འཇམ་དབྱངས་ཀྱིས་ཕབ་བཤུ་དང་དག་ཞུས་བྱས།
སྤྱི་ལོ་ ༡༩༨༩ ལོར་ཨ་རིའི་སཱན་ཧྥི་རན་སི་ཁོའི་འཁྲིས་ཀྱི་སློབ་གྲྭ་ཆེན་མོ་ཞིག་གི་ནང་ལ་ཚན་རིག་པའི་མཉམ་དུ་ཚོགས་འདུ་ཞིག་འཚོགས་པ་ཡིན། ཚོགས་འདུའི་ནང་སྐད་གྲགས་ཆེ་བའི་ཨ་མི་རི་ཀའི་ཚན་རིག་པ་སྐྱེས་དམན་ཞིག་འདུག ང་ནང་པའི་ཆོས་པ་ཞིག་ཡིན་སྟབས། དང་ཐོག་སྐྱེས་དམན་དེའི་རྣམ་འགྱུར་དེ། ང་ཚོ་ཚན་རིག་པས་ནང་པའི་མཉམ་དུ་ཅི་ཞིག་བཤད་དགོས་སམ། གོ་བསྡུར་ཅི་ཞིག་བྱེད་དགོས་སམ་ལྟ་བུའི་ཁྱད་གསོད་དང་རྣམ་འགྱུར་ཐག་རིང་པོ་ཡོད་མཁན་ཞིག་འདུག ང་ཚོས་ཚོགས་འདུ་འགོ་བཙུགས་ཏེ། ནང་པས་འཇིག་རྟེན་བཀོད་པ་པོ་མི་འདོད་པ་དང་གཅིག བདག་གམ་Soulམི་འདོད་པ་དང་གཉིས། དེ་ལས་འཕྲོས་ཏེ་སེམས་ཀྱི་སྐོར་ལ་འགྲེལ་བཤད་སོགས་བརྒྱབས་པ་ན། སྔོན་རྣམ་འགྱུར་སྟོན་པའི་ཨ་ཅག་དེས་གཞི་ནས་དོ་སྣང་བྱས་ཏེ། ཁྱེད་ཚོ་ནང་པའི་བསམ་བློ་གཏོང་སྟངས་ཀྱིས་འཇིག་རྟེན་བཀོད་པ་པོ་མི་འདོད་པ་དང་། བདག་གམ་Soul མི་འདོད་པ་དེ་ཁྱད་མཚར་ཞིག་འདུག་ཅེས་ཧ་ཅང་དོ་སྣང་བྱས་ཏེ། ཇ་འཐུང་བའི་བར་ལ་ཡང་སྐད་སྒྱུར་པའི་རྩ་ལ་ཡོང་ནས། ནང་པས་དེ་ལ་ཅི་ཞིག་ཟེར་བ་རེད། འདི་ལ་ཅི་ཞིག་ཟེར་བ་རེད་སོགས་སྐད་ཆ་ཧ་ཅང་མང་པོ་འདྲི་ཡི་འདུག དེ་ལྟར་རིམ་གྱིས་ཚན་རིག་པའི་མཉམ་དུ་གོ་བསྡུར་བྱེད་པ་དང་། ཚན་རིག་པའི་ནང་ནས་ཀྱང་ཤུགས་ཆེ་རུ་དང་། དོ་སྣང་ཆེ་རུ་ཕྱིན་པ་ཙམ་དུ་མ་ཟད། ལོ་མང་པོར་མཉམ་དུ་བགྲོ་གླེང་བྱས་པའི་ཚན་རིག་པ་མང་པོ་ཞིག་གིས་དེང་སང་རྣམ་པར་ཤེས་པ་ཞེས་པ་ཞིག་ཡོད་པར་ཁས་ལེན་གྱི་འདུག ཚན་རིག་པ་ཁ་ཤས་ཀྱིས་སྐྱེ་བ་ཕྱི་མ་ཞེས་པར་ཡང་ཐེ་ཚོམ་ཞིག་འདུག མེད་པར་ཐག་གཅོད་ཐུབ་ཀྱི་མི་འདུག་ཅེས་བཤད་ཀྱི་འདུག ངས་ཀྲོག་ཀྲོག་བྱས་པའི་བཟོ་ལྟ་བུ་ཆགས་ཀྱི་འདུག་ཀྱང་། གང་ལྟར་དངོས་ཡོད་གནས་ཚུལ་ལ། ཚན་རིག་པའི་མཉམ་དུ་ཐུག་སྐབས། ཚན་རིག་པ་ཚོས་སོ་སོས་མཉམ་ཞིབ་བྱས་པའི་དོན་ཚན་དེར་འགྲེལ་བཤད་རྒྱག་པ་ན། འགྲེལ་བཤད་ཧ་ཅང་ཡག་པོ་རྒྱག་གི་འདུག ངས་འགྲེལ་བཤད་དེ་དག་ལ་ཉན་སྡོད་སྐབས། འགྲེལ་བཤད་དེ་དག་ལ་ནང་འགལ་ཏོག་ཙམ་ཡོད་ཀྱང་དེ་འཕྲལ་མཐོང་གི་འདུག འགྲེལ་བཤད་ཚར་བ་དང་དེ་ཡིན་ན་འདི་འདྲ་ཞིག་ཡིན་མི་དགོས་སམ། ཞེས་ནང་འགལ་ལྟ་བུ་བསྒྲིགས་ཡོང་བ་ན། སྔོན་དུ་ཡིད་ཆེས་ཆ་ཚང་བྱས་ནས་བཤད་པ་དེར། གནད་དོན་དེ་བསམ་བློ་གཏོང་དགོས་རྒྱུ་ཞིག་རེད་འདུག་ཅེས་ཟེར། དེ་ནི་ང་ཁྱད་དུ་འཕགས་པ་ཅི་ཡང་མིན་པར། ང་ཚོ་བོད་ལ་སློབ་སྦྱོང་བྱ་སའི་གཞུང་ཧ་ཅང་མང་པོ་ཡོད་པར་མ་ཟད། སློབ་སྦྱོང་བྱེད་སྟངས་ཀྱང་རིགས་ལམ་གྱི་ཐོག་ནས། ཁྱབ་དང་མ་ཁྱབ་ཅེས་ཧ་ཅང་རྩོད་ཀྱི་ཡོད་པ་དང་། དེས་བསམ་བློའི་ནང་ལ་སྦྱོང་བསྡུར་དམིགས་བསལ་ཞིག་ཐེབས་འདུག ངས་ད་ལྟ་ཞུ་དགོས་དོན་གཙོ་བོ་དེ། ཕྱིན་ཆད་རྒྱ་ནག་སྐམ་ས་ཆེན་པོའི་ནང་ལ། གཏིང་ཟབ་པོའི་ཐོག་ནས་བཤད་རྒྱུ་ཡོད་པའི་ནང་ཆོས་དེ། ཆོས་བཤད་ཀྱི་ཡོད་པའི་རྣམ་པས་མིན་པར། Academic (ཨེཀ་བྷྲེ་མིཀ-སློབ་གྲྭ་ཆེ་ཆུང་ཁག་དང་། གཙུག་ལག་སློབ་གཉེར་ཁང་ཁག་གི་ཤེས་ཡོན་སློབ་སྦྱོང་དང་བསམ་གཞིགས།) སྟེ་ཤེས་ཡོན་གྱི་གཞི་རྩ་བྱས་ནས་འགྲེལ་བཤད་རྒྱག་རྒྱུའི་གོ་སྐབས་བཙལ་དགོས། སློབ་གྲྭ་འདྲ་མིན་གྱི་ནང་ལ་ལེགས་སྦྱར་བཤད་པ་དང་བགྲོ་གླེང་བྱེད་པ། དྲི་བ་དྲིས་ལན་སོགས་བྱེད་ཐུབ་ན། ཤེས་ཡོན་ཅན་གྱི་ནང་ནས་ངེས་པར་དུ་ནང་པའི་ཆོས་ཀྱི་ཞག་རྩི་དེ་མཐོང་ཡོང་གི་རེད། ཡིན་ན་ཡང་ཆོས་བྱེད་དང་མི་བྱེད་ཁོ་ཚོའི་ལག་པར་ཡོད། ནང་པའི་ཆོས་ཞེས་པ་རྒྱའི་གྲྭ་པ་ལྟར་ཀྲོང་ངེར་འདུག་པ་ཙམ་དང་། ཡང་ན་བོད་པའི་གྲྭ་པ་ལྟར་ལག་ལ་ཕོར་བ་ཆེན་པོ་རེ་འཁྱེར་ཡོད་པ་ཙམ་ལ་མི་ཟེར་བར། དངོས་གནས་དྲང་གནས་ཧ་ཅང་བསམ་བློ་གཏིང་རིང་པོ་གཏོང་རྒྱུ་ཡོད་པ་དེ་ཤེས་དགོས།
