དེ་ཡང་དུས་རབས་དགུ་བའི་གོང་དུ་བྱུང་བའི་འབྲུག་ཡུལ་གྱི་གནས་ཚུལ་རྣམས་གསལ་བོ་ཤེས་རྟོགས་བྱུང་མེད་པ་དང་། དེའི་རྗེས་སུ། བོད་དུ་བླ་མ་ཆེ་ཁག་དང་ཆོས་ལ་དད་པ་ཡོད་མཁན་མང་བོ་དམར་གསོད་དུ་བཏང་བའི་དྲག་པོའི་ཟིང་ཆ་བྱུང་བའི་སྐབས་སུ་བོད་ཀྱི་གྲྭ་བ་མང་བོ་འབྲུག་ཏུ་བྲོས་བྱོལ་དུ་བསླེབས་ཤིང་། གནས་དེར་གཞིས་ཆགས་ནས་བོད་ཀྱི་སངས་རྒྱས་ཆོས་ལུགས་དར་སྤེལ་བྱུང་བ་ལ་བརྟེན་ནས་ལོ་རྒྱུས་ཀྱི་འཕེལ་ཁ་ཇེ་རྒྱས་སུ་ཕྱིན་པ་རེད། དུས་རབས་༡༢་བའི་ནང་དུ་འབྲུག་ཏུ་འབྲུག་པ་བཀའ་བརྒྱུད་དར་སྤེལ་བྱུང་བ་དང་། དེ་ནས་འབྲུག་གི་ཆབ་སྲིད་ཀྱི་ལོ་རྒྱུས་རྣམས་བོད་ཀྱི་ཆོས་བརྒྱུད་ཀྱི་ལམ་ལུགས་རྨང་གཞིར་བཟུང་བའི་སྟེང་ནས་གོང་འཕེལ་དུ་བྱུང་བ་དང་། འབྲུག་ཡུལ་ནི། ཡུན་རིང་གི་ལོ་རྒྱུས་ཀྱི་བརྒྱུད་རིམ་སྣ་མང་ལ་བརྟེན་ནས་རིམ་བཞིན་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་གི་ངོ་བོར་གནས་ཐུབ་པར་གྱུར་ཡོད། དུས་རབས་བདུན་པའི་དཀྱིལ་ནས་དུས་རབས་དགུ་བའི་བར་དུ་བོད་ཀྱི་རྒྱལ་རབས་ཀྱི་སྲིད་དབང་གི་འོག་ཏུ་གནས་ཡོད་པར་བཤད་པ་དང་། དེའི་རྗེས་སུ། འབྲུག་ཡུལ་དུ་གཅིག་གྱུར་གྱི་དབང་བསྒྱུར་མེད་པར་ས་གནས་ཁག་ཁ་འཐོར་དུ་གནས་པའི་ཡུལ་གྱི་དཔོན་པོ་བྱུང་བ་དང་། སྤྱི་ལོ་༡༦༡༦་ལོའི་ནང་དུ། བོད་ཀྱི་གཙང་སྟོད་ནས་ཡིན་པའི་བླ་མ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་འབྲུག་ཡུལ་དུ་ཕེབས་ནས། ཁོང་གིས་འབྲུག་ཡུལ་ནི་གཅིག་གྱུར་གྱི་ཡུལ་གྲུ་ཞིག་ཏུ་བཟོས་ཤིང་། འབྲུག་པའི་རིག་གཞུང་གི་ངོ་བོ་སོགས་བོད་ཀྱི་ཤེས་རིག་གི་ཁྱད་ཆོས་ལས་ཁ་བྲལ་དུ་གནས་པར་འབད་བརྩོན་གནང་བ་རེད། ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་ནི་བོད་ཀྱི་གཙང་རྭ་ལུང་དགོན་པ་ནས་ཡིན་པ་དང་འབྲུག་པ་བཀའ་བརྒྱུད་ཀྱི་སྲོལ་འཛིན་མཁན་འབྲུག་པ་མི་ཕམ་བསྟན་པའི་ཉི་མ་དང་སྡེ་བ་སྐྱིད་ཤོད་པའི་སྲས་མོ་བསོད་ནམས་དཔལ་གྱི་བུ་ཁྲིད་གཉིས་ཀྱི་སྲས་ཡིན། གཞོན་དུས་ཁོང་ནི་རྒྱལ་དབང་འབྲུག་ཆེན་གྱི་ཡང་སྲིད་ལ་ངོས་འཛིན་མཛད་དེ། གཙང་རྭ་ལུང་དགོན་པར་ཁྲི་འདོན་གནང་ནའང་འབྲུག་ཆེན་པདྨ་དཀར་བོའི་རྗེས་འབྲངས་པ་ལྷ་རྩེ་ངག་དབང་བཟང་བོ་སོགས་ཀྱིས་ངོས་ལེན་མ་གནང་པ་དང་། ཡིན་ཡང་། ཁོང་གིས་མུ་མཐུད་དུ་འབྲུག་པ་བཀའ་བརྒྱུད་ཀྱི་མ་དགོན་རྭ་ལུང་དུ་མུ་མཐུད་དུ་རྒྱུན་བཞུགས་དང་ཁྲི་འཛིན་གནང་བ་ལ་གཞན་གྱིས་དབྱེན་སྦྱོར་སྣ་མང་བརྩམས་པ་དང་། བོད་ཀྱི་གཙང་པ་སྡེ་སྲིད་ལགས་ཀྱིས་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་འཛིན་བཟུང་བྱེད་པར་གྲ་སྒྲིག་བྱས་པ་ལ་བརྟེན་ནས། སྤྱི་ལོ་༡༦༡༦་ལོར་ཁོང་བོད་ནས་ཕྱོགས་ཐོན་མཛད་དེ་འབྲུག་ཏུ་ཕེབས་པ་དང་དེའི་ནུབ་ཕྱོགས་ཀྱི་ས་གནས་ཁག་ཏུ་རྟེན་གཞི་བྱས་ནས་རྒྱུན་བཞུགས་གནང་བར་མ་ཟད། ཐིམ་པུ་ལུང་གཞོངས་ཀྱི་སྟོད་ཕྱོགས་སུ། སྤྱི་ལོ་༡༦༢༠་ལོར་འབྲུག་པ་བཀའ་བརྒྱུད་ཀྱི་ཆག་རི་དགོན་པ་ཕྱག་འདེབས་མཛད་ཅིང་། འབྲུག་ཡུལ་དུ་འབྲུག་པ་བཀའ་བརྒྱུད་ཀྱི་ཆོས་རྒྱུན་རིམ་བཞིན་གསར་བཏོད་གནང་བ་རེད། ད་དུང་སྤྱི་ལོ་༡༦༢༩་ལོར་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་འབྲུག་གི་ཐིམ་པུ་ཕྱོགས་སུ་བསམ་སྟོད་ཀ་རྫོང་སྟེ་སྲིད་འཛིན་གྱི་ལྟེ་བ་གསར་འཛུགས་གནང་ཞིང་། དུས་རབས་༡༢་ནས་འབྲུག་གི་ནང་དུ་དར་ཁྱབ་བྱུང་བའི་ལྷ་པ་བཀའ་བརྒྱུད་དང་རྙིང་མ་ཆོས་བརྒྱུད་བཅས་ཀྱིས་བདག་འཛིན་བྱས་པའི་ས་ཆ་ཁ་ཤས་ཤིག་ལ་དབང་བསྒྱུར་མཛད་ཅིང་། དེ་ནས་རིམ་གྱིས་འབྲུག་གི་ས་ཁུལ་ཡོངས་སུ་ལས་འགུལ་སྣ་མང་གཅིག་རྗེས་གཉིས་མཐུད་དུ་སྤེལ་བ་ལ་བརྟེན་ནས། འབྲུག་ཡོངས་རྫོགས་གཅིག་གྱུར་གྱི་དབང་བསྒྱུར་མཛད་པའི་ཐབས་བྱུས་བཤམས་པ་རེད། འབྲུག་གི་ཁྲིམས་ཀྱི་བཅའ་ཡིག་ཆེན་མོ་བཟོས་ཤིང་། བོད་ཀྱི་སྡེ་བ་གཞུང་གི་སྲིད་ཀྱི་དབང་བསྒྱུར་ལས་ལོགས་སུ་བགར་བ་དང་། ཞབས་དྲུང་ཞེས་པའི་མིང་གི་གོ་གནས་སོགས་བཟུང་སྟེ་འབྲུག་གི་དགོན་སྡེ་དང་མི་སྡེ་ཁག་གི་སྲིད་ཀྱི་འཛིན་སྐྱོང་གི་ལམ་ལུགས་གསར་དུ་བཏོད་ཡོད། དེ་ནས་སྤྱི་ལོ་༡༦༥༡་ལོར་ཞབས་དྲུང་ངག་དབང་རྣམ་རྒྱལ་ནི་ སྐུ་འདས་གྲོངས་སུ་ཕྱིན་པ་རེད། དེའི་རྗེས་སུ་སྲིད་ཀྱི་དབང་ཆ་མཐའ་དག་ཁོང་གི་རྗེས་འབྲངས་བ་ཡིན་པའི་ས་གནས་དཔོན་སློབ་རྣམས་ཀྱིས་མཇུག་སྐྱོང་གནང་བ་དང་། ཁོང་སྐུ་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ནི་ས་གནས་དཔོན་སློབ་རྣམས་ཀྱིས་ལོ་ངོ་༥༤་རིང་དུ་གསང་རྒྱ་མཛད་དེ་མུ་མཐུད་དུ་ཁོང་གི་ལས་དོན་རྣམས་རྒྱུན་འཛིན་གནང་པ་རེད། ད་ལྟའང་འབྲུག་ཏུ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་འདས་གྲོངས་སུ་ཕྱིན་པའི་ཉིན་མོ་དེ་འབྲུག་རྒྱལ་ཡོངས་ཀྱི་གུང་གསེང་ཞིག་ལྟར་དུ་བོད་ལུགས་ཀྱི་ཟླ་བཞི་བའི་ཚེས་བཅུ་ལ་སྲུང་བརྩི་ཞུ་བཞིན་པ་རེད། དེ་ནས་རིམ་གྱིས་འབྲུག་གི་ས་གནས་ཁག་ཏུ་ལོ་ངོ་ཉིས་བརྒྱའི་རིང་དུ་མི་དམངས་ནང་ཁུལ་ལ་སྲིད་དབང་རྩོད་ལེན་དང་འཐབ་འཛིང་ནང་འཁྲུག་གི་རྒྱུན་མ་ཆད་པར་བསྟུད་མར་བྱུང་བ་ཁག་བརྒྱུད་ནས། སྤྱི་ལོ་༡༨༨༥་ལོར་འབྲུག་རྒྱལ་དང་པོ་ཨོ་རྒྱན་དབང་ཕྱུག་གིས་འབྲུག་གི་སྲིད་དབང་མཐའ་དག་གཅིག་ཏུ་བསྒྲིལ་པ་དང་། དེ་ནས་ཨིན་ཇི་དང་རྒྱ་གར་མཉམ་དུ་མཐུན་སྒྲིལ་གྱི་ཆིངས་ཡིག་རྒྱུད་འཛིན་བྱས་པ་རེད། ཨོ་རྒྱན་དབང་ཕྱུག་ནི་སྤྱི་ལོ་༡༨༦༢་ལོར་ཀྲོང་གསར་རྫོང་གི་དཔོན་སློབ་ཀྱི་གོ་གནས་འཛིན་པའི་འཇིགས་མེད་རྣམ་རྒྱལ་དང་ཨ་ཞེ་པད་མ་ཆོས་སྐྱིད་གཉིས་སུ་འཁྲུངས་པ་དང་། ཡབ་དམ་པའི་དཔོན་སློབ་ཀྱི་གོ་གནས་རྒྱུན་འཛིན་དང་ཆབ་སྲིད་ཀྱི་དགྲ་བོ་རྣམས་ཕམ་པར་མཛད་པ་ལ་བརྟེན་ནས། འབྲུག་གི་རྒྱལ་ས་རྙིང་བ་སྤུ་ན་ཁའི་མི་དམངས་ཀྱིས་ཁོང་ནི་འབྲུག་གི་རྒྱལ་བོར་བདམས་པ་དང་། སྤྱི་ལོ་༡༩༠༧་ལོའི་ཟླ་༡༢་པའི་ཚེས་༡༧་ཉིན་ལ་འབྲུག་གི་རྒྱལ་བོའི་དབུ་ཞྭ་ལེགས་པར་བསྣམས་ཡོད་པ་རེད། སྤུ་ན་ཁ་ནི་འབྲུག་ཡུལ་ལ་རྫོང་ཁག་ཉི་ཤུ་ཡོད་པའི་ནང་གི་གཅིག་ཡིན་པ་དང་། དེ་ནི་སྤྱི་ལོ་༡༩༥༥་ལོའི་བར་དུ་འབྲུག་རྒྱལ་ཁབ་ཀྱི་རྒྱལ་ས་དང་སྲིད་འཛིན་གྱི་ས་གནས་ཤིག་ཏུ་གྱུར་ཡོད། དེའི་རྗེས་སུ་རྒྱལ་ས་ཐིམ་པུ་ལ་གནས་སྤོར་གནང་ཡོད། སྤྱི་ལོ་༡༩༡༠་ལོའི་ནང་དུ་ཁོང་གིས་ཨིན་ཇི་དང་མཉམ་དུ་སྤུ་ན་ཁའི་ཆིངས་ཡིག་བཞག་ནས་ཨིན་ཇིའི་རྒྱ་གར་གཞུང་གིས་འབྲུག་རྒྱལ་ཁབ་ཀྱི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པར་བཟོས་པ་རེད། སྤྱི་ལོ་༡༩༢༦་ལོར་ཨོ་རྒྱན་དབང་ཕྱུག་སྐུ་གྲོངས་པའི་རྗེས་སུ། ཁོང་གི་སྲས་འབྲུག་རྒྱལ་གཉིས་པ་འཇིགས་མེད་དབང་ཕྱུག་གིས་རྒྱལ་བོའི་རྒྱུན་འཛིན་གནང་ནས་སྲིད་ཀྱི་གོ་གནས་བཟུང་བ་རེད། སྤྱི་ལོ་༡༩༤༧་ལོར་རྒྱ་གར་རང་བཙན་ཐོབ་པའི་སྐབས་སུ། རྒྱ་གར་གྱི་གཞུང་གསར་བས་འབྲུག་ནི་རང་བཙན་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་གནང་ཡོད། ལོ་དེར་རྒྱ་གར་དང་འབྲུག་གཉིས་ཀྱིས་ཞི་བདེ་དང་མཛའ་མཐུན་གྱི་ཆིངས་ཡིག་ལ་མཚན་རྟགས་བཀོད་པ་དང་། རྒྱ་གར་གྱི་ཕྱི་འབྲེལ་སྲིད་བྱུས་ཀྱི་ནང་དུ་རྒྱ་གར་གྱིས་འབྲུག་ལ་བཀོད་འདོམས་བྱེད་པ་ལས་འབྲུག་གི་ནང་སྲིད་ལ་ཐེ་བྱུས་མི་བྱེད་པར་འགན་ལེན་བྱས་ཡོད། སྤྱི་ལོ་༡༩༥༢་ལོར་ཁོང་གི་སྲས་འབྲུག་རྒྱལ་གསུམ་པ་འཇིགས་མེད་རྡོ་རྗེ་དབང་ཕྱུག་གིས་རྒྱལ་བོའི་གོ་གནས་བཞེས་པ་དང་། དེ་ནས་འབྲུག་རྒྱལ་ཁབ་རིམ་བཞིན་ཡར་རྒྱས་ཀྱི་རྣམ་པ་བྱུང་ཞིང་། སྤྱི་ལོ་༡༩༧༡་ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་ཚུད་ཡོད། ཁོང་གིས་འབྲུག་ཏུ་རྒྱལ་ཡོངས་གྲོས་ཚོགས་དང་རྒྱལ་བོའི་དམག་དཔུང་དང་མཐོ་རིམ་ཁྲིམས་ཁང་སོགས་བཙུགས་ནས་དེང་རབས་སུ་ཕྱོགས་སུ་བསྐྱོད་པའི་འགོ་བརྩམས་ཡོད། སྤྱི་ལོ་༡༩༧༢་ལོར་རྒྱལ་བོ་འཇིགས་མེད་རྡོ་རྗེ་དབང་ཕྱུག་གློ་བུར་དུ་འདས་གྲོངས་སུ་ཕྱིན་པའི་རྗེས་སུ། ཁོང་གི་སྲས་འབྲུག་རྒྱལ་བཞི་བ་འཇིགས་མེད་སེང་གེ་དབང་ཕྱུག་ལགས་དགུང་ལོ་བཅུ་བདུན་སྟེང་རྒྱལ་བོའི་ཁྲི་ལ་འཁོད་ཅིང་། སྤྱི་ལོ་༡༩༧༤་ལོའི་ཟླ་༦་ཚེས་༢་ཉིན་ལ་འབྲུག་རྒྱལ་བོའི་དབུ་ཞྭ་གསོལ་བ་རེད། ཁོང་ནི་འཛམ་གླིང་འདིའི་ནང་གི་རྒྱལ་བོ་གཞོན་ཤོས་དེ་ཆགས་པ་དང་། འབྲུག་དང་། རྒྱ་གར། ཨིན་ཇི། ཨ་རི་སོགས་ཀྱི་མཐོ་སློབ་ཁག་ཏུ་དེང་རབས་ཀྱི་ཤེས་ཡོན་སྣ་མང་ལ་སློབ་སྦྱོང་བྱས་མྱོང་བའི་མི་སྣ་ཞིག་ཡིན་པས། རྒྱལ་སྤྱིའི་གནས་ཚུལ་ལ་ཤེས་རྟོགས་ཟབ་པ་དང་འབྲུག་ཏུ་དེང་གི་ཤེས་ཡོན་སློབ་གསོ་དང་། ཆབ་སྲིད་འཛིན་སྐྱོང་། ཡུལ་སྐོར་ལྗོངས་རྒྱུ། དཔལ་འབྱོར་བཅོས་བསྒྱུར། རྒྱལ་ཡོངས་བདེ་སྐྱིད། དམངས་གཙོའི་ལྟ་གྲུབ་ལ་སོགས་གོང་འཕེལ་དང་ཡར་རྒྱས་སུ་བཏང་བའི་རླབས་ཆེན་གྱི་མཛད་རྗེས་ཡོད་པ་ཞིག་ཡིན། འབྲུག་ཏུ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གི་ཡང་སྲིད་ཀྱི་སྐོར་ལ་སྐུ་གསུང་ཐུགས་ཀྱི་སྤྲུལ་བ་སོགས་རྩོད་རྙོག་སྣ་མང་གི་ཁྲོད་དུ་འབྲུག་སྡེ་སྲིད་དང་། རྗེ་མཁན་པོ། དཔོན་སློབ་གསུམ་གྱིས་ངོས་འཛིན་སྟངས་མི་འདྲ་བ་མང་བོ་རིམ་པར་བྱོན་པ་དང་འབྲུག་གཞུང་གིས་ཁོང་གི་སྤྲུལ་སྐུ་ལ་བཀག་སྡོམ་གྱི་བྱེད་ཐབས་ཀྱང་མཛད་པ་རེད། གཞན་ཡང་། རྒྱ་གར་གྱི་མོན་རྟ་དབང་དགོན་པ་དང་། བོད་སོགས་སུའང་ཁོང་གི་ཡང་སྲིད་བྱུང་ཡོད་པ་སྟེ། དེང་སང་ཨི་ཏ་ལིར་བཞུགས་པའི་བོད་རིགས་མཁས་དབང་ནམ་མཁའི་ནོར་བུ་ཡང་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ཡང་སྲིད་ཡིན་པར་བཤད་དོ། ། ད་དུང་དེང་སང་འབྲུག་ཏུ་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་སྤྲུལ་སྐུ་ལ་ངོས་འཛིན་གནང་བའི་ཕྲུ་གུ་ལོ་ཆུང་ཆུང་ཞིག་ཡོད་པ་སྤྱི་ལོ་༢༠༠༥་ལོ་ནས་བཟུང་ཕ་མ་དང་མཉམ་དུ་བཟང་བཙོན་དུ་བཞག་ཡོད་པར་བཤད་པ་རེད། སྤྱི་ལོ་༢༠༠༦་ལོའི་ཟླ་༡༢་བའི་ཚེས་༡༤་ཉིན་དུ་འབྲུག་རྒྱལ་བཞི་བ་འཇིགས་མེད་སེང་གེ་དབང་ཕྱུག་གིས་རྒྱལ་བོའི་སྲིད་དབང་གི་གོ་གནས་ལས་དགོངས་པ་ཞུས་ནས། སྲས་འབྲུག་རྒྱལ་ལྔ་བ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་རྒྱལ་ཚབ་ཏུ་བསྐོ་བཞག་གནང་བ་རེད། སྤྱི་ལོ་༢༠༠༨་ལོའི་ཟླ་༡༡་པའི་ཚེས་༦་ཉིན་དུ་འབྲུག་གི་གནའ་བོའི་གྲོང་ཁྱེར་རྙིང་བ་སྤུ་ན་ཁ་རུ་གཞུང་འབྲེལ་གྱི་མཛད་སྒོ་རྒྱ་ཆེན་པོ་ཞིག་གི་སྟེང་དུ་སྲས་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་ལ་རྒྱལ་བོའི་དབུ་ཞྭ་དེ་གསོལ་བ་རེད། སྐབས་དེར་རྒྱ་གར་གྱི་སྲིད་འཛིན་དང་ཕྱི་སྲིད་བློན་ཆེན་ཐེ་བའི་ཕྱི་རྒྱལ་གྱི་སྐུ་མགྲོན་མང་བོ་མཉམ་ཞུགས་གནང་ཡོད། སྲས་འཇིགས་མེད་གེ་སར་ནི་འབྲུག་རྒྱལ་བཞི་བ་འཇིགས་མེད་སེང་གེ་དབང་ཕྱུག་ལ་བཙུན་མོ་བཞི་ཡོད་པའི་ནང་གི་གསུམ་པ་ཨ་ཤེ་ཚེ་རིང་གཡང་སྒྲོན་གྱི་སྲས་རྒན་པ་ཡིན། ཁོང་གིས་ཆུང་དུས་འབྲུག་ཏུ་གཡང་ཆེན་པུ་འབྲིང་རིམ་སློབ་གྲྭར་སློབ་སྦྱོང་བྱས་པ་དང་། དེ་ནས་རིམ་བཞིན་ཨ་རི་ནང་དུ་མཐོ་སློབ་ཁག་ཁ་ཤས་ལ་འགྲིམས་པའི་རྗེས་སུ་ཨིན་ཇིའི་ཨོ་ཁུ་སི་ཕོར་ཏྲི་སློབ་ཆེན་དུ་ཕྱི་ཕྱོགས་ཀྱི་ཞབས་ཞུ་སྒྲིག་གཞི་དང་རྒྱལ་སྤྱིའི་འབྲེལ་ལམ་སྐོར་ལ་སློབ་གཉེར་བྱས་ནས་སློབ་ཐོན་ཕྱིན་པ་རེད། སྤྱི་ལོ་༢༠༡༡་ལོའི་ཟླ་༥་བའི་ཚེས་༢༠་ཉིན་དུ་རྒྱལ་བོ་འཇིགས་མེད་གེ་སར་གྱིས་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཚོགས་དུས་བདུན་པའི་སྒོ་འབྱེད་མཛད་སྒོ་གནང་བའི་སྐབས་སུ། ཁོང་ནི་སྤྱི་ལོ་༢༠༡༡་ལོའི་ཟླ་༡༠་བའི་ཚེས་༡༣་ཉིན་དུ་སྤུ་ན་ཁ་གྲོང་ཁྱེར་དུ་རང་ལོ་ཉེར་གཅིག་ཡིན་པའི་འབྲུག་གི་མི་སེར་དཀྱུས་མ་རྗེ་བཙུན་པདྨ་ལགས་ལ་འཁྲུངས་ས་བསྐྱོན་རྒྱུ་ཡིན་པར་གསལ་བསྒྲགས་བསྐྱངས་པ་རེད། དེ་ལྟར་དུ་ཉིན་དེར་འབྲུག་གི་ཆུ་བོ་ཕོ་ཆུ་དང་མོ་ཆུ་ཟེར་བ་གཉིས་འཛོམས་སའི་གནས་ཏེ་པུ་ན་ཁ་རྫོང་དུ་མཛེས་སྡུག་གི་ཡོན་ཏན་ཡོངས་སུ་རྫོགས་པའི་རྗེ་བཙུན་པད་མ་མཆོག་འབྲུག་གི་སྲོལ་རྒྱུན་ཆོས་ལུགས་ཀྱི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་རྒྱ་ཆེན་པོ་ཞིག་དང་མཉམ་དུ་རྒྱལ་བོའི་ཁབ་ཏུ་བཞེས་ཡོད་པ་རེད།
ཡག་བྱུང་།
རྨ་མགུར་སངས་རྒྱམ་ལགས། དེའི་རྗེས་སུ། བོད་དུ་བླ་མ་ཆེ་ཁག་དང་ཆོས་ལ་དད་པ་ཡོད་མཁན་མང་བོ་དམར་གསོད་དུ་བཏང་བའི་དྲག་པོའི་ཟིང་ཆ་བྱུང་བའི་སྐབས་སུ་བོད་ཀྱི་གྲྭ་བ་མང་བོ་འབྲུག་ཏུ་བྲོས་བྱོལ་དུ་བསླེབས་ཤིང་། ཞེས་པའི་སྐོར་ལ་འགྲེལ་བཤད་ཅིག་རྒྱག་ཐུབ་བམ། གུས་ལ་འདིའི་སྐོར་ཤེས་འདོད་ཧ་ཅང་ཆེ།
འབྲུག་གིས་བོད་རིགས་ཚོར་སྡུག་པོ་བཏང་སྟངས་ག་འདྲ་ཡིན་ནམ།
བསོད་ནམས་ལགས། དེ་ནི་དབུ་གཡོར་འཁྲུགས་པའི་རྗེས་སུ་འབངས་གྱེན་ལོག་བྱུང་བ་དེ་ལ་ཟེར་བཞིན་ཡོད་པ་འདྲ། མ་གཞི་དེང་སང་འབྲུག་གི་རྒྱལ་པོ་སོགས་ཀྱི་མི་རྒྱུད་འདི་བོད་དབུས་ཀྱི་མི་རིགས་རེད།
མི་ཉག་སྐལ་བཟང་ལགས། སྐབས་དེར་བོད་གཞུང་གིས་བསྐོས་བཞག་བྱས་པའི་གཞིས་མགོ་སོགས་མི་བཞི་དམར་གསོད་དང་མང་པོ་ཞིག་ལ་བཅར་རྡུང་ཁྲིམས་གཅོད། མང་པོ་ཞིག་ཕྱིར་འབུད་བྱས་ཡོད་ཚུལ་སོགས་འདུག ངས་ཤེས་པ་དེ་ཙམ་ཡིན། དེའི་སྐོར་བྲིས་ཡོད་པའི་དེབ་རེ་ཟུང་རེ་འདུག་མོད་གསལ་ཞིབ་ད་ལྟ་དྲན་གྱིན་མི་འདུག དགོངས་དག ཀུན་གླིབ་འོད་ཟེར་རྒྱལ་མཚན་གྱི་མི་ཚེའི་ལོ་རྒྱུས་དང་གདོང་ཐོག་བསྟན་རྒྱམ་གྱི་རྒྱལ་རབས་སོགས་སུ་ཡང་ཅུང་ཟད་རེ་འདུག
ད་སྐབས་འབྲུག་རྒྱལ་ཁབ་ནས་རྒྱུ་མཚན་གང་ཡིན་མ་ངེས་རུང་གང་ལྟར་བོད་ཀི་རིག་གཞུང་དང་བོད་མི་ལ་གང་ཐུབ་སྒོས་ཁ་ཐག་རིང་དུ་གཏོང་ཐབས་གནང་གི་ཡོད།ཕལ་ཆེར་དེ་ལ་ཆབ་སྲིད་ཀྱི་རྒྱབ་ལྗོངས་མཐུག་པོ་ཅིག་མེད་དམ་སྙམ།
ལར་འབྲུག་ནང་མི་སེར་མང་པོ་ལ་༧རྒྱལ་དབང་རིན་པོ་ཆེར་དད་མོས་ཆེན་པོ་ཡོད་པ་དེས་ཡུལ་དེའི་མཐོ་རིམ་དཔོན་རིགས་ཚོར་སྐྲག་སྣང་ཡོང་བཟོ་འདྲ་བོ་ཅིག་མཐོང་སོང་ལ།མི་རིགས་ཀི་ཆ་ནས་འབྲུག་མི་དཀྱུས་མ་ཚོ་ཕར་བཞག་སེར་འབྲས་དགའ་གསུམ་དང་ས་རྙིང་གི་གདན་ས་ཁག་ཏུ་སློབ་གཉེར་གནང་མཁན་ཚོས་ཀྱང་ཁོ་ཚོའི་མི་རྒྱུད་བོད་མི་ཡིན་པར་ངོས་ལེན་ནམ་ཡང་གནང་གི་མི་འདུག་ཅིང་།
འབྲུག་གི་ལོ་རྒྱུས་མང་པོར་བོད་དང་འབྲེལ་བའི་ཐོག་ཧ་ལམ་བཙན་པོའི་དུས་རབས་ནས་འབྲུག་དེ་ཡུལ་ལུང་རང་རྐྱ་བ་ཅིག་ཡིན་མདོག་དང་ཁོང་ཚོ་གུ་རུ་པད་འབྱུང་གི་སྦས་ཡུལ་གྱི་གནས་ཁྱད་པར་ཅན་ཅིག་ཡིན་པ།
