བསམ་གླིང་ཚེ་རིང་ལྷ་མོ།
༼དང་པོ།༽
དེང་དུས་གཉིས་སྨན་དབུ་མའི་ལམ་དང། བདེན་དོན་རང་བཙན་གྱི་ལམ་གཉིས་ནི་སྐྱེ་བོ་འགའ་རེའི་ཡིད་ཀྱི་རྡོག་ཁྲེས་ཞིག་ཏུ་གྱུར་ཏེ། གང་ཞིག་ཡང་དག་དང་གང་ཞིག་ཡང་མ་དག་པར་བརྗོད་པའི་སྤོབས་པའང་ཉམས་ཤིང་། ལ་ལར་དེ་གཉིས་མེ་དང་སྤུ་ལྟ་བུའི་འདུ་ཤེས་ལ་བཀོད་པ་དང། ཡང་ལ་ལར་ནི་དེ་གཉིས་གཅིག་ལ་གཅིག་བརྟེན་གྱི་ངོ་བོར་གྲུབ་པ། ཡང་ལ་ལར་དེ་གཉིས་ལམ་གཡས་གཡོན་དུ་སྐྱེས་པའི་ལྗོན་ཤིང་སྡོང་པོ་གཉིས་སུ་སྣང་བ་སོགས་རང་རང་ཡིད་ཀྱི་ཁོག་རྒྱར་ཇི་ཡིན་ཆ་མ་འཚལ་བའང་གང་མང་མཆིས།
ཡང་ལ་ལས་རང་བཙན་པ་ཚོ་ནི་༸གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོའི་དགོངས་གཞི་དང་འགལ་བར་སྨྲ་ལ། ཐ་ན་ལས་འགུལ་གང་ཞིག་དང་ཅི་ཞིག་སྤེལ་ཡང་ཧ་ལམ་༸གོང་ས་མཆོག་དང་བོད་གཞུང་གི་དགོངས་པ་དང་འགལ་བ་ཡིན་ལུགས་སྨྲ། རང་ཉིད་ལས་འགུལ་གང་ཞིག་ཏུ་མ་ཞུགས་པ་ནི་༸གོང་ས་རྒྱལ་བའི་དབང་པོའི་བཀའ་དང་མཐུན་ཚུལ་དང་། བོད་གཞུང་གི་བོད་འབངས་རྣལ་མ་ཞིག་ཡིན་ཁུལ་སྟོན།
ཡང་གཅིག་ཤོས་ཀྱིས་དབུ་མའི་ལམ་ནི་བོད་ནང་གི་འདས་གསོན་དཔའ་མོ་དང་དཔའ་བོ་ཚོའི་མངོན་འདོད་དང་རྒྱབ་འགལ་བྱས་པར་གཤེ་བར་བྱེད་ལ། བོད་རང་བཙན་བློས་གཏོང་བྱེད་པ་ནི་བོད་ཀྱི་ལོ་རྒྱུས་ནང་ནག་ཉེས་བསགས་པ། ད་དུང་བོད་མི་རིགས་འདིའི་རྩ་བའི་ཁེ་ཕན་དང་རྒྱབ་འགལ་བྱས་པར་སྨྲ་བར་བྱེད།
དེའི་ཐད་མི་ཆུང་ཞིག་གིས་བསམ་བློའི་འཁོར་རྒྱ་ལ་གང་ཤར་ཞིག་བྲི་བར་མ་སྤོབས་ཀྱང་། བྲི་བའི་འདུན་པ་ནི་འགོག་ཏུ་མེད་པར་བརྟེན། འདིར་ཉམས་མྱོང་དང་རྟོགས་སད་འགའ་རེའི་དབང་ལས་དོན་ཚན་འགའ་ཤས་བཀོད་པ་འདི་ཡང་རང་ཉིད་ངོ་མའི་མཐོང་ཐོས་མྱོང་གསུམ་གྱིས་སྨྲས་པ་ཙམ་ལས། རྒྱལ་ཕྱི་རྒྱལ་ནང་གི་ལོ་རྒྱུས་དང་། དཔེ་དེབ། ཉམས་ཞིབ་བྱས་པའི་རྒྱབ་ལྗོངས་གང་ཡང་མེད་པ་མཁྱེན་པར་མཛོད།
རང་ཉིད་བོད་ནང་འཚར་ལོངས་ཀྱི་བརྒྱུད་རིམ་ནང་། རྒྱལ་རབས་ལོ་རྒྱུས་སྐོར་དགའ་དད་སྤྲོ་གསུམ་གྱིས་ཀློག་མཁན་ཞིག་ཡིན་དུས། རྒྱ་མི་དམར་པོ་འདི་ང་ཚོའི་རྒྱལ་ཁབ་ནང་དུ། རྐང་པ་བརྒྱབ་པ་ཙམ་གྱིས་ཡིད་མ་རངས། ཁོ་པ་ཚོ་ང་ཚོའི་རྒྱལ་ཁབ་ནང་སྡོད་དུ་འཇུག་པ་ནི་ང་ཚོས་མེས་པོ་ཚོར་ངོ་གནོང་དགོས་པའི་ནག་ཉེས་ཆེན་པོ་ཞིག་བསགས་པའི་ཚོར་བ་དབང་མེད་དུ་སྐྱེས་འོང་།
