ཤར་ཕྱོགས་ཁུག་རྟས།
རྗེས་ཆགས་ཟུར་མིག་འགྲོ་ལ་རྟག་ཏུ་གཡོ།།
བྱམས་པའི་ཉམས་ལྡན་འཛུམ་པའི་ཞལ་ཡངས་མ།།
ཐོགས་མེད་ཤེས་བྱའི་གནད་ལ་མངའ་བརྙེས་པའི།།
ཡུམ་གཅིག་རྗེ་བཙུན་སྒྲོལ་མས་རྟག་ཏུ་སྐྱོང་།།
ཁྱེད་ཞལ་དྲི་བྲལ་གཟུགས་ཀྱི་ཞལ་ཐང་ལ།།
ཟག་བཅས་མིག་གིས་མཇལ་ནས་མཇལ་བའི་ཚེ།།
རྣམ་རྟོག་ཡིད་ཀྱིས་ཁྱེར་བའི་སྡུག་གུ་མ།།
སྐྱོ་ཞིང་དུངས་བའི་རྒྱན་གྱིས་རབ་ཏུ་ལྕི།།
ཚེ་རབས་དུ་མར་གོམས་པའི་དད་སྟོབས་ཀྱིས།།
བསོད་ནམས་ལག་གཉིས་ཁ་སྦྱོར་འཁྱུད་པའི་ཚེ།།
ཚོར་སེམས་རྣལ་མའི་མཐའ་དབུས་ཀུན་དུ་ནས།།
མཆི་མ་བདུད་རྩིའི་ཕྲེང་བ་ཤམ་ཤམ་འཇོ།།
འཕགས་ནོར་བདུན་གྱིས་དབུལ་བའི་ཉམས་ང་ལས།།
ཚེ་རབས་དུ་མར་སྐྱོབ་པའི་ནོར་འཛིན་མ།།
སྐྱེ་སྲིད་བར་དོའི་ཕྲེང་རིང་དོགས་མོ་ནས།།
ཡང་ནས་ཡང་དུ་སྐྱོབ་པའི་ས་མཁན་མ།།
ཡིན་ཡང་འདུས་བྱས་སྒྱུ་མའི་འཁོར་བ་རུ།།
ལས་སྨོན་སྟོབས་ཀྱིས་དབང་མེད་འཁྱམ་པའི་དུས།།
ཡུམ་མཆོག་དཔལ་གྱི་ལྷ་མོའི་ཐུགས་རྗེ་ཡིས།།
དད་པའི་ས་བོན་ཡང་དག་དོན་ལ་སྒྱུར།།
འདི་ན་རིགས་དང་རུས་ཀྱི་དབྱེ་གཅོད་ཀྱིས།།
ཁ་བ་ཅན་ཞེས་ལྗོངས་སུ་གྲགས་པ་རུ།།
སྐྱེས་ཤིང་འཁྱམས་པའི་གར་ལ་བརྟེན་པ་ངར།།
མ་ཡུམ་ཁྱེད་ཀྱིས་ཐུགས་རྗེ་མ་ལྷོད་ཨང་།།
འོན་ཀྱང་དཀར་མིན་ལས་ཀྱི་མཐུ་བཙན་པས།།
ཆོས་ཀྱི་རྒྱལ་ཁམས་ཞེས་གྲགས་གངས་ཅན་ལྗོངས།།
གཞན་གྱི་བསམ་སྦྱོར་དྲག་པོས་ཉེར་འཚེ་ལས།།
ཁ་འཐོར་ཉམས་ངའི་རང་གཟུགས་འདི་ལ་དགོངས།།
༧སྟོན་པ་མཆོག་གང་རྟེན་འབྱུང་གཞན་གཅེས་ལ།།
རིང་ནས་གོམས་པའི་སྙིང་སྟོབས་ཆེ་ནའང་།།
གངས་ཅན་སྐྱེས་འགྲོའི་ལས་ངན་སྨག་དྲགས་པས།།
རྗེ་བཙུན་སྒྲོལ་མས་གདོང་གྲོགས་མ་ལྷོད་ཅིག།
སྐད་དང་ཡི་གེ་རིག་གཞུང་ལེགས་བྱང་ཞེས།།
རང་གི་ངོ་བོ་འཛིན་པ་ཆོས་ཀྱི་གཞི།།
ཁ་འཐོར་རླུང་ནག་འཚུབ་མོས་བསྐྱམས་སྐྱོམ་ནས།།
ད་ནི་སྙིང་རླུང་སྟོད་ལ་འཚིང་ནས་འོང་།།
ཐུབ་དབང་དམ་པ་དམ་པའི་མཆོག་ཉིད་ཀྱི།།
རང་ལུགས་དྲི་མེད་སྐྱེས་འགྲོར་ཕན་ཐབས་སུ།།
ཕྱོགས་དང་རིས་སུ་གཅོད་པ་མི་མངའ་ཡང་།།
འཇིག་རྟེན་གྲགས་པའི་ལུགས་ལ་ཡིད་ཙམ་དགོངས།།
རྒྱལ་བསྟན་དྲི་མེད་འཛིན་ལ་འདུས་སྡེ་མཆོག།
གང་ན་གནས་སར་ལུང་རྟོགས་བསྟན་པ་ཞེས།།
དྲི་མེད་ལུང་གིས་བསྔགས་པ་དེ་བཞིན་དུ།།
གནས་སའི་སྨན་ལྗོངས་རང་དབང་དཔལ་ལ་སྒྱུར།།
ཕངས་མེད་ཆོད་སེམས་བསྟན་སྲིད་འདེགས་པའི་སྙིང་།།
མེ་ལྕེ་ལྷབ་ལྷབ་དབུས་སུ་སྒྲོན་པ་ཡི།།
གཞན་ཕན་རྩ་བར་སྲོག་ཀྱང་འདོར་དཔའ་བའི།།
རྒྱལ་སྲས་སེམས་དཔའ་འདི་རྣམས་ཕྱག་གི་ཡུལ།།
དེ་ལྟར་དང་བའི་ཡིད་ཀྱིས་སྨོན་ལམ་དང་།།
སྐྱོ་སྣང་ཚོར་བས་བསྡུས་པའི་ཞུ་འབོད་འདི།།
རིང་ནས་ཁྱེད་ལ་དུངས་བའི་རྟེན་འབྲེལ་དང་།།
གངས་ལྗོངས་སྐྱེས་འགྲོའི་འདོད་དོན་འགྲུབ་ཕྱིར་སྨྲས།།
ཞེས་རང་ཡུལ་གངས་ལྗོངས་རྔ་བ་གསེར་མོ་ལྗོངས་གཙོས་བོད་ས་ཁ་ཤས་ནས་རྒྱལ་གཅེས་དཔའ་བོ་སྐྱ་སེར་རེ་འགས་རིམ་མཐུད་ཀྱིས་རང་ལུས་མེར་བསྲེགས་བཏང་བ་གཞིར་བྱས་ཏེ། ཁྲིམས་མཐུན་བོད་གཞུང་དགའ་ལྡན་ཕོ་བྲང་གིས་སྲིད་དབང་གསོལ་སྩལ་གནང་བའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་རང་གི་ལས་གནས་གྲུ་བཞིར་གསོལ་ཇའི་བར་གསེང་དུ་མདུན་གྱི་༧རྗེ་བཙུན་སྒྲོལ་མའི་ཞལ་ཐང་ལ་མཇལ་བཞིན། སྐྱོ་སྣང་ཕྲན་བུ་དང་བཅས་ཡིད་ལ་གང་དྲན་ཤར་མར་བྲིས།། །།
ཕངས་མེད་ཆོད་སེམས་བསྟན་སྲིད་འདེགས་པའི་སྙིང་།།
མེ་ལྕེ་ལྷབ་ལྷབ་དབུས་སུ་སྒྲོན་པ་ཡི།།
གཞན་ཕན་རྩ་བར་སྲོག་ཀྱང་འདོར་དཔའ་བའི།།
རྒྱལ་སྲས་སེམས་དཔའ་འདི་རྣམས་ཕྱག་གི་ཡུལ།།