བོད་གཞུང་དགའ་ལྡན་ཕོ་བྲང་སྐབས་༧རྒྱལ་དབང་ལྔ་པ་འབྲུག་ཐོག་ལ་ཕྲག་དོག་དང་འབྲུག་ཟ་རྔམ་སྐྱེས་ཏེ་ཡུལ་དེར་བོད་སོག་གི་དམག་ཐེངས་མང་དྲངས་ཀྱང་འབྲུག་གིས་ཕམ་པར་བརྒྱབ་པ་སོགས་ཕྱོགས་ཀུན་ལ་མ་གྲགས་པའི་རང་སྣང་དྭགས་པ་མང་བྲིས་འདུག་ཅིང་།གནས་ཚུལ་དེ་འདྲ་ཕྱི་རྒྱལ་པ་འབྲུག་སྐོར་ཉམས་ཞིབ་པ་ཚོས་ཀྱང་མང་པོ་བྲིས་ཡོད།
རྒྱལ་དབང་ལྔ་པའི་དུས་སུ་དགེ་སོག་གི་དམག་གིས་འབྲུག་ཟ་རྔམ་ཟེར་ན་འདྲ། བོད་ཡུལ་གཅིག་གྱུར་ཟེར་ན་འདྲ། འབྲུག་ཡུལ་ལ་བཙན་འཛུལ་ཟེར་ན་འདྲ་གང་ལྟར་དམག་ཐེང་མང་པོར་དྲངས་ཡོད་པ་རེད། དེ་རྫུན་གང་ཡང་མ་རེད། སྲིད་དོན་རྒྱལ་རབས་ལ་ཡང་གསལ་ཞིབ་འཁོད་ཡོད་པ་དེ་ཚོ་རེད།
ཕྱི་ལོ་༡༦༤༤ལོར་མོན་དང་ལྷོ་འབྲུག་མ་མཐུན་པར་དགེ་སོག་གི་དམག་དྲངས་པ་ཕམ་ཉེས་དང་དེ་ལ་འདུམ་བྱས་ཀྱང་༡༦༤༨ལོར་བསྐྱར་དུ་འཁྲུག་པ།བོད་སོག་གི་དམག་དཔོན་འགའ་འབྲུག་གིས་འཛིན་བཟུང་དང་ཕྱིར་སྤྲོད་སོགས་བྱས་པ།སྲིད་རྒྱལ་དང་ཞབས་དྲུང་ངག་རྣམ་གི་རྣམ་ཐར་བཅས་སུ་གསལ་ཡོད་པ་བདེན་དོན་རེད་མོད།
༧རྒྱལ་དབང་ལྔ་པས་འབྲུག་ལ་ཕྲག་དོག་བྱས་པ་དང་ཟ་རྔམ་བཅངས་པ་སོགས་བོད་ཀི་ལོ་རྒྱུས་དང་རྣམ་ཐར་གང་དུ་གསལ་འདུག
བཙན་པོའི་རྒྱལ་དུས་སུ་འབྲུག་ཡུལ་ལུང་རང་རྐྱ་བ་ཅིག་ཡིན་པ་གང་དུ་གསལ་ཡོད་པ་རེད།ཡང་འབྲུག་རྒྱལ་པོའི་མི་རྒྱུད་བོད་དབུས་ཀི་མི་རིགས་ཡིན་པའི་སྒྲུབ་བྱེད་གང་འདྲ་ཡོད་ལགས།ངས་ཀློག་པའི་འབྲུག་དང་འབྲེལ་ཡོད་དེབ་ཁག་ནང་ལྷོ་འབྲུག་འདིའང་འབྲས་ལྗོངས་དང་འདྲ་བར་གདོད་མའི་ལྷོ་མོན་པ་དང་ལེབ་ཆ་མི་རིགས།ཡང་བོད་འབྲོག་ནས་ཡོང་མི་དང་སོག་པོ་ཇིང་གེ་སི་ཁང་གི་སྐབས་ལྡོང་མི་ཉག་རྒྱལ་ཁབ་ནས་བྲོས་བྱོལ་ཡོང་མི་སོགས་ནས་གྲུབ་པ་ཅིག་ཡིན་རུང་།ལྷོ་མོན་གི་ས་གནས་བྱེ་བྲག་པ་ཅིག་ནང་འབྲུག་པ་བཀའ་བརྒྱུད་ཀི་བསྟན་པ་ཤུགས་ཆེ་དར་ནས་ཕྱིས་འབྲུག་ཐོགས་པར་གྲགས།
འབྲུག་ཡུལ་མི་དམངས་ཀྱིས་ཕྱི་དང་ནང་གི་དཀའ་སྡུག་མང་བོ་མྱངས་པ་ལ་བརྟེན་ནས་གཞན་མི་རིགས་ལ་འབྲེལ་འདྲིས་དང་ཆིངས་ཡིག་སྣ་ཚོགས་བཞག་པའི་ཁྲོད་དུ་མཐར་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་གྱུར་པ་རེད། བོད་པའི་སྐུ་དྲག་རྣམས་ཀྱིས་རང་ཉིད་ཀྱིས་འཇོན་མདོག་བསྟན་ནས་རང་མི་རིགས་ལ་སྡང་སེམས་དང་གཞན་རྒྱལ་ཁབ་ལ་འབྲེལ་འདྲིས་མ་བྱས་པའི་ཉེར་ལེན་ལ་བརྟེན་ནས་རང་བཙན་ཤོར་བ་རེད།
དགའ་ལྡན་ཕོ་བྲང་པས་བྱས་ཉེན་མ་བཤད་ན་ལེགས། དེ་བཤད་ན་བཤད་ཚོད་མེད། དེ་ལས་གཡུག་ཞོག
དཀར་མཚོ་སྐྱིད་ལགས།བོད་པ་ལ་སྲིད་དོན་ཐོག་ནས་ཉེ་རབས་ལོ་རྒྱུས་ནང་འཇོན་ཐང་དམིགས་བསལ་མེད་པ་བདེན་པ་རེད།ཡིན་ནའང་།འབྲུག་ལ་བོད་ལྷག་གི་སྟོབས་དང་འཇོན་ཐང་ཉམས་མྱོང་བཅས་གང་ཡང་ཡོད་པ་མ་རེད།བོད་པ་ཕར་བཞག་དེང་དུས་ཀི་ཤེས་ཡོན་དང་ཕྱི་འབྲེལ་ཉམས་མྱོང་གང་ཆ་ནས་འབྲུག་གིས་འབྲས་ལྗོངས་ཀི་དོ་ཟླ་ཡང་འཕེར་མི་ཐུབ།
དེ་ཚོ་ལོ་རྒྱུས་དང་རྣམ་ཐར་ཆོས་འབྱུང་ཁག་བཅས་ནང་ཁྲ་ལམ་མེར་ཡོད་པ་རེད་ལ་ད་ཆའང་བོད་མི་དང་འབྲུག་གཉིས་ལས་ཆོས་དང་རིག་གཞུང་གང་ཆ་སུ་སྐད་གྲགས་འདུག་མངོན་སུམ་མྱོང་གྱུར་རེད།མང་པོ་བཤད་མི་དགོས་འབྲུག་ལ་ཏཱ་ལའི་བླ་མ་ལྟ་བུ་མི་སྣ་གྲགས་ཅན་གཅིག་ཨེ་འདུག
འོན་ཀྱང་བོད་ཀི་རང་བཙན་ཤོར་པའི་སྐྱོན་ཚང་མ་བོད་མིའི་མགོ་ལ་འཇོག་རྒྱུ་མེད།རྒྱ་ནག་ལྟ་བུ་དམག་སྟོབས་ཅན་ཀི་རྒྱལ་ཁབ་ཅིག་ནས་འབྲུག་འདྲ་བོ་ཕར་བཞག་ཨེ་ཞི་ཡའི་རྒྱལ་ཁབ་སུ་ལ་བཙན་འཛུལ་བྱེད་འདོད་ན་དབང་འོག་ཏུ་བསྡུ་མི་ཐུབ་པའི་དཀའ་ངལ་གང་མེད།
