤྲིན་ཞལ་ནང་དུ་རྔུབ་བཞིན་ཞལ་མུར་མུར་གྱིས་གསུང་སྐད་ཅིག་འབྱོན་རྩིས་ཡོད་སྐབས། ‘‘འོ་ན། གཡུ་སྒྲོན་གཞན་པ་དེ་སུ་ཡིན་ནམ།’’ ཐོག་དང་བོར་ངའི་ཁ་ནས་དྲི་བ་འདི་ཤོར་བར་གྱུར། ཁོང་གིས་‘‘ཨོ། མདའ་གཅིག་གིས་མི་གཉིས་བསད་པའི་ལོ་རྒྱུས་ལྟར། གཡུ་སྒྲོན་གཞན་པ་དེ་ཡང་ཆབ་མདོ་ནས་རེད། ང་རྒྱ་གར་ནས་བོད་དུ་ལོག་སྐབས་ཤིག་ལ་ཁོ་མོར་ལྷ་ས་ནས་ཐུག་བྱུང་། མོ་ལྷ་སར་གནས་མཇལ་ལ་ཡོང་བ་རེད། སྐབས་དེར་ང་ལ་བྲེལ་བ་ཆེན་པོ་ཡོད་སྟབས། མཛའ་སེམས་མཐུན་པའི་སྐད་ཆ་རིང་བོ་ཞིག་ཀྱང་བྱེད་ཁོམས་མ་བྱུང་། ངེད་གཉིས་ཐུག་ནས་བདུན་ཕྲག་འགའ་འགོར་རྗེས་མོ་ཆབ་མདོར་ཕྱིར་ལོག་པ་རེད། ཕྱིས་སུ་གཡུ་སྒྲོན་ལ་བུ་མོ་ཞིག་སྐྱེས་པ་རེད་ཅེས་གོ་ཡང་དེ་ངའི་བྱིས་པ་ཡིན་མིན་མི་ཤེས་’’གསུངས་མ་ཐག ‘‘ཨོ། དོན་དག་གཅིག་བརྗེད་འདུག གཡུ་སྒྲོན་འདི་ནི་ངས་འདོད་པའི་བསྟན་བཅོས་ནང་དུ་བཤད་ཡོད་པ་ལྟར། གཡུ་སྒྲོན་གངྒཱ་ཨ་ས་ལི་ལ་སོགས།། བདག་ལ་ལུས་ཀྱིས་འབྲེལ་བའི་བུ་མོ་རྣམས།། ཞེས་པའི་གཡུ་སྒྲོན་དེ་ནི་མོ་རང་རེད་’’ཟེར། ཁོང་གིས་གསུང་འདི་འབྱོན་ཚར་སྐབས། ངེད་གཉིས་ལྷ་སའི་སྐྱིད་ཆུའི་འགྲམ་རྒྱུད་དུ་བསླེབས་འདུག
གསུམ།
ངས་དགེ་ཆོས་ཀྱི་ལོ་རྒྱུས་ལ་སློབ་སྦྱོང་ཅི་ལྟར་བྱས་ནའང་། རྩོད་རྙོག་ཅན་གྱི་བསྟན་བཅོས་ྐླུ་སྒྲུབ་དགོངས་རྒྱན་དང་། ཆོས་གྲགས་དག་ཡིག འཛམ་གླིང་རྒྱས་བཤད་ལྟ་བུའི་བསྟན་བཅོས་འདི་དག་ནི་ཁོང་གི་གསུང་རྩོམ་ངོ་མ་ཡིན་མིན་དང་། དེབ་ཐེར་སྔོན་པོ་ལྟ་བུའི་དབྱིན་འགྱུར་མ་དང་། ཐང་ཡིག་གསར་མ་ལྟ་བུའི་བོད་འགྱུར་མ་སོགས་དགེ་ཆོས་ཀྱིས་གནས་སྟངས་གང་འདྲ་ཞིག་གི་འོག་ཏུ་ཇི་ལྟར་བྱས་ཏེ་བསྒྱུར་མིན་གྱི་སྐོར་ལ་ད་དུང་སེམས་ཀྱི་འཁྲུན་ཐག་མ་ཆོད་པའི་ཡོད་ནའང་། དེ་རིང་དགེ་ཆོས་མཆོག་ང་རང་གི་ལྷན་དུ་ཡོད་པས། ངས་བོད་ཀྱི་མཁས་པ་རྣམས་ཀྱིས་མ་མཁྱེན་པའི་ལོ་རྒྱུས་ཀྱི་གསང་བ་རེ་རེའི་མཐིལ་བརྟོལ་ཐུབ་རྒྱུ་རེད་སྙམ་ནས་སེམས་ལ་དགའ་སྤྲོས་ཁེངས་པ་དང་། ཡིད་ལ་ང་རྒྱལ་ཞིག་ཀྱང་སྐྱེས་པར་འགྱུར།