ལྷག་པར་དུ་ཁོང་ཚོ་གང་འདྲ་དང་ཅི་འདྲ་བྱས་ནས་ཕྱིར་ཕུད་གཏོང་ཐུབ་བམ་སྙམ་པ་དེ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་ཡིད་ཀྱི་འཆར་སྒོ་ཉག་ཅིག་དེ་རེད། དྲན་འཆར་དེ་ནི་ལྡོག་ཏུ་མེད་ལ་འགྱུར་ཏུ་ཡང་མེད། རང་ལུས་འབེན་ལ་བཙུགས་པའི་འགྱུར་མེད་ཀྱི་དམ་བཅའ་ཞིག་དང་མཉམ་དུ་རང་བཙན་རྩོད་ལེན་གྱི་དཔའ་མོ་དཔའ་བོ་ཚོ་དང་མཉམ་དུ་སྐད་འབོད་ཀྱི་ངོ་རྒོལ་དུ་ཞུགས་ཀྱང་། མེ་མདའི་སྐད་སྒྲ་ཁོ་ནས་བྱིས་བློའི་དམ་བཅའ་དམིགས་མེད་དུ་བཅོམ་ཞིང། མིག་ཆུ་ཁྲུམ་ཁྲུམ་བཞུར་ཞིང་ཁྲོམ་སྐོར་གྱི་མི་ཚོགས་ལས་བྲོས་ཏེ་སྲང་ལམ་གྱི་མི་ཚོགས་ཏེ། ཁྲོམ་སྐོར་སྐད་འབོད་བྱེད་མཁན་ཚོར་གཅིག་ནས་ལྟད་མོ་བལྟ་བ་དང་། གཉིས་ནས་གཞོགས་འདེགས་གང་ཐུབ་བྱེད་བཞིན་འདུག་པ་དེ་དག་གི་ཁྲོད་དུ་སླེབས།
བཤད་མི་ཐུབ་པ་དང་གནོན་མི་ཐུབ་པའི་ཚོར་སྣང་དྲག་པོ་དེ་རྨོ་ལགས་དམ་པ་དེར་ཞུས། ཁོང་གིས་ང་ཚོས་འདི་ནས་འགུལ་སྐྱོད་ག་པར་རྒྱག་ཐུབ་ཀྱི་རེད། ཁོང་ཚོར་ཁ་གཏད་བཅོག་མཁན་རྒྱ་གར་ལ་ཡོད་པ་རེད་གསུངས། དུས་དེ་ནས་བཟུང་ན་ཆུང་གི་དགོད་སྒྲ་དེ་ཡང་རྒྱ་ནག་དམར་པོའི་སྲིད་ཁྲིམས་འོག་ཏུ་དགོད་ན་ཕངས་སེམས་སྐྱེ་ལ། སེམས་ནང་གི་གླུ་ཞིག་ལེན་ནའང་དགྲ་བོའི་བཙན་འོག་ཏུ་ལེན་ན་ཕངས་སྣང་གི་སེམས་ཚོར་གྱ་མ་གྱུ་དག་གིས་གློ་སྙིང་ཡོངས་སུ་དཀྲུགས། དེ་དུས་དབུ་མའི་ལམ་མ་ཤེས་ལ་མ་ཐོས། ཐོས་ཀྱང་གོ་དོན་ག་ལ་རྟོགས་སྲིད། རྟོགས་སྲིད་ཀྱང་དང་ལེན་ག་ལ་བྱེད་ཐུབ། གང་ཡིན་ཟེར་ན་འཛམ་གླིང་གི་འཕོ་འགྱུར་དང་རྒྱལ་ཕྱིའི་གནས་ཚུལ། བོད་མིའི་ལས་དབང་བཅས་ལ་རྒྱུས་མངའ་དེ་བས་ག་ལ་ཡོད། མཐའ་ན་སུ་ཇ་བོད་ཁྱིམ་སློབ་གྲྭ་དང་། དགེ་རྒན་འོས་སྦྱོང་བྱེད་རིང་ལའང་དབུ་མའི་ལམ་བློ་ངོར་མ་བབ་ལ་མ་ཤོངས།
དེ་ནི་སྤྱི་ཡོངས་ནས་བོད་པའི་སྤྱི་ཚོགས་ནང་མ་འཛུལ་བའི་རྣམ་དཔྱོད་ཅིག་རེད། དཔེར་ན། རང་ཉིད་ཐོག་མར་ས་གནས་འདིར་སླེབས་དུས་གསར་འབྱོར་ཞེས་པ་ཧ་ལམ་མི་གྲལ་དུ་མི་བརྩི་བའི་དུས་ཚོད་ཅིག་ལ་འཁེལ་འདུག གང་ཡིན་ཟེར་ན། སྐབས་དེ་དུས་གངས་སྐྱིད་དུ་མ་བྱན་ཞིག་གིས་ཁྱིམ་མཚེས་ཀྱི་བུ་མོ་ཞིག་ལ་བཙན་གཡེམ་གྱིས་དམར་གསོད་བཏང་བའི་སྐབས་ཏག་ཏག་རེད་ལ། རིགས་ལམ་སློབ་གཉེར་ཁང་གི་རྒན་དམ་པ་སྐུ་སྲོག་བཀྲོངས་པའི་དུས་ངན་དེ་ཡང་རེད།
སྤྱི་ཚོགས་ནང་འགྲོ་མཁས་དང་སྡོད་མཁས་ཤིག་མ་བྱས་ན་གསར་འབྱོར་ཚང་མའི་མདུན་ལམ་ལ་གནོད་འཚེ་ཤིན་ཏུ་ཆེ་བར་མཐོང་། མ་གཞི་གསར་འབྱོར་བ་ཚོར་ཞེན་ཁོག་བྱེད་པ་ནོར་འཁྲུལ་ཞིག་རེད་མོད། གང་ལྟར་རྒྱབ་ལ་དྲིན་ཆེན་ཕ་མའི་བྱམས་སྐྱོང་དང་ལམ་སྟོན་ཡོད་ཚད་ལས་བྲལ་ཞིང་། མདུན་དུ་ནི་གང་དང་གང་ཞིག་ཀྱང་མེད་པའི་ཉམ་ཆུང་ནུས་མེད་ཁོ་ན་ཡིན་པས། སེམས་བསམ་པའི་གཏིང་རུམ་ནས་བསམ་བློ་གཏོང་དགོས་ངེས་རེད།
དེ་དང་དེ་ལྟ་བུའི་སྤྱི་ཚོགས་ཀྱི་གཏིང་རུམ་ཞིག་ཏུ་སླེབས་སྐབས། སྤྱི་ཚོགས་འདྲ་མིན་གྱི་ཁ་དོག་དག་མཐོང་། གང་ལྟར་ལོ་ངོ་དེ་དག་ནང་སྤྱི་ཚོགས་ཤིག་གི་ཁོག་རུམ་ནང། ཆོལ་ཁའི་འཐེན་འཁྱེར་ཞིག་དང་། ཆོས་ལུགས་ཀྱི་འཐེན་འཁྱེར། གསར་རྙིང་གི་འཐེན་འཁྱེར། གཞིས་ཆགས་ས་གནས་སོ་སོའི་འཐེན་འཁྱེར། སློབ་གྲྭ་སོ་སོའི་འཐེན་འཁྱེར་སོགས་ནི་རྫོགས་རྒྱུ་ཞིག་མི་འདུག ལྷག་པར་དུ་ང་ཚོའི་སྟོབས་ཤུགས་དང་སྙིང་སྟོབས་སོགས་ཀྱི་ཐད་ལ་བལྟ་རྒྱུ་ནི་དེ་བས་གལ་ཆེའི་ནང་གི་དོན་ཆེན་ཞིག་རེད།
ངས་དེ་དག་ལ་བསམ་བློ་གཏོང་སྐབས་བོད་རང་བཙན་ནི་ང་ཚོའི་རྒྱལ་འབངས་ཀུན་གྱི་ཐོབ་ཐང་ཡིན་མོད། དེར་རྩོད་གླེང་བྱེད་སྟངས་དང་། བྱེད་ཐབས། བྱེད་སྤོབས། བྱེད་ཆེད། བྱེད་ལུགས་སོགས་གང་ཅིར་བསམ་བློ་བཏང་མཐར་ངའི་བསམ་བློ་དེ་ག་ལེར་ག་ལེར་ལམ་དབུ་མར་ཤོར་དགོས་བྱུང་།
༼གཉིས་པ།༽
མ་གཞི་བྱས་ན་ལམ་དབུ་མར་འཁྱུད་ན་ང་ཚོའི་རྒྱལ་ཁབ་ཀྱི་ལོ་ངོ་སྟོང་ཕྲག་རིང་གི་རྒྱལ་བློན་བྱང་ཆུབ་སེམས་དཔའ་ཚོས་བསྐྲུན་གནང་བའི་རྒྱལ་ཁབ་ཀྱི་ངོ་བོ་རྩ་བརླག་ཏུ་འགྲོ་རྒྱུ་སྨོས་མེད་ཐོག པུར་རྒྱལ་བཙན་པོའི་སྲིད་དབང་བཙུགས་པའི་ཆེད་དུ་དཔའ་བོ་དང་དཔའ་མོ་ཇི་ཙམ་གྱིས་རང་སྲོག་དོར་ཡོད་པ་རེད་ཨང་།
དེ་ནི་ང་ཚོའི་ཀླད་པའི་ནང་གི་དྲི་རྟགས་ཆེན་པོ་ཞིག་རེད། ཡང་སྒོས་སྤྱི་ཡོངས་ནས་བཤད་ན། ཆོས་དད་ཆེ་ཞིང་ལས་རྒྱུ་འབྲས་ལ་བརྩི་བ། བྱམས་སྙིང་རྗེ་ལྡན་པའི་བོད་མི་རིགས་འདི་ཉིད། ལས་འབྲས་ལ་རྩིས་ཐང་ཆུང་ཞིང་འབུ་སྲིན་གང་ཐོབ་བཟའ་བར་དགའ་བའི་རྒྱ་མི་རིགས་གཉིས་བོད་གངས་ཅན་ས་གཙང་ཡིད་འོང་གི་གནས་འདིར་མཉམ་འཚོ་མཉམ་སྡོད་བྱེད་དགོས་པ་ནི་ང་ཚོའི་བློ་ཡུལ་དུ་ཤོངས་དཀའ་བ་དང་མི་ཐུབ་པ་ཞིག་རེད།
འོན་ཀྱང་ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན། ད་ལྟའི་འཛམ་གླིང་འདི་ཧ་ཅང་ཆུང་ཆུང་ཞིག་དང་། ཕྱིའི་རྒྱལ་ཁབ་མང་པོ་ཞིག་ཀྱང་རང་བཙན་གྱི་ཐོབ་ཐང་ནས་གཅིག་སྒྲིལ་རྒྱལ་ཁབ་ཀྱི་ངོ་བོར་འགྱུར་མཁན་ཡུ་རོབ་ལྟ་བུ་མིག་དཔེ་ལྟ་ས་ལེགས་པོ་དག་ཀྱང་ཡོད་པ་ཡིན། གཙོ་བོ་སྤྱི་ཚོགས་བདེ་སྐྱིད་ལྡན་པ། རང་གཞན་བདེ་སྐྱིད་ལྡན་པ་ཞིག་ཡོང་བ་ནི་༸གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོའི་དགོངས་གཞི་རེད་ཅེས་མིག་འཚུམ་འཚུམ་མ་ཡིན་པར་དཔྱད་ཀྱང་དཔྱད་རིན་ཡོད་པ་ཞིག་སྟེ།