རྒྱ་ནག་གུང་བྲན་སྐྱོ་བོ་ཡིན་དུས་ཕྱི་ལོ་༡༩༦༢་ལོར་རྒྱ་གར་ཕམ་ཉེས་སུ་བཏང་ཡོད་ལ་དེ་སྔོན་དེ་ལས་སྐྱོ་དུས་ལྷོ་བྱང་ཀོ་རི་ཡ་དམག་འཁྲུག་སྐབས།རྒྱ་མི་གུང་བྲན་གཅིག་པུས་ཨ་རི་གཙོས་སྟོབས་ཆེན་མཉམ་འབྲེལ་རྒྱལ་ཁག་གི་དམག་དཔུང་འབུམ་ཕྲག་མང་པོ་ཚར་བཅད་ཡོད།དེ་འདྲ་སོང་འབྲུག་རང་བཙན་གནད་འགག་དེ་རླུང་རྟ་རྒྱུགས་པ་ཙམ་དང་སྡུག་ས་ནས་བཤད་ན་བོད་མིའི་གཏམ་དཔེར་བྱ་ཁྭ་ཏ་བསད་ནས་རོ་ལ་བལྟའམ་སྒྲོ་ལ་བལྟ་ཟེར་བ་དེ་རེད།
རྒྱ་ནག་ལ་བརྒྱ་བསྐྱེད་འདོད་མོས་ཡོད་ན་ཁོའི་མཐའ་འཁོར་རྒྱལ་ཁབ་དབང་འོག་ཏུ་བསྡུ་མི་ཐུབ་པ་དེང་སང་ཡང་རེ་ཟུང་ཙམ་ཡིན།
གང་ལྟར་འབྲུག་རྒྱལ་ཁབ་ནི་བོད་ཀྱི་ཆོས་དང་རིག་གཞུང་ཁོ་ནས་དུས་དེ་རིང་གི་བར་འཚོལ་བའི་རང་དབང་གི་རྒྱལ་ཁབ་ཅིག་རེད། ལོ་རྒྱུས་ནི་ལོ་རྒྱུས་རང་ཡིན་པས་དེ་ལ་དབང་ཆེ་བ་ཚང་པ་ཡིས་སྙོན་དུ་མེད། བོད་དང་འབྲུག་གི་བར་གྱི་འདས་པའི་ལོ་རྒྱུས་ལ་ང་ཚོས་ནམ་ཡང་སྲུབ་ཐབས་བྲལ། སྐད་ཆ་སྣ་ཚོགས་གང་བཤད་ཀྱང་རུང་། དོན་དངོས་དོན་བོད་དང་འབྲུག་ནི་ཕྱོགས་ཐབས་ཅད་འབྲེལ་ཅིང་རྟག་དུ་དམ་ཚིག་ཡོད་པའི་རྒྱལ་ཁབ་གཉིས་ཡིན།
རྒྱ་ནག་གི་རྒྱལ་ས་ཁྲང་ཨན་དང་། རྒྱ་གར་གྱི་ཆུ་བོ་གངྒ་ཚུན་བོད་ཀྱི་མངའ་འོག་ཏུ་ཆུད་པའི་སྐབས་ཡོད་ན། འབྲུག་དང་འབྲས་ལྗོངས་ཙམ་དེར་མ་འདུས་པ་ཤོད་དགོས་ཡག་འདུག་གས།
སྐབས་ཤིག་ནས་གདོང་དམར་ཚང་ལྷ་འདྲེ་གདོན་བགེག་དང་། འབྱོང་བོ་རོ་ལངས་སོགས་ཀྱིས་་ལངས་མ་ཐུབ་པ་བཟོས་པ་རེད་མ་གཏོགས། གཞན་྄་་་་་་་
སྟག་སེང་ཁྱུང་འབྲུག་རྣམས་ནི་བོད་ཀྱི་ཐ་སྙད་ཕྱི་མོ་ཡིན།
བོད་རིགས་དང་འབྲུག་རིགས་ཀྱི་མཐུན་སྒྲིལ་ཡུན་བརྟནཤོག །
དྲ་གྲོགས་ཚོ།
ངོ་མ་བཤད་ན། ཐུད་འཚོ་བ་མར་གྱི་བཀའ་དྲིན་རེད།
འབྲུག་རྒྱལ་ཁབ་རང་བཙན་ཅན་དུ་གནས་ཐུབ་པ་རྒྱ་དཀར་ནག་གཉིས་ཀྱི་བྱེད་ལས་རེད།
བོད་ས་ཡོངས་རྫོགས་རྒྱ་ནག་གིས་དབང་བསྒྱུར་རྗེས། རྒྱ་གར་ལ་ས་མཚམས་དཀའ་ངལ་གྱི་སེམས་འཚབ་འཕར་མ་ཞིག་བྱུང་། དེས་རྐྱེན་རྒྱ་གར་གྱི་དཔོན་པོ་ནེ་རོས་ཇུས་སྟོན། ལྕམ་ཨིན་ཏར་གྷན་དྷིས་དངོས་སུ་ལག་བསྟར་བྱས་ཏེ་ད་ལྟའི་འབྲུག་འདི་རྒྱལ་སྤྱིའི་ཐོག་ཏུ་སྐྱེལ་བ་ཞིག་རེད། ད་ལྟའང་མཐའ་མཚམས་ཀྱི་དམག་མིའི་ཁ་ལོ་ཡོངས་རྫོགས་རྒྱ་གར་གཞུང་གི་ལག་འོག་ཏུ་ཉར་ཡོད། དངུལ་ལོར་གྱི་ཛ་ཐང་ཡང་རྒྱ་གར་ནང་འབྲུག་དང་རྒྱ་གར་གཉིས་ཀ་གཅིག་པར་བཞག་ཡོད།
ད་ལྟའི་འབྲུག་གི་དེང་དུས་སློབ་སྦྱོང་དང་། སྲིད་དོན་སློབ་སྟོན། ཚོང་འབྲེལ་སོགས་ཚང་མ་རྒྱ་གར་གཞུང་ལ་སྒོ་ཀུན་ནས་བཏུད་དེ་བསྡད་ཡོད།
འོན་ཀྱང་། ལྟ་བཟོ་ཆེ་ཤོས་དེ་ནི་འབྲུག་པ་གཞོན་སྐྱེས་ཚོ་རང་གི་རིག་གཞུང་ལ་གཅེས་པོ་ཡོད་པ་དེ་རེད།
གང་ལྟར་ད་ཆ་འབྲུག་རྒྱལ་ཁབ་འདི་འཛམ་གླིང་འདི་ཡི་ནང་བོད་པའི་གོམས་སྲོལ་དང་སྐད་ཡིག་བེད་སྤྱོད་གཙང་མ་བྱེད་ཐུབ་མཁན་གྱི་རང་བཙན་རྒྱལ་ཁབ་གཅིག་པུ་འདི་ཡིན། དེས་ཀྱང་ང་ཚོར་ཕན་ཐོགས་ཤིག་འབྱུང་ངེས། དེར་བརྟེན་བོད་པའི་ངོས་ནས་འབྲུག་པ་དགྲ་ཟླར་མ་རྩིས་པར། དགེ་མཚན་ལྡན་པའི་བོད་ཀྱི་དེང་དུས་ཤེས་ཡོན་སོགས་འབྲུག་ནང་སྤེལ་ཏེ་རང་དབང་ལྡན་པའི་ངང་ནས་སྲུང་སྐྱོང་བྱེད་ཐབས་ལ་འབད་དགོས་ཀྱི་དུས་ཚོད་གལ་ཆེ་ཤོས་ཤིག་ཏུ་མཐོང་།
ད་ལྟ་ང་ཚོར་སྟོབས་ཤུགས་ངེས་ཅན་ཞིག་མེད་ཀྱང་། ཁ་སྟོང་གིས་དགྲ་བོ་མང་པོ་བཟོ་བཞིན་པ་དེ་ནི་མི་རིགས་ཀྱི་གུད་ཆགས་ཤིག་རེད།
བོད་མིར་ཆབ་སྲིད་ཀྱི་ཚོར་བ་རྣོ་པོ་དགོས་ངེས་ཀྱང་། ཐབས་མཁས་པ་དེ་བས་གལ་ཆེ།