གོང་ཁྲན་ཏང་གིས་ཅི་ཞིག་བྱས་ཀྱང་ཚན་རིག་དང་མཐུན་པ་ཟེར་གྱི་འདུག ཡིན་ན་ཡང་དངོས་གནས་དྲང་གནས་ནང་པའི་ཆོས་ནི་ངོ་ཐོག་ཚན་རིག་དང་མཐུན་པ་ཆགས་ཡོད། གོང་ཁྲན་ཏང་གིས་ཤ་ཞིག་གཏུབ་དགོས་བྱུང་ཡང་ཚན་རིག་དང་མཐུན་པ། མི་ཞིག་གསོད་དགོས་བྱུང་ཡང་ཚན་རིག་དང་མཐུན་པ། ཉེས་རྡུང་ཞིག་གཏོང་དགོས་བྱུང་ཡང་ཚན་རིག་དང་མཐུན་པ་བཤད་ཀྱི་འདུག་ཀྱང་། ངོ་ཐོག་ལྟར་བྱས་ན་དེ་ནི་གནོངས་ཡོད་པའི་རྟགས་རེད། ཁོ་ཚོས་ཚན་རིག་དང་མི་མཐུན་པ་ཞིག་བྱེད་ཀྱི་ཡོད་སྟབས། ཚན་རིག་དང་མཐུན་པ་ཞེས་གང་ས་གང་ལ་བཤད་ཀྱི་འདུག ཊིན་ཚེའམ་དྲང་བདེན་གྱི་སྲིད་ཇུས་ཞེས་རྟག་པར་བཤད་ཀྱི་འདུག་པ་ནི། ངོ་ཐོག་བདེན་པ་མིན་སྟབས་ཆེད་མངགས་ཊིན་ཚེ་ཞེས་ཧ་ཅང་ཤུགས་ཆེན་པོ་བཤད་དགོས་ཐུག་པ་རེད། སྔོན་༡༩༥༤ ལོར་ང་པེ་ཅན་དུ་ཡོད་སྐབས་རི་མེན་ཧྥན་ཏིན་ཏེ། མི་དམངས་ཀྱི་མགྲོན་ཁང་ཟེར་བ་ཞིག་ཏུ་བསྡད་པ་ཡིན། སྐབས་དེར་ང་ཚོ་བོད་གཞུང་གི་གཞུང་ཞབས་ཀྱང་དེར་བསྡད་ཡོད། གཞུང་ཞབས་ཤིག་གིས་ང་ལ་ནང་ཚགས་ཀྱིས་འདིར་མི་དམངས་ཟ་ཁང་ཟེར་བ་མང་པོ་འདུག་ཀྱང་། དེ་དག་གི་ནང་ལ་མི་དམངས་གཅིག་ཀྱང་མཐོང་རྒྱུ་མི་འདུག་ཟེར། དེ་བཞིན་དུ་མི་དམངས་ཀྱིས་བདེ་སྡུག་བཤད་ན་མི་དམངས་ཁྲིམས་ཁང་གིས་བདག་པོ་རྒྱག་གི་མི་འདུག དེ་ནི་གོང་ཁྲན་ཏང་རྒྱལ་རྒྱུའི་ཁྲིམས་ཁང་རེད་མ་གཏོགས་མི་དམངས་ཁྲིམས་ཁང་རེད་མི་འདུག ཡིན་ན་ཡང་མི་དམངས་ཁྲིམས་ཁང་དང་། མི་དམངས་སྲིད་གཞུང་ཞེས་གང་ས་གང་དུ་བཤད་ཀྱི་འདུག ལོ་གསུམ་མམ་བཞིའི་གོང་དུ་ང་ངོ་ཤེས་རྒྱ་གར་གྱི་ཁྲིམས་རྩོད་པ་ཞིག་ལ་ཐུག་སོང་། ཁོས་ང་རྒྱ་ནག་ལ་ཕྱིན་པ་ཡིན། རྒྱ་ནག་གི་ཁྲིམས་ཁང་མང་པོ་ཞིག་ལ་ལྟ་སྐོར་དུ་ཁྲིད་བྱུང་། ཡིན་ན་ཡང་ང་རྦད་དེ་ཡ་མཚན་སོང་། རྒྱ་ནག་གི་ཁྲིམས་ཁང་ནང་བདེ་སྡུག་གི་སྐད་ཆ་བཤད་མཁན་མི་འདུག རྒྱ་དཀར་གྱི་ཁྲིམས་ཁང་ནང་ལ་མི་ཧ་ཅང་མང་པོ་ཡོད་པར་མ་ཟད། སྐད་ཆ་ཡང་ཧ་ཅང་མང་པོ་བཤད་ཀྱི་རེད་ཅེས་ཡ་མཚན་ནས་བཤད་སོང་། དེར་བརྟེན་ཤེས་ཡོན་ཅན་རྣམས་ལ་སྔོན་ལ་ནང་ཆོས་ཀྱི་ལྟ་གྲུབ་བཤད་རྒྱུ་གལ་ཆེན་པོ་ཞིག་མཐོང་བ་ལྟར། ང་ཚོས་ད་ལོའི་ལོ་འགོ་ནས་བཀའ་འགྱུར་དང་བསྟན་འགྱུར་པོ་ཏི་སུམ་བརྒྱའི་ནང་ནས། ༡༽ རྡུལ་ཕྲན་ལ་སོགས་པའི་ཕྱིའི་དངོས་ཁམས་རིག་པ། ༢༽ ནང་གི་སེམས་སེམས་བྱུང་གིས་མཚོན་པའི་སེམས་ཁམས་རིག་པ་བཅས་ཚན་རིག་གི་སྡེ་ཚན་ཞིག་ཟུར་དུ་ཕྱེ་ཞིང་། དེ་དག་གི་ནང་ལ་ལེགས་ཉེས་དང་བླང་དོར་གྱི་སྐོར་གང་ཡང་མེད་། ཡང་། ༣༽ ཕྲ་བའི་མི་རྟག་པ་དང་བདག་མེད། རྟེན་ཅིང་འབྲེལ་བར་འབྱུང་བའི་ལྟ་གྲུབ་ཀྱི་སྡེ་ཚན་གཅིག་སྟེ། Philosophy ཀྱི་སྡེ་ཚན་གཅིག ༤༽ དེ་ནས་ནང་པའི་ཆོས་ཀྱི་སྡེ་ཚན་བཅས་སྡེ་ཚན་བཞི་ཕྱེ་ཡོད། ཕལ་ཆེར་ལོ་འདིའི་ནང་ལ་ཚར་ཐུབ། ང་ཚོས་དེ་དབྱིན་ཇིའི་སྐད་དང་རྒྱ་སྐད་ནང་བསྒྱུར་རྒྱུའི་བསམ་བློ་གཏོང་གི་ཡོད། ངའི་དམིགས་ཡུལ་ཡང་དེ་ཡིན། སངས་རྒྱས་པའི་ཆོས་ཀྱི་ནང་ལ་སྨོན་ལམ་རྒྱག་པ་དང་འདོན་པ་བཏོན་པ་ལྟ་བུ་མིན་པར། དངོས་ཡོད་གནས་ཚུལ་ལ་འགྲེལ་བཤད་ཧ་ཅང་ཡོད་པ་དེ། ད་ལྟའི་འཛམ་བུ་གླིང་འདིའི་སྒང་ལ་སྤེལ་ཐུབ་པ་ཞིག་བྱུང་ན། མི་མང་པོ་ལ་ཕན་པར་མ་ཟད། སེམས་ཀྱི་རྣམ་བཞག་སྐོར་ལ་ཚན་རིག་པ་མང་པོས་ནང་པའི་གཞུང་ནས་བཤད་པ་དེ་ཚོ་ཧ་ཅང་དོ་གལ་ཆེན་པོར་བརྩི་ཡི་འདུག ཤེས་ཡོན་ཅན་ཚོའི་ནང་ལ་ནང་ཆོས་ངོ་སྤྲོད་བྱེད་སྟངས་གཅིག་དང་། སློབ་གྲྭ་ཁག་གི་ནང་ལ་ལེགས་སྦྱར་གཏོང་བ་ལྟ་བུའི་གོ་བསྡུར་མང་ཙམ་བྱེད་ཐུབ་དགོས།
སྙིགས་དུས་ཀྱི་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།
ནང་པའི་ཆོས་ཀྱི་ཡང་སྙིང་རྟེན་འབྲེལ་དང་ལྟོས་གྲུབ་ཀྱི་ལྟ་བའི་ཐོག་ནས་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་འཇོག་གི་ཡོད་པ་གསལ་བོ་རེད། རྒྱ་བོད་ཀྱི་མཁས་གྲུབ་དུ་མས་མགྲིན་གཅིག་ཏུ་བསྔགས་པས་རིགས་པའི་རྒྱལ་པོ་རྟེན་འབྲེལ་གྱི་རྣམ་བཞག་གཙོ་བོ་ཤེར་ཕྱིན་གྱི་མདོ་ཡི་སྐབས་སུ་བསྟན་ཅིང་། དབུ་མའི་ཤིང་རྟའི་སྲོལ་འབྱེད་མགོན་པོ་ཀླུ་སྒྲུབ་ཡབ་སྲས་ནས་བརྒྱུད་དེ་བོད་གངས་ཅན་གྱི་ལྗོངས་སུ་རྗེ་མི་ལ་དང་ཆོས་རྗེ་གཙང་བ་རྒྱ་རས་པ་དང་རྗེ་ཙོང་ཁ་བ་སོགས་ཀྱིས་རྟེན་འབྱུང་གི་རྣམ་བཞག་གཙོ་བོ་བྱས་ནས་བསྟན་ཡོད་པ་མགུར་དང་གསུང་འབུམ་ཁྲོད་ན་གསེར་ལྟར་ལྷམ་མེ་ལྷན་ནེ་ལྷང་ངེ་རེད། ད་རྩི་ཤིང་ལ་སྲོག་ཡོད་མེད་ཟེར་དུས་རྟེན་འབྱུང་གི་ལྟ་བའི་ཐོག་ནས་བཤད་ན་ཚན་རིག་པ་ཚོ་ལྐུགས་པ་ཆགས་རྒྱུ་ལས་མངོན་སུམ་གྱི་རྟགས་ཀྱིས་བསྒྲུབ་ཐུབ་པ་ཞིག་གང་ནས་ཡིན། སྲོག་ཡོད་ན་རྣམ་ཤེས་ཡོད་པས་ཁྱབ་པ་འཇོག་གི་མེད་ལ། ནང་པས་སྐྱེ་བ་སྔ་ཕྱི་ཟེར་བ་དེ་རྣམ་ཤེས་ཀྱི་རྒྱུན་གྱི་ཐོག་ནས་འཇོག་གི་ཡོད་པ་དང་རྟེན་འབྱུང་གི་བསམ་བློའི་ཐོག་ནས་འཇོག་གི་ཡོད། སྐྱེ་མ་ཐག་པའི་ཕྲུ་གུ་ཆོས་ཅན། རང་གི་རིག་པ་སྔ་མ་སྔོན་དུ་སོང་སྟེ། རིག་པ་ཡིན་པའི་ཕྱིར། ཟེར་ན་རྟགས་ཡང་དག་ཡིན་མིན་མི་ཤེས་མོད། ཕ་རོལ་བ་ལ་རྒྱུ་མཚན་ཡང་དག་ཏུ་འགྲོ་ངེས་ཡིན། རྣམ་ཤེས་ཀྱི་རྟེན་བྱེད་མཁན་ཞིག་ལ་སྲོག་ཅེས་ཟེར་བ་ཡིན། ལུས་སེམས་རྟེན་དང་བརྟེན་པའི་འབྲེལ་བ་ཆད་པ་ལ་འཆི་བ་ཟེར། སྔར་མེད་པའི་ལུས་གསར་བ་ཞིག་བླངས་བ་ལ་སྐྱེ་བ་ཟེར། དེས་ན་སྲོག་ཡོད་ན་འཆི་བ་ཡོད། སྲོག་མེད་ན་འཆི་བ་མེད། ཚན་རིག་པས། རྩི་ཤིང་ཆོས་ཅན། སྲོག་ལྡན་ཡིན་ཏེ། དབུགས་གཏོང་ལེན་བྱེད་པའི་ཕྱིར། ཟེར་ན། ང་ཚོས་དེ་ལ་ལན་ཅི་ཞིག་འདེབས། རྟགས་མ་གྲུབ་ཟེར་ན། རྩི་ཤིང་གིས་དབུགས་གཏོང་ལེན་བྱེད་པ་དང་ཟས་ལ་སྤྱོད་པ་སོགས་བརྟགས་དཔྱད་བརྒྱ་ཕྲག་མང་པོས་གྲུབ་འབྲས་བསྟན་ཚར་བ་རེད། མ་ཁྱབ་ཟེར་ན། སྲོག་ཅེས་པའི་ཐ་སྙད་གང་འདྲ་ཞིག་སྦྱོར་འོས་ལྟ་དགོས་པ་རེད། life་ཟེར་བ་དེ་རྩི་ཤིང་ལ་ཡོད་པར་ཁས་ལེན་མོད། བླ་སྲོག་soul་ཟེར་བ་དེ་རྩི་ཤིང་བཞག་གི་མེད་པ་འདྲ། རྩི་ཤིང་གི་ནང་དུ་སྲོག་ལྡན་ཡོད་པ་ང་ཚོས་ཀྱང་ཁས་ལེན་མོད། ཡིན་ན་ཡང་ང་ཚོས་རྩི་ཤིང་སྲོག་ལྡན་ཡིན་ཟེར་གི་མ་རེད། འདིའི་སྐོར་ལ་དཔྱད་པའི་སྒོ་མང་བས་རེ་ཞིག་དེ་ཙམ་བྱ།།
ནང་ཆོས་ལ་སྡེ་ཚན་གསུམ་དུ་དབྱེ་ཚུལ། ༼ ནང་ཆོས་ཀྱི་ལྟ་གྲུབ། ནང་ཆོས་ཀྱི་ཉམས་ལེན། ནང་ཆོས་ཀྱི་ཚན་རིག ༽དེ་གསུམ་རེ་རེ་ལ་མཚན་གཞི་ཙམ་བཞག་ན། སྐྱེ་བ་སྔ་ཕྱི་འདོད་པ་དང་དགེ་སྡིག་གི་རྣམ་བཞག་འདོད་པ་སོགས་ནི་ནང་ཆོས་ཀྱི་ལྟ་གྲུབ་ཁོངས་སུ་འདུས། དགེ་སྡིག་གི་རྣམ་བཞག་ལ་བརྟེན་ནས་སྡིག་པ་སྤོང་བ་དང་དགེ་བ་སྒྲུབ་པ་སོགས་ནི་ནང་ཆོས་ཀྱི་ཉམས་ལེན་ཁོངས་སུ་འདུས། རྡུལ་ཕྲན་གྱི་རྣམ་བཞག་དང་འཇིག་རྟེན་ཆགས་ཚུལ་དང་གཞི་བདེན་པ་གཉིས་ཀྱི་རྣམ་བཞག་སོགས་ནི་ནང་ཆོས་ཀྱི་ཚན་རིག་ཁོངས་སུ་འདུས།
གོང་ས་མཆོག་གི་ཚན་རིག་གི་དགེ་རྒན་ཐོག་མ་ནི། ནུབ་འཇར་མན་སྲིད་འཛིན་གྱི་སྤུན་མཆེད་ཡིན་པའི་མཚན་ཉིད་རིག་པ་བ་དང་དངོས་ཁམས་རིག་པ་བ་Weizsacker ཟེར་བ་ཁོང་རེད།