ད་ལྟ་བའི་བོད་གངས་ཅན་ལྗོངས་སུ། ཤེས་རྨོངས་དང་། མི་ངན་འགའ་རེ་ཕར་ཕུད་པའི། བོད་འབངས་སྤྱི་ཡོངས་སྐྱིད་སྡུག་མཉམ་མྱོང་གི་མཛའ་མཐུན་ཧ་ཅང་ཆེ་ཞིང་། ཆོལ་ཁ་དང་ཆོས་ལུགས་སོགས་ཀྱི་རྙིང་ཞེན་དེ་དག་ལ་རྒྱབ་ཀྱིས་ཕྱོགས་པ། མི་རིགས་ཀྱི་ལ་རྒྱ་སྙིང་སྟོབས་ཆེ་བ། ཤེས་ལྡན་པ་ཚོས་མི་རིགས་ཀྱི་ཆེད་དུ་གང་ཡང་ཕོད་པ། ཅི་ཡང་འཇོན་པ་ཞིག་ཏུ་གྱུར་ཡོད་པ་མཐོང་སྐབས།
རང་བཙན་དེ་དཔེར་ན། ལམ་ཐག་རིང་ལ་སླེབས་རྒྱུར་དཀའ་ངལ་ཆེ་ལ་མ་སླེབས་ཀྱི་བར་ལ་གཅན་གཟན་གྱི་འཇིགས་པ་ཆེ་བ་སོགས་མཐོང་བས། དེ་ནས་བཟུང་ང་རང་གཉིས་སྨན་དབུ་མའི་ལམ་གྱི་ཉེ་སར་བཅར་ནས། རང་མི་རིགས་འདི་ཉིད་མི་རིགས་གཞན་ཞིག་དང་མཉམ་དུ་དཔུང་པ་མཉམ་སྡུར་དང་། འགྲན་རྩོད་བྱེད་ཀྱིན། ཐོབ་ཐང་རྩོད་ཀྱིན་སྐྱིད་འདོད་སྤོང་གིན། མེས་པོའི་རྣམ་ཤེས་འཁྱག་ལ་མ་བཅུག་པའི་ཐབས་གང་དྲག་གིས། བསྐྱོད་རིན་ཡོད་པའི་ལམ་ཞིག་དང་། ལམ་དེ་ལ་འབད་བརྩོན་བྱེད་རིན་ཡོད་པའི་དགོས་པ་ཞིག་མཐོང་།
མཇུག་བསྡུ་བའི་གཏམ་ལ་གླེང་དགོས་པ་ཞིག་ནི། རང་བཙན་རྩོད་ལེན་པ་དག་ནི་རང་མི་རིགས་ཀྱི་ཐོབ་ཐང་རྩོད་ཀྱིན་པ་ཡིན་པས། རྩོད་དགོས་ངེས་ཤིག་རེད། དེ་ནི་རྒྱལ་རབས་ལོ་རྒྱུས་ཀྱི་བདེན་དོན་ང་ཚོར་ཡོད། གལ་སྲིད་རང་བཙན་པས་རང་བཙན་རྩོད་དེ་རང་བཙན་ཐོབ་སོང་ན། ང་ཚོར་དགོས་རྒྱུ་དེ་རེད་ལ། ང་ཚོས་དགའ་པོའི་ཐོག་ནས་བོད་ལ་ལོག་ངེས་། སྐབས་དེ་དུས་སྤྱི་ནོར་༸གོང་ས་རྒྱལ་བའི་དབང་པོ་མཆོག་གིས་ཀྱང་དབུ་མའི་ལམ་མིན་ན་ལོག་གི་མིན་གསུངས་མི་སྲིད་ལ།
ལངས་ཕྱོགས་གཞན་གང་ཞིག་ཏུ་བསྐྱོད་བཞིན་པའི་སྐྱེ་བོ་སུས་ཀྱང་དགག་བྱ་བྱེད་མི་སྲིད།
རང་བཙན་པ་ཚོས་ཀྱང་དབུ་མའི་ལམ་གྱི་འབྲས་བུ་ཞིག་སྨིན་ཚེ་རང་བཙན་མིན་ན་དབུ་མའི་ལམ་ལ་བོད་དུ་ལོག་གི་མིན་ཞེས་ཀྱང་གསུང་མི་ཉན། དེ་ནི་གཅིག་སྒྲིལ་གྱི་ཆེད་དུ་དང་། རང་མི་རིགས་ཀྱི་རིག་གཞུང་སྲུང་སྐྱོབ་དང་ཁོར་ཡུག་སྲུང་སྐྱོབ་གང་མགྱོགས་དགོས་མཁོ་ཡོད་པ་སོགས་ཀྱང་ཡིན་པས་དགོངས་པ་བཞེས་དགོས་ངེས་ཡིན།
གཙོ་ཆེ་ཤོས་དབུ་མའི་ལམ་བཟང་དེ་ང་ཚོས་ངང་སྒུག་གིས་སྒྲུབ་ཐུབ་པའི་བྱ་བ་ཞིག་ཡིན་མིན་དེ་རེད་ལ། དེ་ནི་བཙན་བྱོལ་བོད་གཞུང་གི་འདས་པའི་ལོ་ངོ་ཁ་ཤས་ནང་དུ་རྒྱ་གཞུང་ལ་དྲག་པོའི་རྣམ་འགྱུར་སྤོང་དགོས་པའི་སྲིད་བྱུས་དེའི་ཐོག་དཔྱད་རིན་ཡོད་མེད་དེ་ཡང་རེད།