ངས་ལྷ་སའི་སྐྱིད་ཆུའི་འགྲམ་དུ་དགེ་ཆོས་ཀྱི་ཆུང་གྲོགས་རྗེས་དྲན་དྲན་བྱུང་། སྐྱིད་ཤོད་ལྷ་སའི་གྲོག་ཆུ་ཕྲ་མོ། །ཞག་གསུམ་འཛོམས་པ་འགྲོགས་པའི་ཐ་མ། །མི་རིང་འཕྲད་པའི་ཁ་ཆད་བྱས་པ། རྨི་ལམ་ངང་ནས་མཇལ་དུ་སླེབས་སོང་།། ཨ། སྙན་ངག་འདི་ནི་ཇི་འདྲའི་སྙན་འཇེབས་ལྡན་པ་ཞིག་རེད་ཨང་། དེ་རིང་གི་ལྷ་སའི་སྐྱིད་ཆུའང་ནམ་རྒྱུན་དང་མི་འདྲ་བར་བསིལ་བ་དང་། ཡང་བ། ཞིམ་པ། འཇམ་པ། དྭངས་པ། དྲི་ང་བ་མེད་པ། འཐུང་ན་མགྲིན་པ་བདེ་བ། ལྟོ་བ་ལ་མི་གནོད་པའི་ཡན་ལག་བརྒྱད་ལྡན་གྱི་ཆུ་བོ་ཞིག་དང་འདྲ་བར་ཤང་ཤུང་གི་གླུ་དབྱངས་ལེན་པའི་ཟོལ་གྱིས་བཞུར་གྱིན་འདུག
དགེ་འདུན་ཆོས་འཕེལ་གྱིས་ལྷ་སའི་སྐྱིད་ཆུ་ཕྲ་མོར་ཡུན་རིང་བོར་གཟུགས་པ་ལ་བལྟས་ན། ཁོང་གིས་ཀྱང་ཆུང་གྲོགས་རྗེས་ལ་དྲན་གསོ་གནང་གི་ཡོད་པ་འདྲ། ཡུད་ཙམ་ནས་ཁོང་གིས་དམ་པོར་བཅངས་པའི་སྐ་རགས་ལྷོད་ཙམ་བྱས་ཏེ་འོག་འཇུག་སེར་པོ་དེ་ཕུད་བྱུང་། སྐུ་ཤ་སྐམ་པའི་ལུས་སྟེང་དུ་རྨ་ཁ་མང་བོ་མདུད་ལོག་བརྒྱབ་སྟེ་ཤའི་ཕྱི་ངོས་སུ་འབུར་འདུག་པ་དང་། དེ་ནི་རྟ་ལྕག་གིས་བྲབ་པའི་ཤུལ་རེད།
དགེ་ཆོས་རྡོ་ཕ་བོང་ཞིག་ལ་ཁེན་ནས་‘‘ང་བཙོན་ནས་གློད་རྗེས། ཉིན་ཞིག་ཉག་རོང་གིས་ཆང་ཉོས་
ཡོང་སྟེ་ཟླ་བཟང་དང་ང་ཚོ་སྐོར་ཞིག་གིས་གནས་འདི་ནས་ཆང་བཏུངས་པ་ཡིན། ཕྱི་དྲོར་ཟླ་བཟང་གི་རེ་བ་ལྟར་ངས་ཐ་སྙད་ཚད་གྲུབ་འཇོག་མིན་གྱི་སྐོར་ལ་སྐད་ཆ་མང་པོ་ཞིག་བཤད། སྐབས་ཤིག་ཆང་གིས་བཟི་དྲགས་ཏེ་སྐད་ཆ་ག་རེ་བཤད་མིན་གསལ་བོ་ཞིག་བཤད་རྒྱུ་མི་འདུག་ཀྱང་། རྗེས་སུ་ཟླ་བཟང་ངའི་སར་ཡོང་སྟེ་ངས་སྐད་ཆ་ག་རེ་བཤད་ཟིན་པ་ཁག་ཟིན་ཐོ་བཏབ་འདུག ཁོང་གིས་ཟིན་ཐོ་འདིར་མཆོད་བརྗོད་ཅིག་ཕྲིས་ཞེས་སྐུལ་བྱུང་བ་དེར། ངས་བདུད་ཀྱི་མཚོན་ཆ་རྩུབ་མོ་དག་ལ་འཇམ་གཉེན་མེ་ཏོག་ལན་དུ་སྦྱིན། །ཞེས་སྟོན་པ་ཐུབ་པའི་དབང་བོར་མཆོད་བརྗོད་ཀྱི་ཚིག་རྐང་བཞི་བྲིས་པ་ཡིན།’’གསུངས་སྐབས། ངའི་སེམས་ལ་དགེ་ཆོས་ཀྱིས་ྐླུ་སྒྲུབ་དགོངས་རྒྱན་གྱི་སྐོར་འདི་ང་ལ་གསུངས་དགོས་པའི་རྒྱུ་མཚན་ག་རེ་ཡིན་ནམ་སྙམ་པ་དང་། གཅིག་བྱས་ན་ངས་ཁོང་ལ་འདྲི་འདོད་པའི་ལོ་རྒྱུས་ཀྱི་དྲི་བ་འདི་དག་ཁོང་གིས་མངོན་མཁྱེན་གྱིས་གཟིགས་པ་རེད་སྙམ་མོད། འོན་ཀྱང་། དེ་རིང་ཁོང་གིས་ང་ལ་སྒུག་དགོས་པའི་རྒྱུ་མཚན་དང་། དོན་དག་ག་རེ་ཡོད་མེད་སྐོར་ལ་ཚིག་གཅིག་ཀྱང་མི་གསུང་དོན་ག་རེ་ཡིན་ནམ་སྙམ་བྱུང་།
ཡིན་ནའང་། ངས་དགེ་ཆོས་ཀྱིས་དུ་བ་འཐེན་པའི་ཉམས་ལ་ལྟ་བཞིན་སེམས་ལྷོད་ལ་བབས་པ་དང་ཆབས་ཅིག ངས་དགེ་ཆོས་ལ་དྲི་བ་འདྲི་མགོ་བརྩམས། དགེ་ཆོས་ཀྱིས་གྲུང་ཤ་དོད་པའི་རྣམ་འགྱུར་གྱིས་‘‘ཁྱོད་ཀྱི་རྩོམ་ཡིག་ཅིག་གི་ནང་དུའང་བརྡ་དག་མིང་ཚིག་གསལ་བ་ངས་བྲིས་པ་རེད་བཤད་འདུག
ཁྱོད་ལ་གོ་ནོར་ཐེབས་འདུག ངས་ཧོར་ཁང་དགེ་བཤེས་སྔ་མོ་ནས་ཤེས། རྒྱ་གར་དུ་ཐུག་སྐབས་ཁོང་སྦ་སྦུ་མཐར་ཕྱིན་གྱི་ཤག་ཏུ་བཞུགས་འདུག སྐབས་དེར་ཁོང་གིས་ཚིག་མཛོད་ཅིག་བསྒྲིག་འདོད་ཡོད་པའི་སྐོར་གསུངས་སོང་། ལགས་སོ་ཞུས་པ་ཡིན། ཕྱིས་སུ་ཁོང་གིས་སྐུ་ལུས་ཞེ་དྲག་བསྐྱོན་འདུག ཁོང་གིས་ང་ལ་ཉིན་ཞིག་རླུང་འཚུབ་ཅིག་གཡུགས་ཏེ་ཚིག་མཛོད་ཀྱི་ཤོག་བུ་འགའ་ཁྱེར་སོང་བའི་ལོ་རྒྱུས་གསུངས་སོང་། རྗེས་སུ་ཞུ་དག་བྱེད་སྐབས་ཡག་པོ་བྱུང་འདུག སྐབས་དེར་ངས་ཁོང་ལ་ཚིགས་བཅད་ཅིག་ཀྱང་གནང་བ་ཡིན།’’གསུངས་པ་དང་། ‘‘འཛམ་གླིང་རྒྱས་བཤད་དེ་ངས་བྲིས་པ་མིན། ་་་’’གསུངས་སྐབས། སྲིད་སྐྱོང་ལས་ཁུངས་ཀྱི་ཕྱོགས་ནས་གླུ་སྐད་ཅིག་གྲགས་བྱུང་། དེ་ནི་ཨ་མདོའི་དམངས་གླུ་རེད། གཞོན་ནུ་མ་དེའི་སྐད་ནི་དབྱར་དྲུག་པའི་ཁུ་བྱུག་གི་སྐད་ལས་ཀྱང་སྙན་པ་ཞིག་རེད་སྟབས། དགེ་ཆོས་ཀྱིས་དབུ་གཡོན་པའི་ཚུལ་གྱིས་གླུ་དེར་གསན་པ་དང་། ཐུགས་ཞུམ་པའི་ཉམས་ཀྱིས་གླུ་སྐད་གྲགས་སའི་ཕྱོགས་དེར་གཟིགས་པ་ལ་བལྟས་ན། ཕ་ཡུལ་ཨ་མདོ་ནས་སྐྱེས། ཨ་མདོ་རྒྱབ་ཏུ་བསྐྱུར། མི་ཚེ་ཐོས་པས་བསྐྱལ་ནས་རུས་གོག་ཚོགས་ནི་འཐོར་ལ་ཉེ་བར་འགྱུར། དེའི་རིང་དུ་རང་གི་ཕ་ཡུལ་གྱི་གཞོན་ནུ་མ་ཞིག་དང་ལྷན་དུ་འགྲོགས་པའི་དུས་ཤིག་མ་བྱུང་བ་ནི་ཇི་འདྲའི་བློ་ཕངས་པ་ཞིག་རེད་ཨང་སྙམ་པ་དང་འདྲ།
ཅུང་ཙམ་འགོར་རྗེས། དགེ་ཆོས་ཀྱིས་གདེང་ཚོད་ཡོད་པའི་ཚུལ་གྱིས་ང་ལ་དེབ་ཐེར་སྔོན་པོའི་འགྱུར་ཡིག་སྐོར་ཨིན་སྐད་ཀྱི་ལམ་ནས་གསུངས་པ་དང་། རྒྱའི་ལོ་རྒྱུས་ལས་བྱུང་བའི་བོད་ཀྱི་སྐོར་རྒྱ་སྐད་ཀྱི་ལམ་ནས་གསུངས་སྐབས། སྣང་བ་ཞིག་ལ། ངེད་གཉིས་ཀྱི་གཡས་གཡོན་དུ་ཡོད་པའི་བོད་པ་ཚོས་ཀྱང་ཨིན་སྐད་བཤད་པ་དང་། རྒྱ་སྐད་ཤོད་ཀྱིན་ཡོད་པའི་སྣང་བ་བཅོས་མིན་དུ་སྟེར་བར་བྱེད། ངའི་མིག་ལམ་དུའང་མ་འོངས་བོད་ཀྱི་མི་རབས་གསར་པ་ཚོས་དབྱིན་སྐད་རྒྱ་སྐད་འཆད་པར་འགྱུར་པའི་ཉམས་འགྱུར་དེ་གསལ་གྱི་ལེར། ཁྲ་ལེམ་མེར་གསོན་ཉམས་དང་ལྡན་པའི་སྒོ་ནས་ཤར་བྱུང་།
ཉིན་མའི་ཡོལ་བ་བྲག་ལ་བརྒྱབ་བྱུང་ལ། གློ་བུར་དུ་བྲག་ངོས་ཀྱི་གཞོགས་གཡས་པ་ནས་སྔོན་འདིར་མཐོང་བའི་བྱ་རྒོད་དེ་ངེད་གཉིས་ཀྱི་ཕྱོགས་སུ་འཕུར་འོང་གིན་འདུག དགེ་ཆོས་ཀྱིས་ང་ལ་འབུར་ཚུགས་སུ་གཟིགས་ཏེ་བཞད་མོ་ལྷུག་ལྷུག་ཅིག་བཞད་པ་དང་། གློ་བུར་དུ་རུམ་ནས་འབྲི་དེབ་མཐུག་པོ་གསུམ་བཏོན་ནས་ང་ལ་སྤྲོད་བཞིན་དུ་‘‘ད་དུས་ཚོད་རན་སོང་། འདི་ཁྱོད་ཀྱིས་ཉར་དགོས། དེ་རིང་བོད་རང་དབང་ཐོབ་པའི་ཉིན་མོར་ང་ཁྱོད་དང་ཐུག་དགོས་པའི་གནས་ཚུལ་འདིར་བྲིས་ཡོད་པར་མ་ཟད། ལོ་མང་རིང་དཀའ་ལས་བརྒྱབ་པའི་ཟིན་ཐོ་མང་པོ་ཡོད། འདིས་ཁྱོད་ཚོར་ཕན་ངེས།’’གསུངས། ངས་འབྲི་དེབ་ལངས་ཏེ་དགེ་ཆོས་ལ་ལྟ་སྐབས། དགེ་ཆོས་བྱ་རྒོད་ཀྱི་གཉའ་བར་ཞོན་ཏེ་ཕོ་འདོམ་བརྒྱ་ཕྲག་འགའི་བར་སྣང་དུ་འཕགས་འདུག ‘‘ཨ། བུ་རྒོད་པོ། སྙིང་རུས་སྐྱེད་ཅིག’’་ཚིག་འདི་དགེ་ཆོས་ཀྱི་གསུང་སྐད་ཡིན་པ་ཤེས་ནའང་། དགེ་ཆོས་དང་བྱ་རྒོད་གཉིས་ངའི་མིག་ལམ་ནས་ཡལ་སོང་། ‘‘བུ་རྒོད་པོ། སྙིང་རུས་སྐྱེད་ཅིག་’’ ‘‘བུ་རྒོད་པོ། སྙིང་རུས་སྐྱེད་ཅིག་’’ ད་དུང་ལྷ་སའི་བར་སྣང་དུ་བྲག་ཅ་འཁྱིལ་གྱིན་འདུག