ཚན་རིག་ནི་ཀུན་སྤྱོད་ཀྱིས་ཕོངས། ནང་ཆོས་ནི་དངོས་གཙོས་ཕོངས་བ་ཡིན་ཟེར། འཇིག་རྟེན་བྱེད་པ་པོ་མི་འདོད་པའི་ནང་ཚན་གྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་ནི་རྒྱུ་འབྲས་ཀྱི་རྣམ་བཞག་འདི་རེད། ཡིན་ན་ཡང་ཚན་རིག་པས་འདོད་པའི་སེམས་ཀྱི་རྣམ་བཞག་འདི་ཧ་ཅང་རྗེས་ལུས་ཡིན་པ་དང་ད་དུང་ཡར་རྒྱས་ཀྱི་རྣམ་པར་འགྲོ་དགོས་པ་དང་ནམ་ཞིག་ན་སེམས་ཀྱིས་དབང་བསྒྱུར་བྱེད་པའི་གནས་ལུགས་རྟོགས་སོང་ན་དེ་ནས་བཟུང་ལས་འབྲས་རྣམ་བཞག་ཁས་མ་བླངས་ཐབས་མེད་རེད། ནང་ཆོས་ཀྱི་ནང་དུ་བཀོད་པའི་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་མ་ཡིན་པར་སེམས་ཀྱི་བག་ཆགས་སམ་ལས་ཟེར་བ་དེ་རེད། འདི་ཚན་རིག་པས་འཇོག་མི་ཤེས། རྒྱུ་མཚན་ནི་སེམས་ཀྱི་རྣམ་བཞག་ཡག་པོ་ཞིག་འཇོག་མ་ཤེས་པའི་དབང་གི་རེད། ཁོང་ཚོས། ཀླད་པའི་དབང་རྩ་དང་འབྲེལ་ནས་རྫས་ཀྱི་གཡོ་འགུལ་ཞིག་ལ་འདོད་པས་རེད།
ཚན་རིག་པ་ལ་རིགས་མི་འདྲ་བ་སྣ་ཚོགས་དང་། སངས་རྒྱས་པ་ལ་ཡང་རིགས་མི་འདྲ་བ་སྣ་ཚོགས་ཡོད། རྒྱས་སྲས་དོན་ཀུན་གྲུབ་པ་མངོན་པར་རྫོགས་པར་སངས་རྒྱས་པ་ན། ཚན་རིག་རྟོག་དཔྱོད་ཀྱིས་འཇིག་རྟེན་བྱེད་པ་པོ་སེམས་ལྡན་ཞིག་མེད་པར་རང་རང་གི་ལས་ལས་སྐྱེས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་དབང་གིས་ཡིན་གསུངས། དོན་འདི་མཐོང་ནས་དིང་དུས་ཚན་རིག་གི་ཡང་རྩེར་སོན་པ། ཨལྦེརྟ ཨེཨིནསྟེཨིན་ Albert Einstein ཞེས་པས་ང་ལ་ཆོས་ཤིག་དམིགས་བསལ་མེད། གལ་ཏེ་ངས་ཆོས་ཤིག་ལེན་དགོས་ན། སངས་རྒྱས་པའི་ཆོས་ལེན་ནོ། ཞེས་སྨྲས་པ་ཐོས། དེ་ཡང་སྔོན་རྟ་ཐུལ་གྱིས།
ཆོས་རྣམས་གང་དག་རྒྱུ་ལས་བྱུང་བ་དང་།
དེ་ཡི་རྒྱུ་དང་དེ་འགོག་གང་ཡིན་པའང་།
དེ་བཤིན་གཤེགས་པ་ཉིད་ཀྱིས་བཀའ་སྩལ་ཏེ།
དེ་སྐད་གསུང་བའི་ཚུལ་ཅན་དགེ་སྦྱོང་ཆེ།། བཀའ་འགྱུར་དཔེ་བསྡུར་མ། འདུལ་བ་ཀ་པ། ཤོག་ ༧༥
ཚིགས་བཅད་འདི་ཐོས་མ་ཐག་ཏུ། དེ་དུས་ཀྱི་ཚན་རིག་པ། ཤ་རིའི་བུས་བདེན་པ་མངོན་སུམ་དུ་རྟོགས་ཏེ། འདི་སྐད་སྨྲས།
སྐྱོབ་པ་རྣམས་ཀྱི་དམ་པའི་ཆོས།
བསྐལ་པ་བྱེ་བ་ཁྲག་ཁྲིག་ཏུ།
འཆི་མེད་མྱ་ངན་འདས་པ་ཡི།
གོ་འཕང་འདི་ལ་རྗེས་སུ་རྟོགས། གོང་གསལ་ ཤོག་ ༧༦
འདི་བཞིན་དུ་བོད་ཀྱི་རིག་གཞུང་གི་དཔེ་ཆ་རྣམས་ན། ཚན་རིག་དང་མཐུན་པའི་གཏམ་སྣ་ཚོགས་པ་ཡོད་ན། བོད་རིག་གཞུང་གི་སྐད་དང་དེ་དག་གི་ཡི་གེའི་དག་ཆ་ཀུན་འཆལ་འཆོལ་དུ་མ་གཏང་བར་བསྲུང་དགོས་ཀྱང་། དེ་དག་ལ་བལྟོས་མེད་བྱེད་པ་འགའ་ཞིག་གིས་ཚིག་རྩུབ་སྣ་ཚོགས་གླེང་བ་ཡོད་ཀྱང་། སྔར་མདོ་སྨད་པ་དགེ་བཤེས་རབ་རྒྱ་མཚོས་དག་ཆ་ལ་བསྲུང་སྐྱོབ་མཛད་པ་ན། དག་ཆ་མི་ཤེས་པ་དག་གིས་སྐྱོན་བརྗོད་ཀྱི་དབང་གིས་བོད་དབུས་སུ་བཞུགས་མ་ཐུབ་པར་ཕྱི་ལོགས་སུ་ཕེབས་དགོས་བྱུང་བར་ཐུགས་ཕམ་པའི་ཚིགས་བཅད་འདི་ལྟར་བྲིས་པ་མཐོང་། དེ་ཡང་།
དང་པོ་གོ་མིང་ཏང་གིས་བཀུར།
ད་ལྟ་གུན་ཁྲན་ཏང་གིས་བཀུར།
སྟོན་པས་བདེན་པ་རྒྱལ་ལོ་ཞེས།
གསུངས་པར་དགའ་བས་སྙིང་ཁ་གང་།།
ཞེས་པ་བཞིན་དུ། བོད་རིག་གཞུང་སྐད་ཀྱི་དག་ཆ་སྲུང་བ་པོ་ཀུན་ལ་བོད་སྐད་དབྱངས་ཀྱི་ལྷ་མོས་སྲུང་སྐྱོབ་ངེས་པར་དུ་མཛད་དོ།།
ཁ་སྔོན་གསུང་ཆོས་སྐབས་ལ་རྒྱལ་བ་རིན་པོ་ཆེས་བུད་མེད་ལ་སྐྱེ་དམན་ཞེས་མ་ལབ། དེ་འདྲ་བྱས་ན་སྔགས་ཀྱི་སྡོམ་པ་ཉམས་ཀྱི་རེད། ཅེས་གསུངས་སོང་། འདིར་རྒྱལ་བའི་གསུང་ནང་ལ་སྐྱེ་དམན་ཞེས་བྲིས་འདུག་པས། ཚིག་འདི་རྒྱལ་བ་རིན་པོ་ཆེས་གསུངས་པ་རེད་དམ། ཡང་ན་འཇམ་དབྱངས་ཀྱིས་གསར་འཇུག་བྱས་པ་རས་གསལ་བཤད་ཤིག་ཡོད་པ་ཞུ།
ཐུགས་རྗེ་ཆེ།
སྐྱེས་པ། ཞེས་ཕོ་གང་སུ་ཡིན་ལ་བརྗོད་དགོས་པ་དང་། དེ་བཞིན་མོ་གང་སུ་ཡིན་ལ། སྐྱེས་མ། ཞེས་བརྗོད་དགོས་པ་ཡིན་ཀྱང་། དབུས་གཙང་དུ་བོད་སྐད་སྒྲ་མ་དག་པར་འདོན་པ་དག་གིས་ཁྱོག་ནས། སྐྱེ་དམན། ཞེས་འབྲི་བར་བྱེད་དོ། །དེ་ཡང་ལ་དྭགས་སུ་ལྷ་མི་ལ་ཞུགས་པ་རྣམས་ཀྱིས། སྐྱེས་པ། ཞེས་འབོད་པས། སྐྱེས་མ། ཞེས་འབོད་དགོས་པ་ཡང་ཤུགས་ལ་རྟོགས་སོ།།
སྐྱེ་དམན་སྐྱེ་བ་དམན་པ་སྟེ། སྐྱེས་སྨན་སྐྱེས་པར་སྨན་པའོ། དེ་ཕྱིར་དེ་ལྟར་བརྗོད་པས་་ཀྱང་། སྒྲ་ནི་ཉེ་བར་གནས་པའོ།
སྐྱེས་མཐོ་མེད་པས་སྐྱེས་དམན་མེད། །
སྐྱེས་པར་སྨན་པས་སྐྱེས་སྨན་བཟང་། །
སྐྱེས་པ་སྐྱེས་མ་ཕོ་མོ་ཙམ། །
བཞིན་བཟང་མ་དང་བུད་མེད་སྨྲོས། །
མདོ་སྨད་པ་དགེ་བཤེས་ཤེས་རབ་རྒྱ་མཚོ་ཁོང་ནི་བོད་ཀྱི་བླ་ཆེན་དང་མི་ཆེན། དེ་བཞིན་མཁས་པའི་གོ་སར་འགྱིང་པའི་མི་མཐོ་དམན་སུ་འདྲ་ཞིག་ཡིན་ན་དེའི་མདུན་དུ་ཡ་ཡོ་མེད་པའི་ཞལ་གསངས་པོ་དང་ཁ་རུ་ཁར་ཐུག་གནང་ཐུབ་མཁན་གྱི་མཁས་དབང་རྩོད་མེད་ཅིག་རེད། བསྟན་འཛིན་སྐྱེས་བུ་མིང་དོན་མཚུངས་པ་ཞིག་ཀྱང་རེད་ལ། ལྷག་པར་ཁོང་ཉིད་ཀྱི་གསུང་རྩོམ་དག་ལ་གཞིགས་ན་ལས་འབྲས་གཙིགས་སུ་འཛིན་པ་དང་རྩོམ་ལུས་ཀྱི་ཆ་ནས་བལྟས་ན་བོད་རང་གི་ཐུན་མོང་མ་ཡིན་པའི་མིང་བརྡའི་སྐད་དང་མཐུན་པར་ཅི་ཐོན་དུ་མཛད་པ་ཞིག་ཏུ་འདུག ། དགུང་ལོ་གཞོན་དུས་ཀྱི་རྩོམ་ཉམས་ནི་རྒྱ་གར་ལྷོ་པའི་ལུགས་ལྟར་སྦྱར་བ་མང་ཞིང་། རྗེས་སུ་ལྷ་ས་ནས་བཞུགས་སྐབས་ཡུལ་དུས་གནས་བབས་དང་འབྲེལ་འདྲིས་དབང་གིས་རྒྱ་གར་ཤར་བའི་ལུགས་ལྟར་བརྗོད་པ་གསལ་བ་དང་སྒྲ་རྩུབ་པའི་སྡེབ་སྦྱོར་ལ་དགའ་མོས་ཆེ་བར་བྱུང་བ་ཡང་གསལ་བོ་རེད། ཁོང་ནི་གཞུང་ལུགས་རབ་འབྱམས་ལ་མཁྱེན་རྒྱ་ཡངས་པར་མ་ཟད། ཡིག་ཆའི་ཞེན་ཁོག་ཙམ་གྱིས་མཆོང་རྒྱུག་མི་བྱེད་པར་བཤད་སྲོལ་དང་རིགས་པ་འདྲ་མི་འདྲ། མཁས་པའི་ལམ་སྲོལ་གང་མཆིས་ལ་འདྲིས་པ། རྗེ་ཡབ་སྲས་ཀྱི་ལེགས་བཤད་ཀྱི་དགོངས་པ་དཔྱིས་ཕྱིན་འཚོལ་བ་ལ་ཞུགས་པའི་མཁས་པ་མིང་དོན་མཚུངས་པ་ཞིག་རེད། མདོར་ན་དགེ་བཤེས་རིན་པོ་ཆེ་ཁོང་གི་སྐུ་ཚེའི་མཛད་པ་མཐའ་དག་སངས་རྒྱས་ཀྱི་བསྟན་པ་དང་མི་རིགས་མཐུན་འབྲེལ། ཡ་རབས་སྤྱོད་བཟང་དང་ཤེས་རིག་གོང་འཕེལ་གྱི་ཆེད་དུ་ལེགས་སྐྱེས་ཕུལ་ཡོད་པ་ནི་སྨོས་ཅི་དགོས། རྒྱ་བོད་སོག་གསུམ་ཁྲོད་ན་ཁོང་གི་དངོས་སློབ་བགྲང་གིས་མི་ལང་། པེ་ཅིན་དང་མཚོ་སྔོན། ཀན་སུའུ་སོགས་སུ་ཡང་ད་ལྟའི་བར་བོད་ཀྱི་ཆོས་དང་རིག་གཞུང་གི་ཐད་ནས་མཛད་རྗེས་རླབས་པོ་ཆེ་བཞག་གནང་པའི་མི་སྣ་གང་མང་ཡོད་པ་མིག་མཐོང་གི་གནས་ཚུལ་ཞིག་རེད། འོན་ཀྱང་གནས་སྟངས་གཞན་ཞིག་གི་ངོས་ནས་བལྟས་ན་བོད་མི་ལ་ལས། པཎ་ཆེན་རིན་པོ་ཆེར་ཚོང་པ་རྒྱགས་པ་དང་དགེ་བཤེས་རིན་པོ་ཆེར་ཏང་གི་རྒྱུག་ཁྱི་སོགས་ཁ་སྨོས་ཕོག་ཡོད་པ་རེད། གདེངས་འཇོག་མཐོ་བའི་བསམ་བློ་བ་ཞིག་གིས་བལྟས་ན་ཁོང་ཚོ་དགོས་རྒྱུ་ནི་སྲིད་གཞུང་གི་གོ་གནས་མ་རེད་ལ། མིང་སྙན་གྲགས་དེ་བས་ཀྱང་མ་རེད། ཕྱོགས་གཅིག་ནས་བལྟས་ན་དགེ་བཤེས་རིན་པོ་ཆེས་ཏང་གི་མགོ་ཁྲིད་མང་པོ་ལ་བསྟོད་པ་ཡང་མཛད་ཡོད་པ་རེད། དཔེར་ན། མོ་རྩེ་ཏུང་ཞེས་གྲགས་པའི་སྤྲིན་ཆེན་པོ།།ནམ་མཁའི་མཐོངས་ན་གདུགས་ལྟར་གཡོ་བའི་རླབས།།སུས་ཀྱང་མ་ནོན་ཚངས་པའི་འཇིག་རྟེན་ན།།མེས་པོ་རྣ་བ་བརྒྱད་པའི་རོལ་མོ་བྱེད།། ཞེས་མོའུ་ནི་ཚུ་སྡུག་སྐྱོབ་པའི་སྤྲིན་དང་སུས་ཀྱང་ནོན་མ་ཐུབ་པའི་ལྷ་ཆེན་ཚངས་པ་ལྟ་བུར་བསྟོད་བསྔགས་མཛད་ཀྱང་། སྐབས་དེ་དུས་ནི་སྲིད་ཀྱི་ཁ་ལོ་བས་སངས་རྒྱས་ཀྱི་བསྟན་པ་དང་བོད་ཀྱི་ཚེ་སྲོག་ལ་གནོད་འཚེ་ཏིལ་ཙམ་ཡང་མི་རྩོམ་པའི་ཁས་ལེན་བྱས་པ་དང་ཚིག་རྗེས་དོན་གྱི་གཏིང་གནོན་དུ་དགོན་པ་ཉམས་གསོ་དང་གྲྭ་བའི་འཚོ་རྐྱེན་གང་མང་ཞིག་རོགས་རམ་སྟར་བཞིན་པའི་སྒང་ཡིན་སྟབས། དགེ་བཤེས་རིན་པོ་ཆེས། མོ་ཙེ་ཏུང་གི་དགོངས་དབྱིངས་ནམ་མཁའི་མཐོངས།།སྤྱི་ཚོགས་གཞན་ཕན་བདུད་རྩིའི་རྒྱ་མཚོ་ཆེ།།སྲས་གཙང་སྲས་ཀྱི་ལུང་རྟོགས་ཉི་ཟླའི་འོད།།འཛིན་མའི་ཁྱོན་ན་དགེ་བར་ཁོ་བས་འཁུམས།།