སྲིད་བྱུས་དེའི་འོག་ཏུ་ས་གནས་ཁ་ཤས་ལ་གསུམ་བཅུའི་དུས་དྲན་དེ་ཡང་དྲག་པོའི་རྣམ་འགྱུར་ཞིག་ལ་ཁ་འགྱུར་གྱིས་སྤོང་བཞིན་པ་དེ་དང་། བོད་གཞུང་གི་ལས་བྱེད་པའམ་སློབ་གྲྭ་ཞིག་ཡིན་ཚེ། རྣམ་འགྱུར་དེའི་ཁ་གཡང་གི་འོག་ཏུ་ཁུ་སིམ་སིམ་དུ་གྱུར་བཞིན་པ་དེ་རེད། ཐ་ན་ཁ་ཤས་ཀྱི་སེམས་ནང་ལྡི་ལི་ལྟ་བུར་ཟས་བཅད་ངོ་རྒོལ་བྱེད་པ་དེ་ཡང་དབུས་བོད་མིའི་ལྟ་གྲུབ་དང་རྒྱབ་འགལ་བྱས་མིན་ལ་ཐེ་ཚོམ་བྱེད་མཁན་ཡོད་པ་དངོས་བདེན་རེད་ལ། ལས་འགུལ་གཞན་རྣམས་ཀྱང་ཐེ་ཚོམ་དང་དོགས་གནད་དེའི་ནང་དུ་ཚུད་པ་ཨ་ཅང་བརྗོད་མེད་རེད།
དེར་བརྟེན། ང་ཚོས་དབུ་མའི་ལམ་གྱི་འབྲས་བུ་ལེན་རྒྱུར་བཀའ་ཤག་གསར་པ་འམ། དབུས་བོད་མིའི་སྒྲིག་འཛུགས་ངོས་ནས་ངང་སྒུག་ཞི་འཇམ་གྱི་ཆ་རྐྱེན་ཞིག་སྐྲུན་དགོས་སམ། ཡང་ན་ལས་འགུལ་སྣ་ཚོགས་ལ་བརྟེན་ནས་དབུ་མའི་ལམ་གྱི་འབྲས་བུ་སྨིན་ཐབས་ལ་ཆ་རྐྱེན་སྐྲུན་དགོས་མིན་དེར་བསམ་བློ་གཏོང་རིན་ཡོད་པ་ཞིག་དང་། གླེང་སློང་བྱེད་རིན་ཡོད་པ་ཞིག མདོར་ན་དཔྱད་ཀྱང་དཔྱད་རིན་ཡོད་པ་ཞིག་རེད་ཨང་སྙམ་པ་དེ་རེད།
རང་བཙན་ནི་དབུ་མའི་ལམ་རེད།
ཡོ་རབ་སྤྱི་མཐུན་དང་ནེ་གྲོ་སྣ་འགྲེལ་རྒྱལ་ཁབ་ནི་བོད་ཀྱི་དབུ་མ་དང་ལ་འདྲ། རྒྱལ་ཁབ་དེ་དག་ནི་ཕན་ཚུན་ཡིད་ཆེས་ཀྱི་སྒོ་ནས་སོ་སོའི་ཁེ་ཕན་ཆེད་སྣ་འགྲེལ་གྱི་རྒྱལ་ཁབ་བཙུགས་པ་ལས་རང་སྐྱོང་མིན། དེ་བརྟེན། མཉམ་འབྲེལ་བཙུགས་ཀྱང་རྒྱལ་ཁབ་དེ་དག་རང་བཙན་ཡིན་པའི་བདག་དབང་དོར་མེད་པས་དབུ་མ་དང་ག་ལ་འདྲ། གལ་སྲིད་དབུ་མའི་རྒྱ་ནག་དང་མཉམ་གནས་བྱེད་པའི་སྲིད་ཇིས་དེ་ཡོ་རབ་དང་ཅུང་བར་ཐག་ཉེ་ཡང་དེ་ནི་འུ་ཐུག་གིས་རྒྱ་དང་མཉམ་གནས་བྱེད་པ་ལས་ཡིད་ཆེས་ཀྱི་སྒོ་ནས་མིན་པ་ཉིད་ཀྱི་གསུངས་བའི་རྒྱབ་ལྗོངས་ལས་རྟོགས་ཐུབ་ལ། དབུ་མའི་དོན་དངོས་ཀྱི་རྒྱབ་ལྗོངས་དེ་ལྟར་ཡིན་ཤས་ཆེ། ཡིད་ཆེས་མེད་ཅིང་འུ་ཐུག་གིས་ཁས་ལེན་བྱེད་པའི་སྲིད་བྱུས་ཏེ། དབུ་མ་ནི་ལམ་ལྷོང་ཡོང་རྒྱུ་རང་བཙན་ལས་ཀྱང་དཀའ་ཚགས་ཆེ་ཞིང་ཀྱག་ཀྱོག་གི་ལམ་དུ་མཐོང་།
