སྡོང་ལོ་སེར་བོ།
བདེན་པའི་གཤིས་བབས་མ་ལུས་མངོན་གྱུར་ཅིང༌།།
བདེན་དོན་ཇི་བཞིན་འདོམས་པའི་སྙིང་རྗེ་ཅན།།
བདེན་གསུང་མངའ་བ་འགྲོ་བའི་གཉེན་གཅིག་པུ།།
བདེན་ཚིག་གྲུབ་པ་རྣམས་ཀྱིས་དགེ་ལེགས་སྩོལ།།
བསམ་པའི་དམིགས་འབེན་ཁ་ཁ་ཁ་ཁ་དང༌།།
ཤ་རུས་འབྲེལ་ཐག་ཉེ་བའི་ཉེ་བ་སྟེ།།
ཤིང་ལོ་རླུང་གིས་ཁྱེར་བའི་མིང་ཅན་ལ།།
སྡོང་ལོ་སེར་བོས་ཉམས་མཚར་འདི་ལྟར་སྨྲ།།
བོན་ཉིད་ཀློང་དུ་གྲོལ་དུ་རེ་བ་ཁྱོད།།
འཁྲུལ་སྣང་ངང་དུ་འཁྱམ་དུ་དོགས་པ་ང༌།།
རེ་དོགས་བཅིངས་པར་ཁྱད་པར་མ་མཐོང་བས།།
ང་ཡང་མ་ཟད་ཁྱོད་ཀྱང་སྙིང་རྗེའི་ཡུལ།།
འོལ་མོ་ལུང་དུ་བགྲོད་པར་འདོད་པ་ཁྱོད།།
བདེ་བ་ཅན་དུ་སྐྱེ་བར་སྨོན་པ་ང༌།།
རང་བདེ་འདོད་ལ་ཁྱད་པར་མ་མཐོང་བས།།
ང་ཡང་མ་ཟད་ཁྱོད་ཀྱང་སྙིང་རྗེའི་ཡུལ།།
ཀ་དག་དབྱིངས་སུ་འབྱམས་སུ་ཀླས་པ་ཁྱོད།།
ཉིང་འཁྲུལ་ངང་དུ་འཁོར་མོར་ལྷུང་བ་ང༌།།
ཆོས་བརྒྱད་སྤྱོད་པར་ཁྱད་པར་མ་མཐོང་བས།།
ང་ཡང་མ་ཟད་ཁྱོད་ཀྱང་སྙིང་རྗེའི་ཡུལ།།
རྣལ་འབྱོར་བ་ཞེས་རིག་མ་བསྟེན་པ་ཁྱོད།།
འཇིག་རྟེན་པ་ཞེས་ཆང་ས་བརྒྱབ་པ་ང༌།།
ཕྲུ་གུ་བསྐྱེད་ལ་ཁྱད་པར་མ་མཐོང་བས།།
ང་ཡང་མ་ཟད་ཁྱོད་ཀྱང་སྙིང་རྗེའི་ཡུལ།།
དཀར་པོ་ཆིག་ཐུབ་ལམ་དུ་ཞུགས་པ་ཁྱོད།།
ནག་པོ་སྣ་ཚོགས་ལམ་དུ་རྒྱུ་བ་ང༌།།
སྐྱེ་རྒ་ན་འཆིར་ཁྱད་པར་མ་མཐོང་བས།།
ང་ཡང་མ་ཟད་ཁྱོད་ཀྱང་སྙིང་རྗེའི་ཡུལ།།
དབེན་པའི་གནས་སུ་བཅད་རྒྱར་གནས་པ་ཁྱོད།།
འདུ་འཛིའི་གྲོང་དུ་ཅི་དགར་འཁྱམ་པ་ང༌།།
རགས་པའི་འཁྲུལ་རྟོག་ཁྱད་པར་མ་མཐོང་བས།།
ང་ཡང་མ་ཟད་ཁྱོད་ཀྱང་སྙིང་རྗེའི་ཡུལ།།
འཁོར་འདས་དབྱེར་མེད་ཁ་ལ་འཁྱེར་བ་ཁྱོད།།
གཉིས་འཛིན་ངང་དུ་རྟག་ཏུ་རོལ་བ་ང༌།།
རགས་པའི་ཆགས་སྡང་ཁྱད་པར་མ་མཐོང་བས།།
ང་ཡང་མ་ཟད་ཁྱོད་ཀྱང་སྙིང་རྗེའི་ཡུལ།།
ཞེན་པ་བཞི་བྲལ་བྱ་ལྟར་འཕུར་བ་ཁྱོད།།
ཞེན་པའི་དྲྭ་བར་ཉ་ལྟར་ཚུད་པ་ང༌།།
ཚོར་འདུ་རགས་པར་ཁྱད་པར་མ་མཐོང་བས།།
ང་ཡང་མ་ཟད་ཁྱོད་ཀྱང་སྙིང་རྗེའི་ཡུལ།།
བདེན་སྟོང་མེད་དགག་གནས་ལུགས་ཞེན་པ་ཁྱོད།།
བདེན་འཛིན་ངང་དུ་མགོ་བོ་འཁོར་བ་ང༌།།
འཆིངས་བས་བཅིངས་ལ་ཁྱད་པར་མ་མཐོང་བས།།
ང་ཡང་མ་ཟད་ཁྱོད་ཀྱང་སྙིང་རྗེའི་ཡུལ།།
ཀློག་པའི་གྲལ་དུ་ཐལ་མོ་བསྡེབས་པ་ཁྱོད།།
རྨོངས་པའི་ཁྱུ་རུ་སྡུག་སྒུར་བྱེད་པ་ང༌།།
རགས་པའི་ང་རྒྱལ་ཁྱད་པར་མ་མཐོང་བས།།
ང་ཡང་མ་ཟད་ཁྱོད་ཀྱང་སྙིང་རྗེའི་ཡུལ།།
སྐྱ་མིན་སེར་མིན་ལམ་དུ་བསྙེག་པ་ཁྱོད།།
བན་མིན་བོན་མིན་ངང་དུ་གནས་པ་ང༌།།
མི་ཚེ་དོན་སྟོང་ཁྱད་པར་མ་མཐོང་བས།།
ང་ཡང་མ་ཟད་ཁྱོད་ཀྱང་སྙིང་རྗེའི་ཡུལ།།
སྡོམ་པས་བཅིངས་པའི་ཤིང་ལོ་རླུང་ཁྱེར་ཁྱོད།།
དགའ་མས་བཅིངས་པའི་སྡོང་ལོ་སེར་བོ་ང༌།།
རང་དབང་བྲལ་ལ་ཁྱད་པར་མ་མཐོང་བས།།
ང་ཡང་མ་ཟད་ཁྱོད་ཀྱང་སྙིང་རྗེའི་ཡུལ།།
མཐོ་བ་རྣམས་ཀྱི་ཞབས་ལ་ཕོག་པ་དང༌།།
དམའ་བ་རྣམས་ཀྱི་དབུ་ལ་ཕོག་ཀྱང་རུང༌།།
ང་ཡིས་ཁྱོད་ལ་མཐོང་ཚུལ་ངོ་མ་སྟེ།།
དེང་སང་ཁྱོད་དང་འདྲ་བའི་སྤྱོད་ཚུལ་ལོ།།
ཅེས་ཤ་དང་རུས་པའི་དྲྭ་ཐག་ཤིན་ཏུ་ཉེ་ཡང་འདུན་དང་བསམ་པའི་དམིགས་འབེན་ཁ་ཁར་གྱུར་བའི་སྤུན་མཆེད་ཤིང་ལོ་རླུང་འཁྱེར་གྱིས། གུས་པར་ཐུགས་བརྩེ་བའི་བླང་དོར་གྱི་བསླབ་བྱ་སྣ་ཚོགས་ཤིག་བསྩལ་པར་ལན་དུ་ཕུལ།།
ཤིང་ལོ་རླུང་ཁྱེར་གཅིག་པུ་ལ་ཨ་ཡིན་ན།
སྨྲས་པའི་ཚིག་གིས་བརྗོད་པའི་དོན་མི་གསལ།།
བརྗོད་འདོད་བསམ་པའི་དོན་དེ་སྨྲ་མ་ནུས།།
ཁ་དང་ཁོག་པ་ཁ་ཁ་སོ་སོ་སྟེ།།
སྙིང་རྗེ་བྱེད་མཁན་རང་ཡང་སྙིང་རྗེའི་ཡུལ།།
བཤད་པའི་ཚིག་ལ་གོ་བའི་གཏིང་མ་དཔོག།
རང་གིས་མ་གོ་བ་ཡི་ཉེས་པ་དེ།།
ཁྭ་ཏ་བཞིན་དུ་གཞན་ལ་འབད་དེ་འབྱིད།།
རིན་ཆེན་ཞེས་བྱ་དེ་ཡང་སྙིང་རྗེའི་ཡུལ།།