ཞེས་གསུངས་པ་ནི། སྐབས་དེ་དུས་ཀྱི་གནས་སྟངས་ནི་སུ་གང་གིས་བློ་ཡུལ་དུ་མི་ཤོང་བ་ཞིག་རེད། ཁོང་གིས་ཛ་དྲག་ཆེ་བ་དང་ཆོས་སྲིད་ཀྱི་འབྲེལ་བ་ནི་གལ་ཆེ་བར་དགོངས་ཡོད་པ་གསལ་བོ་རེད། དོན་དངོས་ཐོག་བྱེད་སྟངས་དེ་ཚོ་ལ་བསྔགས་བརྗོད་གནང་བ་ནི་ད་ལྟ་བོད་ནང་དུ་རང་དབང་ཅུང་ཟད་ཡོད་པའི་སྐབས་མི་འགའ་གིས་དགེ་བཤེས་ཚང་ལ་སྐྱོན་བརྗོད་དང་འཕྱ་སྨོད་བྱེད་སྤྱད་ཀྱི་ཡོ་བྱད་ལྟ་བུ་ཞིག་གྱུར་ཡོད་པ་རེད། དངོས་གནས་བཤད་ན་རིག་གནས་གསར་བརྗེའི་སྐབས་དང་མི་འདྲ་བར་དེང་སང་རྒྱ་ནག་ལ་འཕོ་འགྱུར་ཆེན་པོ་ཞིག་ཕྱིན་ཡོད་པ་རེད། རིག་གསར་སྐབས་གངས་ཅན་ཆོས་ལྡན་གྱི་ཞིང་འདིར་ཕྱོགས་གང་ས་ནས་ལྷ་མེད་རིང་ལུགས་པས་ལྷ་ཡོད་རིང་ལུགས་པར་རྒོལ་བའི་དཔུང་ངར་ཤུགས་ཆེར་དར་བའི་སྐབས་ཡིན་པ་ཡང་རིན་པོ་ཆེ་ཁོང་གིས་མཁྱེན་ཡོད་པ་རེད། ཕྱོགས་གཅིག་ནས་དབང་ཆ་གཅིག་སྡུད་ཀྱི་འདོད་བློ་མེ་ལྟར་འབར་བ། མི་གསོད་ཁྲག་སྦྱོར་གྱི་ཆགས་འཇིག་ཡ་ང་བའི་གནས་སྟངས་དེ་འདྲའི་འོག་སངས་རྒྱས་ཀྱི་བསྟན་པ་ཉེན་ཁའི་མཚམས་སུ་བསླེབས་དུས་དེའི་རྒྱུ་རྐྱེན་གང་མང་ཞིག་ལ་ཐུག་ཡོད་པ་ཁོང་གིས་བྲིས་པའི་རྩོམ་ཡིག་དེ་ཚོ་བཀླགས་ན་ཝ་ལེར་འཆར་ཐུབ། བཀའ་རྩོམ་ལས། རང་གི་ཆོས་ལུགས་རྩ་ལྟར་འདོར་བའི་བློ།།རང་གཤེད་གཟུགས་མེད་མི་དགེའི་མགོ་དགུ་པ།།རང་སྐྱོང་ཞིབ་མོའི་རིག་པས་གཟིར་བའི་མུར།།རང་དང་གུང་ཕྲན་རྡོ་རྗེ་སྤུན་དུ་བསྡེབས།།
དུས་རབས་ཀྱི་རྦ་རླབས་གཡོ་བ་མེད་པའི་བོད་ཀྱི་གནས་སྟངས་དེ་འདྲའི་འོག་མ་འོངས་པའི་བྱ་བ་ཐིག་ཚོད་དཀའ་བའི་གསུང་སྐད་ཅིག་རེད་ལ། གོ་སྐབས་དེར་ག་ལེར་ཁ་བཤད་དང་ལག་ལེན་མི་མཚུངས་པའི་སྲིད་དོན་པའི་སྡེར་མོ་ཤ་གསེང་ནས་ཐོན་པ་ལྟར་བོད་ཀྱི་རིག་གཞུང་དང་བཅས་པ་རྩ་སྟོར་གཏོང་འཆར་གྱི་ཚོགས་ཆེན་ཞིག་གི་སྟེང་དུ་ དགེ་བཤེས་རིན་པོ་ཆེས་མངོན་སུམ་འཛེམས་མེད་ཀྱིས་མོའུ་ལ་སྐྱོན་བརྗོད་དང་ཁ་བརྡུང་དྲག་པོ་བཏང་ཡོད་པ་དང་། གནས་ཚུལ་འདི་དག་པཎ་ཆེན་རིན་པོ་ཆེའི་ལོ་རྒྱུས་ན་གསལ་བོ་རེད། མོའུ་ལ་མཛུབ་མོ་བཙུགས་ནས་དངོས་སུ་ཁ་བརྡུང་གཏོང་ནུས་མཁན་ཧ་ལམ་བོད་མི་རིགས་ཁྲོད་ན་ཁོང་གཅིག་བུ་ཡིན་རྒྱུ་རེད།
མཐའ་མར་དགེ་བཤེས་རིན་པོ་ཁོང་ལ་མ་ཉེས་ཁག་གཡོགས་དང་པཎ་ཆེན་ཕྱོགས་ཁག་གི་ཡིག་འབྲུ་ཁྲི་བདུན་གྱི་ཞུ་དག་པ་དང་ས་བོན་འདེབས་མཁན་གྱི་གཏེ་དཔོན་དུ་ངོས་འཛིན་བྱས་ཏེ་དགུང་གྲངས་བརྒྱད་ཅུ་ལྷག་ཟིན་པའི་དགེ་བཤེས་ལགས་གྲལ་རིམ་འཐབ་རྩོད་ཀྱི་ནང་དུ་ལྷུང་སྟེ་སྐུ་ངལ་ཚད་མེད་མྱངས། པཎ་ཆེན་རིན་པོ་ཆེ་དང་དགེ་བཤེས་རིན་པོ་ཆེ་ལ་སོགས་པ་ཁོང་རྣམ་པས་དགོངས་དབྱིངས་གཅིག་མཐུན་གྱིས་སངས་རྒྱས་ཀྱི་བསྟན་པ་དང་བོད་མི་རིགས་ཆགས་འཇིག་གི་གནད་དོན་ལ་ཐུག་པའི་མཛད་རྗེས་ལ་ངོས་ཟིན་ཐོབ་པའི་མི་སྣ་ཡང་ཉུང་ངུ་ཙམ་ཞིག་མ་གཏོགས་བྱུང་མེད་པ་ནི་སྐྱོ་དགོས་པའི་གནས་སྟངས་ཤིག་རེད། ཕྱོགས་མང་པོ་ཞིག་ནས་ཞིབ་འཇུག་བྱས་ན་མཐའ་མར་དགེ་བཤེས་ཚང་བཙོན་ཁང་དུ་ལྷག་དགོས་པའི་གནད་དོན་ནི་པཎ་ཆེན་རིན་པོ་ཆེའི་བཀའ་སློབ་ལས།༼༡༩༦༡་ལོར་ང་རང་བོད་ལྗོངས་ཀྱི་ས་ཁུལ་ཁ་ཤས་དང་།རང་གི་ཕ་ཡུལ་མཚོ་སྔོན་དུ་ཡོང་བ་ན་ཡུལ་མི་རྣམས་ཀྱིས་སྡོང་ཤུན་དང་ལྡུམ་བུ་སོགས་ཟོས་བས། ཁ་ངོ་སྐྲང་བ་སོགས་ཀྱི་གནས་ཚུལ་མང་པོ་དངོས་སུ་མཐོང་རྗེས་ངས་སྙིང་ནས་མ་བཟོད་པར་ཕྱིར་པེ་ཅིན་དུ་སོང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཀྲུའུ་ཨེན་ལེ་ལ་ཕུལ་བའི་སྙན་ཞུ་ཞེས་པ་ཞིག་བྲིས་ཏེ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་དང་ཆབ་སྲིད་ཇུས་སོགས་རྒྱ་ཁྱོན་ཆུང་ངུ་ཞིག་ལ་ཕུལ་བ་ཡིན། ཏང་གི་སྒྲིག་ཡིག་ནང་དུའང་བསམ་འཆར་མི་འདྲ་བ་ཅི་ཡོད་ན་བཤད་ཆོག་ཅེས་བཀོད་ཡོད་པས། ང་རང་གིས་བྲིས་པའི་བསམ་འཆར་དེའང་ཏང་གི་སྒྲིག་ཡིག་གི་དགོངས་དོན་ལྟར་བྲིས་པ་ཡིན། སྙན་ཞུ་དེའི་ནང་གཙོ་བོ་བོད་ལྗོངས་དང་བོད་ཁུལ་གྱི་ང་བརྒྱད་ལོའི་དམངས་གཙོ་བཅོས་བསྒྱུར་བྱེད་སྐབས་ཀྱི་གནས་ཚུལ་མང་པོ་བྲིས་ཡོད།ངས་འབྲི་བའི་སྐབས་སུ་དགེ་བཤེས་ཤེས་རབ་རྒྱ་མཚོ་ཚང་ལ་བསྟན་མ་མྱོང་། བྲིས་ཚར་ནས་དཔར་བསྐྲུན་བྱས་རྗེས་ཁོང་བ་ཕུལ་བ་མ་གཏོགས་ངེད་གཉིས་ཁ་མཐུན་མཉམ་བགྲོས་གཏན་ནས་བྱས་མ་མྱོང་མོད། འོན་ཀྱང་རིག་གནས་གསར་བརྗེ་ཡི་སྐབས་སུ་པཎ་ཆེན་ཕྱོགས་ཁག་ཅེས་པའི་མི་མང་པོར་བརྡུང་རྡེག་བྱས་ཏེ་མཐར་མི་ཉུང་བ་ཞིག་ཤི་སོང་བ་རེད། དགེ་བཤེས་ཚང་ཡང་འདི་ལས་མ་ཐར་བར་དགོངས་པ་རྫོགས་པ་འདི་རང་རེའི་ཏང་གི་ནོར་འཁྲུལ་ཆེན་པོ་ཞིག་རེད།༽ཅེས་གསུངས་ཡོད། གང་ལྟར་གོང་མོལ་འདི་དག་གིས་རང་ཅག་གི་མིག་མདུན་ཐམས་ཅད་མུན་པས་བསྒྲིབས་ཡོད་པ་དང་ཧ་ཅང་རྙོག་འཛིངས་ཚ་བའི་དུས་སྐབས་དེ་དང་དེའི་གནས་ཚུལ་ཇི་མ་ཇི་བཞིན་བཤད་ཚོད་མི་ཐུབ་གི དཀའ་གི། གང་ལྟར་རང་རློམ་རང་ཤེད་ཀྱི་མཆོང་རྒྱུག་མི་བྱེད་པར་ད་དུང་བརྟག་གཞིག་ནན་མོ་བྱེད་དགོས་པའི་ཚོད་དུ་སྣང་ངོ།།
ཡོངས་གྲགས་སུ་དགེ་འདུན་ཆོས་འཕེལ་ཁོང་གི་སློབ་མ་ཡིན་མིན་ཐད་ལའང་སྣ་ཚོགས་ཤིག་སྨྲ་མོད།་དེ་ཚོའི་ཕལ་ཆེ་བ་ཆགས་སྡང་རིས་གཅོད་ཀྱི་སྐད་ཆ་རང་རེད། རག་ར་སྤྲུལ་སྐུས་མང་པོ་ཞིག་བཤད་མོད་སྐུ་དྲག་ནང་ཁུལ་གྱི་འགལ་ཟླ་ཞིག་ལས་གང་ཡང་མཐོང་མ་སོང་། དགེ་འདུན་ཆོས་འཕེལ་གྲྭ་སར་ཕེབས་ནས་ཀླུ་འབུམ་ཁམས་ཚན་དུ་ཞུགས་པའི་ལོ་དེར་དགེ་བཤེས་ཚང་གིས་ལྷ་རམས་པའི་དམ་བཅའ་བཞག་ནས་ལོ་ངོ་བཅུ་གཉིས་སོང་བའི་སྐབས་ཡིན་པ་དང་དགུང་ལོའི་བབས་དང་བསྟུན་ནའང་ལོ་བཅུ་དགུ་ལས་རྒན་པ་དང་ཁམས་ཚན་རྒན་ཡིན་ཐོག་སློབ་བུ་མང་པོར་དཔེ་ཁྲིད་གནང་བཞིན་པས་དགེ་ཆོས་ཀྱིས་ཀྱང་དགེ་རྒན་དུ་བསྟེན་ཡོད་ཚུལ་ཧོར་ཁང་གིས་བཤད་པ་དེ་བློ་གཟུ་བོར་གནས་པའི་གཏམ་རེད།
ཇོ་བོ་བཀའ་གདམས་པས།
དགེ་བའི་བཤེས་གཉེན་གྱི་མཆོག་མཚང་ལ་རྒོལ་བ་ཡིན།
བཙུན་པའི་མཆོག་སེམས་རྒྱུད་ཐུལ་བ་ཡིན།
གདམས་ངག་གི་མཆོག་རྟག་ཏུ་རང་སེམས་ལ་བལྟ་བ་ཡིན།
རྒན་ལ་དྭགས་པ་ལགས། བཀའ་འདྲི་ཞུ་རྒྱུར། ལ་དྭགས་ཀླེའི་པོ་ཏ་ལའི་ཕོ་བྲང་ལྟ་བུ་དེ་དང་དེའི་ཇོ་ཁང་དེ་ཚོ་ཕྱག་འདེབས་མཛད་པ་པོ་སུ་ཡིན་ནམ། དག་ཡིག་ལ་ལར་ཇ་མ། ཆང་མ་ཞེས་པའི་མ་ཡིག་བདག་སྒྲ་ལ་འཇུག་ཚུལ་དང་ལ་ལས་མིང་གི་ཆ་ཤས་འཇུག་ཚུལ་བཤད་པ་འདུག་པས་བ་བོ་མ་མོ་བདག་སྒྲ་ལ་མི་འཇུག་ཚུལ་ཇི་ལྟར་ཡིན།
འཛམ་གླིང་འདིར་ཆོས་ལུགས་པ་དང་ཚན་རིག་སྨྲ་བས་སྲོག་ཅེས་པའི་དོན་ལ་ལྟ་ཚུལ་མི་འདྲ་བ་ཁ་ཤས་ཤིག་བྱུང་ཡོད་པ་རེད། ང་ཚོའི་གཞུང་ལུགས་ལྟར་ན་སྲོག་ཅེས་པ་གང་འདྲ་ཞིག་ལ་ངོས་འཛིན་པའི་སྐབས་སུ་གང་ཟག་དེའི་ཚེ་ནི་སྲོག་ཡིན་ལ། དྲོད་དང་རྣམ་ཤེས་ཀྱི་རྟེན་བྱེད་མཁན་ཞིག་ལ་འདོད་པས། རྩི་ཤིང་སོགས་ལ་དེ་བཞག་དཀའ། འོན་ཀྱང་སྲོག་མེད་ལས་སྲོག་ལྡན་སྐྱེས་པ་ང་ཚོའི་གཞུང་དུའང་བཞག་གི་ཡོད་ལ་ཚན་རིག་པས་ཀྱང་བཞག་གི་ཡོད། སྲོག་ལྡན་གཅིག་ལ་སྲོག་གི་དབང་པོ་གཉིས་མི་འདྲ་བ་གཉིས་ང་ཚོས་ཀྱང་བཞག་གི་མེད་ལ་ཚན་རིག་པས་ཀྱང་བཞག་གི་མེད།