ལམ་དབུ་མ་དང་རང་བཙན་གཉིས་གཞུང་སྒེར་གྱི་ལྟ་གྲུབ་མི་མཐུན་པ་གཉིས་སུ་འགྲེལ་ན་ཅུང་མི་འོས་པར་སྙམ། གཙོ་བོ་ང་ཚོའི་སྤྱི་ཚོགས་ནང་མི་མང་གི་ཆབ་སྲིད་བསམ་བློའི་ཆུ་ཚད་ཧ་ཅང་དམའ་ཞིང་རང་སྐྱ་ཐུབ་པའི་བསམ་བློ་མེད་སྟབས། ཕན་ཚུན་རིས་སུ་བཅད་དེ་རྣམ་རྟོག་ཆེར་སྐྱེད་ཀྱི་འདུག་པ་ནི་དངོས་ཡོད་རེད། ལྷག་པར་དུ་ཚོགས་པ་ཁག་གིས་མང་ཚོགས་ཀྱི་སྣེ་ཁྲིད་སྟངས་དང་ལས་འགུལ་སྤེལ་ཕྱོགས་ཚུན་གྱི་བྱེད་བབ་དག་གིས་དེ་ལས་ཀྱང་མི་མང་ལ་ཡིད་ཐང་ཆད་དུ་བཅུག་ཡོད། ཁོང་ཚོའི་འགོ་ཁྲིད་རེ་ཟུང་ཧ་ཅང་ཚོར་བ་རྣོན་པོ་ཡོད་པའི་ཁུལ་གྱིས་༸གོང་ས་མཆོག་དང་གཞུང་སར་ཁ་རྡུང་ཡང་བཏང་གི་ཡོད་མོད། གཙོ་བོ་རང་ཉིད་ཀྱི་གཟུགས་བརྙན་སྤྱི་ཚོགས་ནང་འབུར་དུ་མཐོན་ཐབས་དང་། གྲགས་པ་རྒྱས་པའི་བྱེད་ཐབས་ཙམ་ལས་བོད་དོན་ཐོག་ནུས་པ་བརྒྱ་ཆ་ཅི་ཙམ་མཐོན་ཡོད་མེད་བཤད་དཀའ་བ་ཞིག་ཡིན། གང་ལྟར་ཡང་ང་ཚོས་རང་སྟོབས་རང་འགུལ་གྱི་སྒོ་ནས་ལམ་བུ་ཞིག་གཤོང་བའི་ཐབས་ལམ་དང་གོ་སྐབས་མ་ཤོར་བ་བྱ་རྒྱུ་གལ་ཆེ་ལ། བོད་མི་རིགས་ལ་ཆེས་ལྷིང་འཇགས་དང་བདེ་སྐྱིད་ཀྱི་འཚོ་བ་ཞིག་བསྐྱལ་རྒྱུ་ཡོང་བའི་རེ་འདུན་ཙམ་དུ་མ་ཟད། འཐབ་རྩོད་ཀྱི་བྱེད་ཐབས་ཀྱང་སྣ་མང་སྤེལ་དགོས་པར་སྙམ།
རང་གཅིག་པུ་སྡོད་ནའང་འདྲ། མཉམ་དུ་བསྡད་ནའང་འདྲ། དགོས་པ་དེ་ག་རེ་རེད་ཟེར་ན་རང་དབང་གི་བདེ་སྐྱིད་རེད། རང་དབང་གི་བདེ་སྐྱིད་ནི་སྔོན་གྱི་ལོ་རྒྱུས་ལ་བལྟས་ན་མ་ཎི་བཞིན་ཁ་ནས་ཡང་ཡང་བཟློས་ནས་འགྲུབ་པ་ཞིག་མིན་པ་འདྲ།
ཚེ་རིང་ལྷ་མོས་དོན་དེར་ཐུགས་འཁུར་མཛད་པར་ཐུགས་རྗེ་ཆེ།
ཁོ་བོ་ནི་དྲཱ་གྲོགས་བསམ་གླིང་ལགས་ཀྱི་དགོངས་ཚུལ་ཕལ་ཆེ་བ་ལ་མངོན་པར་བསྟོད་དེ་རྗེས་སུ་ཡི་རངས་ཞུ་རྒྱུ་དང་།
མཆན་༡༽དང་༣༽གཉིས་གཉིས་ཀྱི་འདོད་པ་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་བྱ་རྒྱུ་བཅས་ཡིན།
གང་ཡིན་ཞེ་ན་དབུ་མ་དང་རང་བཙན་ལྟ་བ་གཉིས་ནི་ངོ་བོ་དང་རྣམ་པ་བྱེད་ལས་གང་གི་ཆ་ནས་ཀྱང་ཐ་དད་
ཡིན་པས་འཕྲལ་ཕུགས་ཀྱི་ཁེ་ཕན་ནི་དེ་བས་ཀྱང་མི་འདྲ་བ་རེད།
མཆན་དང་པོ་ནི་རྒྱ་གཞུང་གི་བཅོས་མའི་ལན་འདེབས་ལས་མ་འདས་ཤིང་མཆན་འབྲི་མཁན་གྱི་ཀུན་སློང་
ཀྱང་ཟུར་བལྟས་ལེབ་མཐོང་ཡིན།
མཆན་༣༽ནི་དེ་ཙམ་ཚོད་དཔགས་ཐལ་དྲགས་པ་དང་། ཁ་མཚོན་བཅད་དྲགས་པའི་སྐྱོན་དུ་མཐོང་ངོ།
ཚེ་རིང་ལྷ་མོ་ལགས། ཁྱེད་རང་ཉིད་ཀྱིས་རང་བཙན་ནས་དབུ་མར་འཁྱུད་སྟངས་སྐོར་ཞིབ་ཏུ་གསུངས་པ་ཡག་བྱུང་། ད་ལྟའི་ཆར་བརྒྱ་ཆའི་ཚད་མཐོ་ཤོས་ཟིན་པའི་ལམ་དབུ་མའི་རྗེས་འབྲང་བ་ཕལ་ཆེ་བའང་ཁྱེད་ལྟར་ཐོག་མར་རང་བཙན་གཙང་མ་གཙང་རྐྱང་ཞིག་འདོད་པ་ནས་རིམ་བཞིན་རྒྱུ་རྐྱེན་གང་མང་དབང་གིས་རང་གི་འདོད་འདུན་མར་མར་ཕབ་ནས་ཐ་མར་དབུ་མ་ཞེས་པ་འདི་བདམས་དགོས་བྱུང་བ་ཡིན་ངེས། དྲང་མོར་བཤད་ན་ང་ཚོས་འདི་ལྟར་ལམ་དབུ་མ་བདམས་པ་ནི་ང་ཚོར་བློ་རྒྱ་ཆེ་དྲགས་ནས་མ་ཡིན་པར་ཨུ་ཐུག་ནས་རེད་ཅེས་ཞུ་འདོད་བྱུང་ལ། ང་ཡང་དེའི་ཁྲོད་ཀྱི་གཅིག་ཡིན། ཡིན་ནའང་རང་བཙན་རྩོད་མཁན་རྣམས་ལ་ངས་ཀྱང་ནམ་ཡང་དགག་བྱ་བྱེད་འདོད་མེད། རང་བཙན་པ་དང་དབུ་མ་པ་སུ་ཡིན་ཡང་ཕན་ཚུན་ནང་ཁུལ་གྱི་ལྟ་གྲུབ་རྩོད་རྙོག་མི་བྱེད་པར་མི་རིགས་འདིའི་ཆེད་དུ་རང་རང་སོ་སོས་ཤུགས་རྒྱག་རྒྱུ་གནད་ཀྱི་དོན་པོར་སེམས། དེ་ཙམ་ཡིན། སླར་ཡང་མཇལ་ཡོང་།
བཀུར་འོས་དྲ་གྲོགས་ལྷན་རྒྱས་ནས་འདི་གར་ལྷན་བཞུགས་གནང་བར་ཐུགས་རྗེ་ཆེ་ཞུ།
བོད་རང་བཙན་ནི་རྒྱལ་རབས་ལོ་རྒྱུས་དང་། དོན་དངོས་ལག་ལེན། འཛམ་གླིང་གི་ཁྲིམས་མཐུན་ཁེ་དབང་གང་གི་ཆ་ནས་ཀྱང་བོད་མིར་ཐོབ་ཐང་ཡོད་ཀྱང་གནས་སྐབས་ཇག་
ཚོགས་ཀྱི་ལག་ཏུ་འཕུར་གཉེས་སོགས་ལག་རྩེད་རྩེ་བཞིན་པའི་གསེར་དངུལ་གཡུ་བྱུར་གྱིས་ཡོངས་སུ་
བཀངས་པའི་རིན་པོ་ཆེའི་བུམ་བཟང་ཞིག་དང་ཀུན་ནས་མཚུངས་ཤིང་། དབུ་མའི་ལམ་ནི་རྨི་ལམ་གྱི་འཇིག་རྟེན་ཐོག་འགྲེམས་སྟོན་ཁང་དུ་ཡོད་པའི་གཡར་པོའི་ཡིད་བཞིན་ནོར་བུ་
བཅོས་མ་ཞིག་དང་གཉིས་སུ་མ་མཆིས་པས་དེ་ཐོབ་ཀྱང་ཡིད་བརྟན་མེད་ལ། མ་ཐོབ་ཀྱང་གྱོང་གུན་དེ་ཙམ་མེད་པ་ཞིག་ཡིན།
དེས་ན་འདི་གཉིས་ནི་རྒྱུ་དང་། འབྲས་བུ། ངོ་བོ། བྱེད་ལས་གང་གི་ཆ་ནས་ཀྱང་མི་འདྲ་ལ་ཕུགས་ཀྱི་བདག་དབང་ཡང་མི་འདྲ་བས་གདམས་ག་བྱ་རིན་ཆེ་ཞིང་
འདས་པའི་དོན་དངོས་ལ་གཞིགས་ཏེ་རྩོད་རིན་ཡོད་མེད་ཀྱི་ཁྱད་པར་ནི་ཤིན་ཏུ་ཆེ་བ་ཡིན་ནོ།
རང་བཙན་དམར་པོ་དམག་གིས་འཕྲོགས།
ལེན་ནའང་དྲག་པོའི་མཐུ་ལ་བརྟེན།
རང་སྐྱོང་དམར་པོའི་ཁྲིམས་ན་ཡོད།
དགོས་ན་རྩོད་ལེན་ཐབས་ལ་བརྟེན།
མདོར་ན་གང་ཞིག་ཐོབ་མིན་གྱི།
ཁྱད་པར་ཁོ་ནས་མདུན་ལམ་ཚོལད།
ཁེ་བཟང་གང་ཆེ་རང་ལ་ཐུག
ཆབ་བྲག་ཚང་གིས་ཚིག་ཉུང་དོན་འདུས་གནད་ལ་འཁེལ་བ་ཞིག་གསུངས་འདུག
༡༽རང་བཙན་ནོར་བུ་དམར་པོའི་མཚོ་མོར་བྱིང་།།
ཇི་ཙམ་འདས་ཀྱང་འདོན་པའི་ཐབས་ཤིག་མཆིས།།
རང་སྐྱོང་ཐོབ་ཐང་སྨྱོན་པའི་ལག་ཏུ་ཡོད།།
དེ་ལ་རྩོད་ན་གཉིས་མེད་འགྱུར་ཉེན་ཡོད།།
༢༽དེ་ཕྱིར་རང་ལ་འཐོབ་འགྱུར་ནོར་མཆོག་དེ།།
སྐྱུར་ནས་སྨྱོན་པ་གཏུམ་པོར་འགྲོགས་འདོད་པ།།
ཞིབ་མོའི་བློ་ཡིས་དཔྱད་ན་རྟོགས་སླ་བས།།
དངོས་གྲུབ་མ་ཐོབ་མཛུབ་མགོ་ཤོར་ཉེན་ཡོད།།
༣༽རང་བཙན་རིངས་མིན་དབུ་བ་རིང་བའང་མིན།།
རང་སྐྱོང་ཉེ་མིན་རང་བཙན་རིང་བའང་མིན།།
དབུ་མས་རང་སྐྱོང་གྲུབ་པར་སྲིད་པ་དང་།།
