(ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ)
ཨ་འདུས་སྐལ་བཟང་རྒྱ་མཚོ།
་་་་་་་་་་་་་་་་་མཁས་དབང་དགེ་འདུན་ཆོས་འཕེལ་རྗེས་སུ་དྲན་པ།
ལས་རླུང་རྩུབ་མོའི་ལྡང་ཕྱོགས་ཤིག་གིས་ཁྱེད་ཞལ་དངོས་སུ་མ་མཇལ་ཡང༌།།
བསུབ་པར་དཀའ་བའི་གྲགས་སྙན་རིང་མོ་ད་དུང་གླིང་འདིའི་ཟུར་ན་མཆེད།།
སྐུ་དྲག་གཏུམ་པོའི་ཧམ་སྤྱོད་མིན་ན་ཁྱོད་དང་འུ་གཉིས་ཕྲད་ངེས་མོད།།
ཐོལ་བྱུང་གཤེགས་པའི་གཏམ་རྒྱུད་སྐྱུར་མོས་གདུང་བས་སྙིང་ཡང་རལ་བར་བྱེད།།
དེ་རིང་སློབ་གྲྭའི་དཔེ་ཁང་ནང་ནས་ཁྱོད་ཀྱི་གསུང་འབུམ་དེབ་གསུམ་མཇལ།།
ག་ལེར་ཁོ་བོའི་ཡིད་ཀྱི་ཅང་ཤེས་གསེར་གྱི་ཐང་མར་ཉུལ་བའི་ཚེ།།
རྒྱ་གར་གྲོང་དང་སིངྒ་ལ་སོགས་ཕྱི་ནང་སྣོད་བཅུད་གཙང་མའི་རིས།།
ཤེས་རབ་པུར་རྩེས་ལེགས་པར་བཞེངས་པའི་བཀའ་དྲིན་མཆི་མའི་ཕུང་བོར་གྱུར།།
ཆོས་གྲྭ་ཆེན་མོའི་གྲུ་ཁ་རེ་ནས་རྣམ་དཔྱོད་རྭ་རྩེ་བརྡར་ཐེངས་རེར།།
ཕས་རྒོལ་ཉི་ཟླའི་གཟི་བརྗིད་དག་ཀྱང་རིག་འཕྲུལ་སྒྲ་གཅན་གྱིས་ཟོས་པས།།
ཕྲག་དོག་དང་ནི་ལོག་ལྟའི་མདའ་མོའི་ངར་ཁ་སྙིང་ལ་ཕོག་པ་ན།།
རང་དབང་ཆེ་བའི་རྐང་ལམ་ཞིག་ལ་འཇུག་པའི་ཀུན་སློང་ཐོག་མ་ཤར།།
ཧི་མ་ལ་ཡི་གྲང་རླུང་རྒོད་པོ་གདུག་རྩུབ་ཅི་བས་ཆེ་ན་ཡང༌།།
ཐུ་བྷོད་རིག་པའི་སྐྱེད་ཚལ་རྒྱས་བྱེད་ལེགས་བཤད་ཉི་ཟེར་སྒུམ་པའི་ཕྱིར།།
ཕོ་བྲང་དམར་པོའི་རི་འདབས་ཤིག་ནས་གོམ་སྟབས་ནུབ་ལ་བསྒྱུར་བའི་ཁྲོད།།
རྐང་མཐིལ་ཁྲག་དང་སྣག་གིས་སྦགས་ཀྱང་སྤྲོ་བའི་མིག་ཟུང་རྒྱང་ལ་ཅེར།།
འབྱུང་བཞི་འཐབ་པའི་གོ་རིམ་ཁྲོད་དུ་ནམ་ཟླ་ཧ་ཅང་རྩུབ་ནའང༌།།
འགྱུར་མེད་གོམ་ཁ་བྲེལ་མོ་ཞིག་གིས་ཀྱག་ཀྱོག་ཕྲེང་ལམ་བརྒལ་བའི་ཚེ།།
ཐལ་རྡུལ་འཚུབ་མས་ཟ་ལ་ཉེ་བའི་འཕགས་བོད་ལོ་པཎ་བརྒྱ་ཕྲག་གི།
འཁྲུལ་བྲལ་ཞབས་ཤུལ་མིག་ལ་མངོན་པས་ཁྱོད་ཀྱི་དཔའ་མཛངས་ཇེ་ཆེར་གྱུར།།
དེ་ལྟར་གྲོགས་མེད་ངལ་བའི་རྐང་འགྲོས་ཞིང་འདིའི་རི་གྲོང་གར་སར་སྤོས།།
ལུགས་གཉིས་བསྟན་བཅོས་གསེར་གྱི་ཕྲེང་བས་གངས་དཀར་ལྷ་མོ་མཛེས་བྱས་ཀྱང༌།།