སྤྱིར་བཏང་སྲོག་ཅེས་པའི་དོན་མི་འཆི་བར་འཚོ་བའི་ནུས་པ་ལ་ཞིག་ལ་བཞག་ན་འགལ་བ་མེད་ཀྱང་རྣམ་པ་ཐམས་ཅད་དུ་འདྲ་བ་མ་ཡིན་ཏེ། གདགས་པ་ལས་ཚེ་ཟད་དེ་འཆི་བ་དང་བསོད་ནམས་ཟད་ནས་འཆི་བ་ལ་མུ་བཞི་ཡོད་པར་གསུངས་ལྟར། ལས་ཀྱིས་འཕངས་འབྲས་ཀྱི་སྲོག་དང་ཏིང་ངེ་འཛིན་སྒོམ་སྟོབས་ཀྱིས་གྲུབ་པའི་སྲོག་དབང་གཉིས་བཞག་གི་ཡོད། གནའ་བོའི་རྒྱ་གར་གྱི་གཅེར་བུ་བ་དག་གིས། རྩི་ཤིང་ཆོས་ཅན། སེམས་ལྡན་ཡིན་ཏེ། ལོ་མ་ཁུམ་པའི་ཕྱིར། ཞེས་རིགས་པ་བཀོད་ནས་རྩི་ཤིང་སེམས་ལྡན་དུ་བསྒྲུབས་ཡོད་པ་རེད། མཁས་དབང་དགེ་ཆོས་ཚང་གི་གསུངས་ལས། སན་དེའུ་(Sundew)་བྱ་བ་དང་། བིན་ས་(Pitcher)་བྱ་བའི་མེ་ཏོག་སོགས་སྦྲང་བུ་སྟེང་དུ་བབས་མ་ཐག་བཟུང་ནས་ཁྲག་བཞིབས་ཏེ་རོ་སྟོང་ཤོབ་ཏུ་བྱས་༼འབུ་རོ་ཕྱིར་འདོན་པའི་དོན༽ཏེ་ས་ལ་འདོར་ཞིང་། སན་དེའུ་རེ་རེས་ཀྱང་ཉིན་རེ་ལ་འབུ་སྦྲང་ཉིས་བརྒྱ་ལྷག་རེ་གསོད་ཅིང་། རོ་མཐའ་ལ་སྤུངས་ནས་འོངས། ཞེས་གསུངས་པ་ལྟར་གོང་གི་རྩི་ཤིང་དེ་གཉིས་དེང་སང་ཨ་རིའི་ཡུལ་ན་ཡོད་པས་རྣམ་པ་ཚོས་མཐོང་མྱོང་ངམ། རྩི་ཤིང་དེའི་མིང་དབྱིན་ཇིའི་ཚིག་དེ་ཡིན་སྙམ།
ཉི་ཚེ་བའི་དམྱལ་བ་དང་སྟོན་པས་སྐྱེས་པ་གཅོད་པའི་ལྟུང་བྱེད་གསུངས་པ་དེ་ལ་བསམ་ན་མཐའ་གཅིག་ཏུ་རྩི་ཤིང་ལ་སྲོག་མེད་ཅེས་བཤད་མི་ཕོད། ང་ཚོའི་སྟོན་པས་ལྗོན་ཤིང་ལ་གཅེས་སྤྲོས་མཛད་པ་དང་སྐུ་འཁྲུངས་བ་དང་མྱ་ངན་ལས་འདས་པའི་མཛད་པའང་ལྗོན་ཤིང་གི་འོག་ནས་བསྟན་པ་རེད། ཚན་རིག་པས་བཤད་ན་ང་ཚོའི་སྲོག་འཚོ་བའི་རླུང་ལྗོན་ཤིང་གིས་བསྐྲུན་ཅིང་ང་ཚོའི་ཁོར་ཡུག་གི་མཁའ་རླུང་བཙོག་པ་ཡང་ལྗོན་ཤིང་གིས་སེལ་ཐུབ་པར་བཤད་ཡོད།
ཚངས་དབྱངས་ལགས། ༧གོང་ས་མཆོག་གིས་དངོས་སུ་དེ་ལྟར་གསུངས་བ་ལྟར་ཡིག་ཐོག་ཏུ་ཕབ་པ་ཡིན། སྤྱིར་བཏང་གསང་སྔགས་ཀྱི་གཞུང་ལུགས་ལྟར་ན་བུད་མེད་ལ་སྐྱེས་དམན་ལབ་པ་ཙམ་གྱིས་སྔགས་སྡོམ་ཉམས་ཀྱི་མ་རེད་མོད། རང་རེའི་སྤྱི་ཚོགས་ནང་བུད་མེད་ཚོའི་གནས་སྟངས་དང་ཆེ་མཐོང་གོང་མཐོར་གཏོང་ཆེད་༧གོང་ས་མཆོག་གིས་དེ་ལྟར་གསུངས་པ་རེད་སྙམ། ཡིན་ན་ཡང་འདིའི་སྐོར་དོན་ངོ་མ་ཅི་ཡིན་འུ་ཚོས་ཐག་གཅོད་མི་སྔ་བར་བརྩད་གཅོད་བྱས་ན་ལེགས། འཇམ་དབྱངས་ཀྱིས།
མིག་བརྒྱད་པ་ལེགས། དགེ་བའི་བཤེས་གཉེན་ཤེས་རབ་རྒྱ་མཚོ་མཆོག་གི་ལོ་རྒྱུས་འགའ་བྲིས་མཛད་པར་བཀའ་དྲིན་ཆེ། གླེ་ཞེས་པའི་ལུང་པར་དང་པོ་མཁར་དེ་མེད་པ་འདྲ། རྒྱལ་པོ་སེང་གེ་རྣམ་རྒྱལ་ཞེས་པ་འབྲུག་པའི་བླ་མ་སྟག་ཚང་རིན་པོ་ཆེའི་སློབ་མས་རྩིག་ཏུ་བཅུག ཅེས་ཟེར། རྒྱལ་བ་ལྔ་པ་ཆེན་པོའི་དུས་ཙམ་ལ་བྱུང་། བྱེ་ཐང་ན་ཆུ་དང་སྤང་ཡོད་པ་ལ་གླེ་ཞེས་འདུལ་བ་ན་གསལ་ཞེས་ཐོས་ཀྱང་། དམིགས་བསལ་མ་མཐོང་། བྱེ་ཐང་ན་ཆུ་སྤང་དག་ལ་གླེ་ཞེས་ལ་དྭགས་ན་ཁག་ཁ་ཤས་ན་ཟེར་བ་འདུག གླེའི་ཇོ་ཁང་ནི་ལོ་ལྔ་བཅུ་ང་གྲངས་སྔོན་ཞིག་ལ་སྐྱབས་རྗེ་བ་ཀུ་ལ་རིན་པོ་ཆེ་ལ་སོགས་པས་ལ་དྭགས་པ་སེར་སྐྱ་ཚང་མ་ནས་ཞལ་འདེབས་བསྡུས་ཏེ། ཇོ་བོ་རིན་པོ་ཆེ། སངས་རྒྱས་ཀྱི་སྐུ་འདྲ་གཞིས་ཀ་རྩེ་རུ་བཞེངས་ནས། ༡༩༥༨ ལོར། བོད་ནས་གདན་ཞུས་པ་ཡིན་སྙམ།
ཇ་མ་དང་། ཆང་མ། ཞེས་པ་མ་ཆེན་དང་། ཆང་ལ་ལྟ་རྟོག་བྱེད་མཁན་ལ་ལ་དྭགས་གྲོང་གསེབ་དག་ཏུ་བཀོལ་བ་མཐོང་། འོན་ཀྱང་བརྟག་དཔྱད་བྱས་ན། དང་པོ་ལས་བྱེད་པ་དེ་དག་མོ་ཡིན་པས། ཇ་མ་ཆང་མ་ཞེས་མོ་རྟགས་ཀྱི་བདག་སྒྲ་དེ་ཕོ་ལའང་བཀོལ་པ་དེ་མ་དག་རྒྱུན་འབྱམས་སུ་སོང་བ་ཞིག་གམ་སྙམ་མོ།