བསང་ཆུ་འབྲུག་བྷེ།
ཁྱོད་ཚོས་ཐ་སྙད་ཀྱི་རྫ་བུམ་དུ་མས་ནམ་མཁའ་ཞིག་ཕྱེས་ཡོད
ཁྱོད་ཚོས་མཆོད་མེ་ཡི་གཟི་མདང་དྲོན་མོས་རྒྱ་མཚོ་ཞིག་གཅོད་ཡོད
ཁྱོད་ཚོའི་ལུས་སྟེང་ནས་འབར་བའི་མེ་ལྕེ་དེ་པོ་ཏ་ལའི་དབུ་རྩེར་འཁྱུད་ནས
གནམ་བདེ་སྒོ་མོ་ཆེ་ཡི་ནམ་མཁའ་སྦར་ཡོད
ཁྱོད་ཚོའི་སེམས་དབུས་ནས་སྦར་བའི་མེ་ལྕེ་དེ་བོད་མིའི་མིག་ཆུ་ལ་བྱིང་ནས་སའི་གོ་ལའི་སྙིང་རྩར་སྒྲོན་ཡོད
ཁྱེད་ཚོའི་རྣམ་ཤེས་རེ་རེ་འདི་ལྟར་མེ་ལ་ཕུལ་སྟངས་རེེེར
ངའི་ངག་སྒོ་ལྐུགས་པར་གྱུར་ཞིང སྨྲ་བསམ་བརྗོད་འདས་ཀྱིས་མནར
ངས་དངངས་སྐྲག་དང་བཅས་མིག་ཟུང་གློག་གླད་ལ་གཅེར་ཐེངས་རེེ་རེར
མེ་འོད་ལྷབ་ལྷུབ་ཀྱི་ཁྲོད་ནས་ང་ཡི་སྤུན་ཟླ་རེ་བརྟན་ཅིང་རླིང་བའི་ངང་འགྲོ་བ་མཐོང་ཚེ
མེ་ལྕེ་ལམ་ལམ་དེས་ངའི་མིག་ཟུང་ནས་སེམས་པར་ཚུགས་ཤིང
རང་ཉིད་ནི་མི་ཡུལ་གྱི་དྭ་ཕྲུག་ངོ་མ་ཞིག་ཏུ་ཡིན་པ་དྲན་གྱིན
ཡིད་སེམས་ཀྱི་རྨང་ནས་སྐྱོ་བ་རྫོགས་མེད་ཞིག་མྱོང་རྒྱུ་འདུག་ཨང
ང་ནི་ནམ་རྒྱུན་མེ་ལ་ཇི་འདྲས་སྐྲག
མེ་སྟག་ཕྲ་མོ་རེ་ཡིས་ན་ཟུག་དེ་བཟོད་དཀའ
བོད་ཡུལ་གྱི་མེ་ལྕེ་འདི་ཡི་འོད་ཟེར་རེ་ཡིས
རང་ལ་ཅི་འདྲའི་བདེན་རྟགས་ཤིག་ཡོད་པའི་དཔང་བོར་བཞག
དེ་རིང་བཞུད་པའི་རྣམ་ཤེས་ཁྱེད་ཚོས
ང་ཚོར་དཔའ་སྤོབས་ངང་ལག་རྡང་སྟོན་ཞིང
སྐད་ཤུགས་ཀྱིས་ངག་བཅོལ་རེ་བསྐུར་བར་བསམ་ན
ད་ནི་ངའི་ལུས་སེམས་གཉིས་ཀ་མེ་དང་ཐག་ཇེ་ཉེ་རེད
2011.10.9ཉིན་རྡ་རམ་ས་ལ་ནས།
ད་བར་ཁྱེད་ཚང་བྲིས་པའི་སྙན་ངག་ཞིག་མཐོང་མ་སོང་། གདུང་སེམས་མཉམ་སྐྱེས་ལ་དགའ་བསུ་ཡོད།