འཚེ་མེད་ཞི་བས་རང་བཙན་མི་འགྲུབ་་མིན།།
ཞི་བའི་རང་བཙན་དམ་པའི་ཆོས་དང་མཐུན།།
དབུ་མའི་ལམ་ལ་ཁེ་བཟང་མེད་པ་མིན།།
རང་བཙན་དབུ་མ་གང་ཞིག་ཐོབ་དགོས་ཀྱང་།།
ཉིན་མཚན་མེད་པར་རྩོད་ལེན་བྱེད་པ་སུ།།
བོད་ཀྱི་བདེན་མཐའ་མྱུར་དུ་གསལ་འགྱུར་ཅིག །
རང་བཙན་རྒྱ་ལ་བདག་པ་མ་ཡིན་ལ།།
དབུ་མ་བོད་ཀྱི་རྟག་བརྟན་དངོས་མིན་པས།།
ནམ་ཞིག་འཚོགས་ཤིང་དུས་ལ་བབ་པའི་ཚེ།།
བོད་རྒྱ་ཕན་ཚུན་གོ་བསྡུར་ལྡོག་ཀྱང་སྲིད།།
ཐོག་མར་དབུ་མ་སྨྲས་ན་སྡང་ཟུག་བཅངས།།
བར་དུ་རང་བཙན་བསྒྲགས་ན་མཚན་སྙན་ཐོབ།།
ད་ཆ་རང་བཙན་རྩོད་ན་ཀླད་མེད་སྨོད།།
བོད་པའི་འཐབ་རྩོད་མི་རྟག་སྒྱུ་མར་འགྲན།།
རང་བཙན་རྩོད་ཀྱང་བོད་ཀྱི་རྩ་དོན་ལགས།།
དབུ་མ་རྩོད་ཀྱང་བོད་ཀྱི་རྩ་དོན་ལགས།།
དོན་གྱི་སྙིང་པོ་རང་བཙན་དབུ་མ་གཉིས།།
རྩོད་ལེན་བྱེད་དང་མ་བྱེད་ཁོ་ནར་རག
རྒྱ་དམར་གཞུང་གི་རྩ་ཁྲིམས་སྒྲོམ་གཞིའི་འོག །
རང་སྲོག་མེ་ལ་ལྕེབ་པའི་དཔའ་བོ་རྣམས།།
སླར་ཡང་རྒྱ་ཡི་འོག་ཏུ་གནས་འདོད་ཀྱིས།།
སྐུ་ལུས་མེ་རུ་བསྲེགས་སམ་ཞིབ་ཏུ་གཟིགས།།
ཁྲི་རལ་པ་ལགས་བཀྲིས་བདེ་ལེགས། ཀ༽ངེད་ཚང་གི་ལྷ་ས་གཙོས་བའི་དབུས་ཀྱི་སྤྱི་འཐུས་མེད་པ་དེ་བཙན་བྱོལ་བོད་མི་སྤྱི་ཡོང་གི་ནོར་འཁྲུལ་རེད་ཞུ་གི་མེད་ལགས། འོན་ཀྱང་། དབུས་ཀྱི་སྤྱི་འཐུས་མེད་པ་མཐོང་ཞིན་དུ་དབུས་གཙང་སྤྱི་འཐུས་ལབ་པ་དེ་ནོར་འཁྲུལ་རེད་ལགས། མིང་དང་དོན་མ་མཚུངས་པ་རེད། སླད་ཕྱིན་གཙང་སྟོད་སྤྱི་འཐུས་ལས། དབུས་གཙང་སྤྱི་འཐུས་མ་རེད་ཞུ་རྒྱུ་ཡིན། དབུས་ཟེར་བའི་ཐ་སྙད་འདི་ཡང་བཙན་བྱོལ་སྤྱི་ཚོགས་ནས་བསྡུ་གསོག་བརྒྱབ་རོག་ཅེས་ཞུ་རྒྱུ་ཡིན་ལགས། ཁ༽ཟམ་གདོང་བླ་མ་དབུས་གཙང་གི་གདམ་པ་རེད་ལགས། ད་དུང་མགོ་མ་ཚོས་པ་ག་རེ་ཡིན་ན། ཟམ་གདོང་བླ་མ་མི་དམངས་ཀྱི་གདམ་པ་མ་རེད་ལགས། དོན་དངོས་འོས་བསྡུ་ལྷན་ཁང་གིས་བསྐོ་བཞག་བྱས་པ་རང་རེད་ལགས། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱི་གསུང་པ་འདི་རེད། སྔོན་མའི་བཀའ་ཁྲིའི་འོས་གྲངས་རྒྱ་ཆ་ཉི་ཤུ་ལྷག་ལས་མ་བྱུང་བ་རེད། མ་འོང་པར་བོད་མི་ཚང་མ་བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་འདེམ་ལ་ཞུག་རོག་ཅེས་རེ་སྐུལ་ནན་པོ་ ཞུས་སོང་ལགས།། དོན་དངོས། དེ་སྔོན། ཨེ་རག་མི་དམངས་ཀྱིས་སཱ་ཏམ་འབུ་སྲིན་འོས་འདེམ་བྱས་པ་དང་། བཙན་བྱོལ་བོད་མིས་ཟམ་གདོང་བླ་མ་འོས་འདེམ་བྱས་པ་གཉིས་ཅིག་པ་ཅིག་ཀྱང་བྱུང་བ་རེད་ལགས།།