སྐབས་འདིར། ངའི་རྣ་ལམ་དུ་བྱིས་པ་ཞིག་གི་ངུ་སྐད་གྲགས་བྱུང་། ངུ་སྐད་དེས་ང་གཉིད་ལས་སད་བྱུང་། བསམ་བློ་ཞིག་བཏང་བ་ན། བྱིས་པ་དེ་ནི་ལོ་བཞིར་སོན་མ་ཐག་པའི་ངའི་བུ་ཆུང་ལྷ་མོ་ཚེ་རིང་གི་སྐད་རེད། ང་ཧྥ་རན་སིའི་ལྷོ་བྱང་གི་མཚམས་སུ་གྲོང་ཁྱེར་ཆེན་པོ་སྦོག་ཊོའི་ཁང་པ་ཞིག་ཏུ་ཉལ་འདུག་པ་དང་། དེ་རིང་ནི་༢༠༡༡ལོའི་ཕྱི་ཟླ་༩པའི་ཚེས་༡༩རེད།
དགེ་ཆོས་བདེ་ལེགས་སུ་གྱུར་ཅིག །
དཔེ་མི་སྲིད་པའི་ཡག་པོ་བྲིས་འདུག སྔར་ཆུང་ཆུང་སྐབས་སུ་དགེ་ཆོས་ཀྱི་གསུམ་འབུམ་མ་གཏོགས། དཔེ་ཆ་གཞན་ཀློག་མི་སྤྲོ་བར་གྱུར། ཁ་གྲགས་རྒྱུར་མི་དགའ་བའི་བདག་གི་དགེ་རྒན་དམ་པ་དེས། དགེ་ཆོས་ཀྱི་དཔེ་དེབ་གཞན་ཀློག་རྒྱུར་བཀག་འགོག་བྱེད་ཀྱི་མེད། ཀླུ་སྒྲུབ་དགོངས་རྒྱན་གནས་སྐབས་རིང་མ་ཀློག དབུ་མ་ལ་སློབ་གཉེར་བྱས་ཟིན་རྗེས་ཀློག་གསུངས་བྱུང་། ད་བལྟ་དུས་དེ་ནི་གདམས་ངག་ཟེར་བ་དེ་ལོས་ཡིན་སྙམ།
སྙན་མོ་ཞིག་བྱུང་། ངས་ཀྱང་སྒྲུང་འདི་འདྲ་ཞིག་འབྲི་གྲབ་ཡོད་ཀྱང་ནང་དུ་དགེ་ཆོས་མེད། དགེ་ཆོས་ལ་ཐུག་ཚུལ་ཞིག་སྔོན་ཆད་ལྷ་གཡག་གི་རྫི་བོ་ཞེས་པའི་བརྩམས་སྒྲུང་དེའི་ནང་དུ་བྲིས་ཟིན།
དངོས་གནས་སྙན་མོ་ཡག་པོ་ཞིག་བྲིས་འདུག་མུ་མཐུད་ནས་དེ་དེ་བཞིན་ནོ། ང་རང་ཡང་དེ་འདྲ་ཞིག་འབྲི་འདོད་ཀྱང་དགེ་ཆོས་སྐོར་ལ་ཆ་རྒྱུས་དང་མཇལ་བའི་བསྐལ་བ་མི་འདུག
དགེ་ཆོས་ཀྱི་རྨི་ལམ་རང་རེད་དེ་མིན་བོད་ཀྱི་རང་བཙན་ཕལ་ཆེར་གཞའ་ཚོན་དང་སྨྲིགས་རྒྱུའི་
རྗེས་སུ་འགྲོ་བཞིན་པའི་དུས་འདྲ་བོ་རེད་མི་འདུག་གས། ཡང་ཁ་སྡོད་མ་ཐུབ་དཔེ་བསགས་ཡོང།
ཡན་ན་ཡང་རང་འབྱུང་གིས་ཡལ་སོང་ན་བྱེད་ཐབས་ཅི་ཡོད།