ཕྲག་དོག་རྭ་ཁ་ཤིན་ཏུ་རྣོ་བའི་སྐུ་དྲག་གླང་ཁྱུས་སྨྱོ་རུབ་ཀྱིས།།
ཉེས་མེད་ཁྱོད་ཀྱང་ཡུན་རིང་བརྡུངས་བས་ཟུངས་ཁྲག་དམར་པོ་སྐྱིད་ཆུར་འདྲེས།།
མི་རིགས་ཤིག་གི་ལར་ཞེན་བསམ་ནས་དང་པོར་རང་སེམས་འོད་དུ་བསྒྲུབས།།
གངས་ཅན་པ་ཚོའི་བྱུང་བ་སྤེལ་སླད་བར་དུ་དེབ་ཐེར་དཀར་པོ་བརྩམས།།
ལྷ་ལྡན་ཞིང་གི་བཙོན་ར་ཞིག་ནས་ཐ་མར་སྐྱོ་མགུར་ལེན་བཞིན་དུ།།
ལྔ་བའི་ལམ་དུ་བཙན་གྱིས་བརྫངས་བ་ཅི་འདྲའི་སྙིང་ལ་གཟན་པ་ཞིག།
མཐའ་བྲལ་དབུ་མའི་གསང་བ་སྟོན་ཕྱིར་ཀླུ་སྒྲུབ་དགོངས་རྒྱན་དབྱངས་སུ་འཐེན།།
ཀུན་ཡིད་དགའ་བའི་སྒྱུ་རྩལ་ཞིག་ལ་ཟླ་མེད་སྣང་བརྙན་གསར་དུ་བཞེངས།
ཧི་མ་ལ་ཡི་བསྟན་བཅོས་བྲིས་ཏེ་ཀུན་བཏགས་རྩིག་རྙིང་བཤིགས་པ་ན།།
ཁྱོད་ནི་ལུང་རིགས་མཆེ་ལྡེར་བགྲད་པའི་རིག་པའི་སེང་ཆེན་ངོ་མ་ཞིག།
ལ་ལས་ཆོས་ཀྱི་ཕྱོགས་ཞེན་བསམ་སྟེ་ཁྱོད་ཉིད་ནག་པོ་བདུད་དུ་བསྒྲུབས།།
འགའ་རེས་ཆོལ་ཁའི་འཐེན་འཁྱེར་ཁྲོད་ནས་ཁྱོད་ལ་རྒྱལ་བཙོངས་བ་ཞེས་དམོད།།
ཁ་ཅིག་ཟེར་སྒྲོས་རྐྱང་བར་འཁྲེང་སྟེ་མི་རེའི་གདོང་ན་གཏམ་རེ་གླེང༌།།
ཁོ་བོས་ཁྱོད་ཀྱི་མིང་ཙམ་ཐོས་ཀྱང་དགའ་སྐྱོའི་མཆི་མ་མཉམ་དུ་བཞུར།།
ཞིབ་ཏུ་བསམ་ན་དགེ་ཆོས་ཁྱོད་ཀྱང་ལས་ཅན་ཁྲོད་ཀྱི་ལས་ངན་སྟེ།།
ས་ཡ་དྲུག་གི་བདེ་སྡུག་བསམ་ནས་ལོ་ཟླའི་ཚ་གྲང་མ་འཛེམས་པར།།
ཁྲག་དང་རྣག་གི་རིན་གྱིས་ཉོས་པའི་སྣ་མང་བརྩམས་ཆོས་དབྱིག་གི་ནོར།།
སྐུ་དྲག་འགའ་རེས་བཙན་གྱིས་ཕྲོགས་པར་བློ་ལྡན་སུ་ཞིག་འཛུམ་པར་འགྱུར།།
དེ་ལྟ་ནའང་སྔོན་ལས་བཙན་པོར་སུས་ཀྱང་འགྱུར་བ་གཏོང་དཀའ་བས།།
ཞི་འཇམ་ནམ་ཟླའི་ཁུག་པ་གཅིག་ཏུ་མཉམ་འཛོམས་སྐལ་བ་མ་བྱུང་ཡང༌།།
བརྩེ་ཞེན་ངོ་མ་གཤིས་སུ་རུམ་པའི་དྲན་གདུང་བྱིས་པའི་ངུ་ངག་འདི།།
བདེ་ཆེན་དག་པའི་ཞིང་ཁམས་ཤིག་ནས་ཁྱོད་ཀྱིས་གསན་ན་དགའ་བ་ལ།།
སྙན་མོ་ཞེ་དྲག་བྱུང་་་་བཀའ་དྲིན་ཆེ།
ཁ་བ་རི་བའི་ལས་དབང་གིས། །
ཁྱོད་ཀྱི་ལྗིད་ཁོག་མ་ཐེག་པར། །
ཉེས་མེད་ཕྱི་ལམ་བརྫངས་པ་ཡི། །
བདེན་པའི་གཏམ་འདིས་ཡིད་རེ་སྐྱོ། །