རྩོམ་པ་པོ་འདི་ལ་མཚོན་ན་ང་སྐྱབས་བཅོལ་དུ་འབྱོར་དུས་ཀྱི་རྩོམ་དེབ་འགའ་མཐོང་བའི་ནང་གི ༼ལྷ་འདྲེ་མང་བའི་རི་གྲོང་༽ཞེས་པའི་དེབ་ཀྱི་རྒྱབ་ཤ་དང་བཟོ་ལྟ་ལ་བལྟས་ན་གསེར་འོད་དམ་པ་མདོ་སྡེ་ལོས་ཡིན་བསམ་སྤྱད་ཅིག་འདུག དངོས་གནས་སྐབས་དེར་རང་མོས་སྙན་ངག་བཙན་བྱོལ་ན་ཉུང་སྐབས་རེད། ཚིག་སྦྱོར་སོགས་བློ་ངོར་འཕྲོད་པས་ལད་ཟློས་བྱེད་མྱོང་ཡོད། ལོ་འགའི་སྔོན་ནས་བཟུང་གྲག་འགུལ་མི་འདུག་མོད། དེ་རིང་རྩོམ་ཆོས་ཤིག་ལ་མཇལ་རྒྱུ་བྱུང་བས་དགའ་བསུ་ཞུ། ཞོར་ནས་འཚམས་འདྲི་ཞུ།
བོད་མི་ཆེས་མི་ཉུང་བ་ཞིག་གིས་རྒྱ་ནག་གཞུང་མང་གཙོའི་གཞུང་དུ་འགྱུར་བར་རེ་བ་བྱེད་ཀྱི་ཡོད་ལ། མང་གཙོར་གྱུར་བ་ཡིན་ན་བོད་ལ་རང་བཙན་ཐོབ་རྒྱུར་རེ་བ་ཡོད་པར་བསམ་གྱི་ཡོད་པ་དེ་ནི་འཇའ་འཛིན་འདོད་ཀྱི་བློ་རེད་ཅེས་སྔོན་ཆད་གསར་འགོད་པ་ཞིག་གི་བཅའ་འདྲའི་ལན་འདེབས་དུ་བཤད་མྱོང་བ་ལྟར། དེ་རིང་འདི་ནས་སྙན་བཟང་གིས་ཀྱང་རྨི་ལམ་དེ་གཏོང་བཞིན་པ་དེར་གསལ་འདེབས་སུ་བསམ་ཚུལ་འདི་ཤར་མར་བཏགས་པ་ཡིན།
ཁྱེད་ཀྱི་རྩོམ་ཡིག་འདིས་ངའི་གཉིད་ལ་བར་ཆད་བཏང་སོང་། ཡང་དང་བསྐྱར་དུ་བཀླགས་པས་སོ།།
སྙན་བཟང་ལགས། སྒྱུ་རྩལ་ཆ་ནས་གློ་བུར་བ་ཞིག་དང་གོ་དོན་གྱི་ཐད་ནས་སྐབས་སུ་བབས་པའི་གནས་སྟངས་དངོས་མ་་དེ་མཚོན་ཐབས་ཤིན་ཏུ་ནས་ཡག་བྱུང་། དེ་བཞིན་ཡིད་རབ་དུ་དགའ་ནས་ཡོད། ཐུགས་རྗེ་ཆེ།
སྙན་བཟང་ལགས་ནས་ཡག་པོ་ཞིག་བྲིས་འདུག
༼དེ་རིང་ནི་ཕྱི་ལོ་༢༠༧༠ལོའི་ཟླ་༦པའི་ཚེས་༡༥ཡིན་པ་དང་།༽
འདི་ཡི་དོན་གནད་གང་ཡིན་མ་ཤེས་ཤིང་གོ་བ་རྩ་བ་ཉིད་ནས་ལོན་མ་བྱུང།
རེད་རེད་ང་ཡང་ནུབ་བྱང་ཞི་བདེའི་རྒྱ་མཚོའི་འགྲམ་གྱི་ཤིང་ཁང་བལྟ་ན་སྡུག་པའི་ནང་གི་ལྷ་ཤིང་ཤུག་པའི་ཤིང་ལས་གྲུབ་པའི་ཞབས་སྟེག་གི་སྟེང་དུ་འདོད་འཇོ་བ་དཀར་གྱི་འོ་མ་བསྲེས་པའི་འཚིག་ཇ་ཞིག་འཐུང་ཤོར་དུ་ཁྲ་ཆུང་ཆུ་ཡི་སྒྲོན་མ་ཟུང་དེ་ཕྱི་གསལ་ནང་གསལ་ཟང་ཐལ་ཆེན་པོའི་ཤེལ་དཀར་གྱི་མཐོང་སྒོ་ནས་ཅེར་རེར་ཕར་གཏད་དུས། གངས་རི་ལྟར་དཀར་ཞིང་སྤྲིན་དཀར་ལྟར་འཕྱུར་བའི་རྒྱ་མཚོའི་རྦ་རླབས་དང། འབྲུག་སྟོང་དུས་གཅིག་ཏུ་སྒྲོགས་པའི་སྒྲ་སྐད་དང་མཚུངས་པའི་རྒྱ་མཚོའི་རླབས་སྒྲ་དང། འཕུར་ལྡིང་འཇོལ་གསུམ་ལས་སོགས་སྒྱུ་རྩལ་སུམ་བརྒྱ་དྲུག་ཅུ་ལུས་ལ་རྫོགས་པའི་མཚོ་བྱ་ངང་དཀར་ལས་སོགས་ཀྱི་རང་རྩལ་བརྒྱ་ཕྲག་མང་པོར་་་་་་འོ་ད་མཆན་དེ་རྩོམ་ཞིག་ལ་འགྱུར་གྲབས་བྱེད་ཀྱི་འདུག་པས་མཚམས་འཇོག་བྱེད་དོ།
སྔོན་ཆོས་རྗེ་ས་པཎ་ལ་སློ་དཔོན་དབྱིག་གཉེན་ཟླ་བ་གཅིག་ཙམ་རྨི་ལམ་དུ་བྱོན་ནས་མངོན་པ་མཛོད་གསུངས་པ་དང་། མནལ་སད་རྗེས་མངོན་པ་མཛོད་ཀྱི་ཚིག་དོན་མ་ལུས་པ་ཐུགས་སུ་ཆུད་ཅིང་། ཕྱིས་ཁ་ཆེ་པཎ་ཆེན་ལས་དངོས་སུ་གསན་དུས་སྔར་ལས་ཁྱད་འཕགས་ཆེ་བ་མ་བྱུང་གསུངས་འདུག། ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད། དེབ་ཤོག་ ༡༡༠
དེ་བཞིན་མཁས་དབང་དགེ་ཆོས་ཀྱི་རིག་གཞུང་དོན་གཉེར་དངོས་མ་་དག་ལ་དགེ་ཆོས་རིན་པོ་ཆེ་ཡང་ཡང་མཇལ་བའི་སྐལ་བཟང་འབྱུང་ངེས་པའོ།།
རྣམ་པ་ཚོས་རྒྱབ་སྐྱོར་དང་བསམ་ཚུལ། འཚམས་འདྲི་སོགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཞོར་དུ་
སྲིད་སྐྱོང་དོན་གྲུབ་ཚེ་རིང་གིས་བོད་རྒྱ་ནག་གིས་དབང་སྒྱུར་བྱས་ཏེ་མི་ལོ་བརྒྱད་ཅུ་འགོར་ཞེས་པ་དེ་མི་ལོ་བརྒྱ་
བཅུ་གཅིག་འགོར་ཞེས་པར་ནོར་བཅོས་ཡོང་བ་ཞུ།
རྣམ་པ་ཚོས་རྒྱབ་སྐྱོར་དང་བསམ་ཚུལ། འཚམས་འདྲི་སོགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཞོར་དུ་སྲིད་སྐྱོང་དོན་གྲུབ་ཚེ་རིང་གིས་བོད་རྒྱ་ནག་གིས་དབང་སྒྱུར་བྱས་ཏེ་མི་ལོ་བརྒྱད་ཅུ་འགོར་ཞེས་པ་དེ་མི་ལོ་བརྒྱ་བཅུ་གཅིག་འགོར་ཞེས་པར་ནོར་བཅོས་ཡོང་བ་ཞུ།
བརྩོམ་ཡག་པོ་བྲིས་འདུག་ཡིན་ན་ཡང་རྟོགས་ཙམ་ཉོབས་སོང་།
སྐུ་ཞབས་ལ་སྟོད་བུ་ལགས།
ཁ་སྔོན་ངོས་རང་དྲ་ཐོག་ཏུ་འོངས་སྐབས། ཁྱེད་ཀྱིས་བཏབ་པའི་མཆན་དེ་མཐོང་མི་འདུག་པས་དགོངས་འགལ་མེད་པ་ཞུ། ཁྱེད་ཀྱིས་༼དེ་རིང་ནི་ཕྱི་ལོ་༢༠༧༠ལོའི་ཟླ་༦པའི་ཚེས་༡༥ཡིན་པ་དང་༽ཞེས་པའི་ཚིག་དུམ་འདིའི་གོ་དོན་གཞལ་མ་ཐུབ་པ་འདྲ། ཚིག་དུམ་འདིའི་གོ་དོན་མ་ངེས་ཚེ་བརྩམས་སྒྲུང་འདིའི་དོན་གྱི་སྤྱི་ཁོག་མཁྱེན་མ་ཐུབ་པ་རེད་སྙམ། བརྩམས་སྒྲུང་འདི་ནི་འབྱུང་འགྱུར་གྱི་ལོ་ང་དགུའི་རྗེས་ཀྱི་ཉིན་མོ་ཞིག་ལ་དམིགས་ནས་བྲིས་པ་ཡིན། ད་ལོ་ནས་བརྩིས་ན་ལོ་ང་དགུའི་རྗེས་ཀྱི་ཟླ་༦པའི་ཚེས་༡༥ཉིན་ནི་བོད་རང་བཙན་ཉིན་མོ་ཡིན་པ་དང་། རང་བཙན་ཉིན་མོ་དེར་ཁོ་བོ་མཁས་དབང་དགེ་ཆོས་ཞབས་དང་མཇལ་བའི་སྐོར་བྲིས་ཡོད་མོད་ཀྱང་། འདི་ནི་མ་འོངས་པའི་གཏམ་རྒྱུད་ཅིག་ཡིན་པ་ལས་འདས་པ་དང་ད་ལྟ་བའི་སྐོར་མིན་ཞེས་ཞུ།
ཁོ་བོས་བྲེལ་སྟབས་ཀྱིས་གཏམ་རྒྱུད་འདི་བྲི་སྐབས། མཁས་དབང་དགེ་ཆོས་དང་མཇལ་བའི་ང་རྒྱལ་ལམ་ཡང་ན་ཞུ་དག་ཡག་པོ་མ་བྱས་པ་ལ་རྐྱེན་བྱས་ཏེ་ཚིག་དུམ་རེ་ཟུང་དང་བདག་སྒྲའི་སྐོར་ལ་བསམ་བློ་ཞིབ་མོར་བཏང་མི་འདུག་པ་དཔེར་ན། ༼ད་ལོ་ནས་དམངས་གཙོ་ཀ་བ་གསུམ་གྱིས་གཙོས་པའི་ཁྲིམས་བཟོ་ལྷན་ཁང་༽ཞེས་པ་འདི། ༼ད་ལོ་ནས་དམངས་གཙོ་ཀ་བ་གསུམ་གྱིས་གཙོས་པའི་ཆོས་དོན་ལྷན་ཁང་༽ཡིན་མོད། འདི་ལྟ་བུའི་ནོར་འཁྲུལ་རེ་ཟུང་ཐེབས་འདུག་པ་གསལ་བཤད་ཙམ་ཡིན། བཀའ་དྲིན་ཆེ།
སྐུ་ཞབས་སྙན་བཟང་གཡུང་དྲུང་ཚེ་རིང་ལགས།
ཁྱེད་ཀྱིས་གསལ་བཤད་གནང་བར་ཐུགས་རྗེ་ཆེ།
ངས་ཀྱང་ཐོག་མར་ཞིབ་ཅིང་ཕྲ་བའི་སྟེང་ནས་མ་བཀླགས་པར་རགས་རིམ་དུ་བཀླགས་པར་བརྟེན་སྒྲུང་གི་འགོ་གཞུག་གི་གནད་དོན་མ་རྟོགས་ཏེ་དྲི་བ་དྲིས་ཤོར་འདུག
རྗེས་སུ་རིམ་གྱིས་གཟབ་ནན་དཡ་བྱས་ཏེ་ཀློག་དུས་ངོ་མ་ངས་གོ་བ་ལེན་སྟངས་ནོར་བར་ཤེས་བྱུང།
འོན་ཀྱང་མི་རྟག་འགྱུར་ལྡོག་གི་དབང་གིས་ཁྱེད་ཀྱི་རྩོམ་དེ་ཡང་གབ་སྦས་སུ་གྱུར་བར་བརྟེན་སླར་གསལ་བཤད་བྱེད་ཁོམས་མ་བྱུང་བར་ལུས་སོང
ད་ངེས་ཤེས་བརྙེད་བྱུང་བས་ཐུགས་རྗེ་ཆེ།
གོ་སྐབས་བྱུང་ན་ཕ་རན་སི་སོགས་སུ་མཇལ་འཕྲད་འབྱུང་བའི་རེ་བ་ཡོད།