འབྲུག་ཡུལ་གཞུང་གི་ཆོས་སྲིད་ཀྱི་ལམ་ལུགས་དང་། མི་རྣམས་ཀྱི་རང་དབང་དང་བདེ་སྐྱིད། སྐད་དང་ཡིག་རིགས། བསམ་བློ་དང་ཆོས་དད། ཁོར་ཡུག་གི་རྣམ་པ་དང་གོམས་གཤིས་ལ་སོགས་དངོས་སུ་མཐོང་དུས། རང་གི་ཕ་ཡུལ་ནི་འདི་འདྲ་པའི་བདེ་སྐྱིད་ཅིག་བྱུང་ན་སྙམ་པའི་སེམས་ཚོར་དྲག་པོས་མིག་ནས་རང་དབང་མེད་པར་མཆི་མ་་བཞུར་གྱི་འདུག
བོད་ཀྱི་ལྷོ་ཕྱོགས་སུ་ཆགས་པའི་ལྷོམོན་འབྲུག་ཡུལ་ཞེས་པ་འདི་ལ་དང་པོ་ནང་པ་སངས་རྒྱས་བའི་མ་དར་པའི་སྔོན་ཏུ་བོད་ཀྱི་བོན་པོ་འགའ་ཤེས་ལྷོ་གླིང་འདིར་འབྱོར་བ་ནས་གནས་གཞིས་བཟུང་སྟེ་ཡུལ་འདིའི་མཐའ་འཚམས་རྣམས་སུ་བོན་ཆོས་རིམ་པར་དར་བས། མི་རྣམས་ཀྱིས་བོན་ཆོས་ལྟར་མེ་རླུངཉི་ཟླ་སོགས་རི་བྲག་ཤིང་ལ་ལྷ་རྣམས་མཆོད་པའི་སྲོལ་ཙམ་ལས། སངས་རྒྱས་བསྟན་པའི་སྣང་བ་མེད་པར་མི་རྣམས་དགེ་སྡིག་ལས་འབྲས་ཀྱི་རྣམ་དབྱེ་མི་ཤེས་པརམུན་ཁང་དུ་གནས་དང་འདྲ་པའི་སྐབས་སུ་ཡུལ་ལ་མོན་ཡུལ་དང་། མི་ལ་མོན་པ་ཞེས་འབོད་པ་གཉིས་སྤྲེལ་ཏེ་ལྷོ་མོན་གྱི་ཡུལ་ཞེས་རྗེས་སྒྲུབ་ལྟར་བཤད་པ་འདི་ལ་གཞི་འཛིན་བྱེད་པར་སྣང་ ། ཡུལ་འདི་ལ་བོན་པོའི་ཆོས་དར་བའི་རྒྱུ་མཚན་་ད་ལྟའི་བར་ཡུལ་འདིའི་མཐའ་འཁོར་རྣམས་སུ་བོན་སྲོལ་དམར་མཆོད་བྱེད་མཁན ། ཀྲོང་གསར། དབང་རྫོང་ ། གཞལ་རྫོང་ ། དར་དཀར་ཆ་འོག་རྫོང་སོགས་མཐའ་འཚམས་རྣམས་སུ་རྒྱུན་འཛིན་ཙམ་རེ་ཡོད་པ་ལས་བོན་ཆོས་མཉམ་ལེན་བྱེད་མཁན་མེད་ཅིང་ ། ལྷ་སྲུང་གསོལ་རྒྱུ ། མོ་རྩིས ། ཕྱྭ་གཡང་བྱེད་པ་སོགས་ཀྱི་ཆོ་ག་ཙམ་བྱ་མཁན་གྱི་བོན་པོ་དེ་ལ་མིང་ཕ་ཇོར་འབོད་པ་སྔར་དར་གྱི་བརྡ་རྙིང་མིང་དེ་རང་ད་ལྟ་འབོད་སྲོལ་ཡོད་པར་བཤད ། མོན་པའི་རིགས་རྣམས་ནི་ཆོས་གོས་ལ་དགའ་མོས་དེ་ཙམ་མི་བྱེད་པར་ཕལ་ཆེར་སྒྲེན་མོར་རྒྱུ་བ་དང་ ། འཚོ་བ་ནི་ཁོང་ཚོས་ལས་འབྲས་དགེ་སྡིག་བླང་དོར་མི་ཤེས་སྲོག་གཅོད་ལ་མི་འཛེམ་པར་རི་དྭགས་ཀྱི་ཤ་ཁྲག་ལ་རྔམས་ཤིང་ ། སྡོད་གནས་ཡང་ནགས་ཚལ་ཁོ་ནའི་ནང་སྡོད་པ་དང་ ། མོན་སྐད་དེ་ཡང་ཀླ་ཀློའི་སྐད་ཀྱིས་བརྗོད་པ་ལས་ཡུལ་དབུས་ཀྱི་སྐད་དང་གཏན་ནས་མི་འདྲ་ཟེར ། མི་རིགས་གཞན་དང་འདྲེས་སླད་མི་བྱེད་པས་མོན་རིགས་རྣམས་འབྲུག་པའི་མི་རིགས་ལས་ལོགས་སུ་བཀར་ཏེ་མོན་པ་ཞེས་འབྲུག་པའི་མི་རིགས་ལས་ཐ་དད་པའི་རིགས་གཅིག་ཡོད་ཀྱང་མོན་པའི་མི་འབོར་གྲངས་མང་པོ་མེད་པ་དང་དེ་རྣམས་དེང་སང་རྒྱ་གར་གྱི་ན་གཱ་ལེནྡྲ་ཟེར་བ་དང་ཨརུ་ན་ཅལ་གྱི་མི་རྣམས་དང་གཟུགས་དབྱིབས་སྐད་དང་ ། ཆ་ལུགས། དགེ་སྡིག་བླང་དོར་མི་ཤེས་པའི་རྨོངས་པ་སོགས་གང་ཅིའི་ཐད་ནས་འདྲ་བར་འདུག་པས་འབྲུག་ཡུལ་ཀྱི་མོན་པ་རྣམས་ཀྱང་རིགས་དེ་ལས་མཆེད་པར་ཐེ་ཚོམ་མི་འདུག་ཟེར ། ཡུལ་འདིའི་མི་རིགས་རྣམས་ལ་དང་པོ་ལྷོ་པ་ཟེར་པ་དང་ ། ཡུལ་ལ་ལྷོ་དང་ཆོས་མ་དར་གོང་གི་མི་ལ་མོན་པ་ཞེས་འབོད་པ་རྣམས་སྤྱིར་བཏང་དེང་སང་འབྲུག་པ་ཟེར་བའི་མི་རིགས་འདི་ལས་ཐ་དད་པ་མེད་པར་དང་པོའི་མི་རིགས་ཡིན་པར་བཤད །
འབྲུག་ནི་ཕྱིས་སུ་ཙང་པ་རྒྱ་རས་འབྲུག་ལ་བྱོན་དུས་ནམས་མཁའ་ནས་འབྲུ་ཡིས་སྐད་རྒྱག་པ་ལ་རྟེན་འབྲེལ་ལ་རྟེན་ནས་རྟག་པ་རེད་ བོད་བཙན་པོའི་སྐབས་མཐའ་འདུལ་དང་ཡངས་འདུལ་གྱི་གཙུག་ལག་ཁང་བཞེངས་པའི་ནང་ནས་མཐའ་འདུལ་གཙུག་ལག་ཁ་འཇམ་དཔལ་ལྷ་ཁང་དེ་འབྲུག་བུམ་ཐོང་ལ་ཡོད་རེད་གཞེངས་སྟོང་དེ་ལྷ་སའི་ཇོ་ཁོང་དང་ཅིག་པ་ཅིག་ཀྱང་རེད་ གུ་རུ་རིན་པོ་ཆེ་འི་སྐབས་ལྷོ་ནོན་ཡུལ་ཟེར་གྱི་ཡོད་འདུགས་ གུ་རུའི་གཟུངས་མ་ལྕགས་དཀར་རྒྱལ་པོའི་སྲས་མོ་མོན་མོ་བཀྲ་ཤིས་ཁི་འདྲེན་འཁྲུང་ཡུལ་དང་པདྨ་བཀའ་ཐོང་ནང་བོད་ཀྱི་མཚོ་ཆེན་བཞི་ལ་ཕྱགས་རྒྱས་བཞག་ལྷོ་ཕྱོག་མོན་ཁའི་བྲགས་ལ་སྐུ་རྒྱས་བཞགས་གསུང་པ་བཞིན་སྐུ་རྒྱས་བྲགས་ནི་བུམ་ཐོང་ལ་ཡོད་ ད་དུང་པད་དཀར་ལས་ མེ་འབར་མཚོ་རུ་སྦས་པའི་སྟེར་ཁ་འདི་ཿ མི་བཞགས་འདོན་དེ་བསྟག་དེ་བཏོན་ནས་ཡང་ཿ་ གཏེར་བཏོན་པདྨ་གླིངས་པ་ཞེས་བྱ་འབྱུང་ཿ གསུང་པ་ནང་བཞིན་དུས་ཀྱི་ཁུག་སོ་རེ་རེ་ལ་གུ་རུའི་སྤྲུལ་པ་རེས་གཏེར་སྒོ་རེར་འབྱེད་ནས་དམག་འཁྲགས་ནད་ཡམ་མུག་གེ་སོག་གསོས་པ་རེད་ དེ་བཞིན་དུ་འཛམ་གྱིང་དམག་ཆེན་དུས་ཀྱིས་སྐབས་ལ་མཁན་པོ་ངག་ཆུང་གིས་སྔགས་སྲུང་མ་སྦད་ནས་སྐྱོབ་པ་རེད་ལ་ཁང་གི་སྔགས་སྲུང་མའི་རལ་པ་རྒོད་ཀྱིས་གཤོག་པ་འདྲ་བས་བོད་ཁམ་འདི་བཀབ་སོངས་གསུང་ ཡང་ཁོངས་སྨ་ཤོད་གོ་འཇོ་ལ་ཕེབ་སྐབས་རི་པདྨ་ཞེ་པ་ལ་རྒྱ་བཟའ་ཀོང་ཇོ་གིས་རྟ་ལྕག་གིས་བྲིས་པའི་མ་ཎི་འབྲུ་དྲུག་དེ་རི་ངོས་གཅིག་གོང་བ་ཞིག་ཡོད་ དེ་རུ་ཕེབས་སྐབ་རྒྱ་བཟའ་ཀོང་ཇོ་སྐུ་སྟོད་འཕྲ་ལ་རིངས་བ་ཞིག་གིས་ཞལ་གཟིགས་ནས་སྒྲོལ་མ་བསོད་ནམས་མཆོག་གཏེར་གྱིས་བསྒྲུབས་ཐབས་དང་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་བཅས་མནང་རེད་ དེ་ཡིས་མཚན་བྱང་ལ་བོད་ཡུལ་བདེ་བའི་ཆ་སྐྱེན་ཞེས་གསོལ་ དགོས་ཁྱད་ནི་རྒྱལ་ཚབ་ར་སྒྲེང་ལ་ཚེ་དབང་དེ་བཀུར་ཡོད་ན་སྐུ་ཚེ་མཐར་ཕྱིན་ནས་དུས་ངན་འདི་འདྲར་མི་འགྱུངས་ལ ་དེ་ཡང་ཨུ་རྒྱན་བསངས་སྔགས་གླིང་པའི་གཏེར་ལུང་ལས་ ་བྱང་ར་སྒྲེང་གིས་གཡུ་ཤུག་ལྡོང་པོ་དེ་ ཤར་རྒྱ་ཀྱང་ནག་མའི་གྲོགས་སུ་ཆེ་ དེ་འོན་ཀྱང་བདུད་དགྲའི་བར་ཆད་ཆེ་ ནུབ་སྟག་རྒན་ལོང་པའི་སྦར་ཤགས་གིས་ བྱང་གཡུ་ཤུག་སྡོང་པོ་འགྱེལ་ཉེན་ཡོད་ དེ་འགྱེལ་ན་མེ་ཡིས་རི་ལུང་གོང་ ཞེས་ལུང་བསྟན་གསལ་པོ་ཞིག་ཡོད་ཀྱང་བློ་ལ་ཆ་ཚང་འགྲོ་གི་མི་འདུག་གཟིགས་འདོད་ཡོད་ཚེ་བདུད་འཇོམས་ཆོས་འབྱུང་ནང་གཟིག་ ད་རུང་བསམ་ཡས་དཀར་ཆག་ནང་ལ་ར་སྒྲེང་རྒྱ་ཚབ་བསམ་ཡས་ཞིང་བསོས་ཕེབས་སྐབ་ཆོས་སྐྱོང་ཆེན་པོ་སྐུ་ཕེབས་ཞུས་པའི་སྐབ་ལ་གཞན་གང་ཡང་མ་གསུང ་སྟག་གཏུམ་ སྟག་གཏུམ་ ཡང་ནས་ཡང་སུ་གསུང་པ་དེ་གིས་མི་ཚང་མས་ཐོས་ ཡང་དོ་ཕྱུག་ཞེས་པའི་གཏེར་ལུང་ལས་སྟག་གི་ར་བསད་ར་ཡིས་སེ་ར་ཕབས་སོགས་ཡོད་ དེང་སོང་ཨ་རིས་གློག་འཕྲིན་ཁང་ནས་ཁྲ་རིང་སྟེན་འཛིན་ནོར་བུས་ར་སྟག་གཉིས་གི་ལོ་རྒྱུས་འབྲི་ས་དམ་ཉམས་ཞིག་གིས་ར་སྒྲེང་རིན་པོ་ཆེ་ལ་མཚན་སྨད་གང་མོངས་ཞིག་ཞུ་གིས་འདུག་ སྔོན་མ་བདེ་བ་གཞུང་གིས་སྐུ་གྲག་བླ་གྲག་དམ་ཉམས་དེ་ཚོ་གདུག་འདྲེ་ཁོག་ལ་ཞུག་ནས་གུ་རུས་ལུང་སྟེན་སྡོག་རོལ་ལ་གཏོང་ནས་དུས་ངན་འདི་བྱུང་བ་རེད་ད་ཟོ་། ཡང་གུ་རུའི་ལུང་སྟེན་གཅིག་ལ་བུ་ཐོང་ཕྱོག་ལ་ཁྲི་ཡི་ཟུར་ཆ་གནན་ཞེས་པ་ལ་བོད་གཞུང་གིས་དམ་ཉནས་དེ་དག་གིས་གུ་རུས་ལུང་ཆག་ཡོད་མདོག་ཞིག་གིས་གོ་བ་ཕྱིན་གྱི་ལོག་ཞིག་རྒྱབ་ནས་ད་རུང་ང་ཚོ་ལ་རེ་བ་ཞིག་འདུག་བསམ་ནས་ འབྲུག་རྒྱལ་ཁྲི་ལས་ཕབས་ནས་ཞབས་དྲུངས་ངག་དབང་རྣམས་རྒྱལ་གྱི་ཡང་སྲིད་དེ་བོད་པའི་ཚ་བོ་རེད་འོ་དེ་ཁྲི་ལ་དཀོད་དང་དེ་གང་བྱེས་ང་ཚོའི་ལག་པ་རེད་བསམ་ནས་ཇུས་ངན་གཏེང་པ་རེད་ ཨ་རི་ནས་བོད་མི་ཞིག་གིས་དུག་མང་པོ་ཉོས་སོང་ཟེར་ནས་བསང་བའི་ལས་ཁུང་གི་དུག་དེ་ག་བར་འཁུར་སོང་རྟ་དུས་འབྲུག་ཡུལ་དུ་ཁུར་བ་ཤེས་པ་རེད་ དེ་ནས་བསང་བའི་ལས་ཁུང་གི་འབྲུག་ལ་བསང་བརྡ་སྤྲད་ནས་བོད་གཞུངས་གིས་དོན་བཅོད་ཁྱིམ་གཤེར་བྱས་ཙང་གནས་ཚུལ་དེ་དོན་པ་རེད་ད་ག་འདྲ་བྱེས་སོང་གཟིགས་དང་ཧ་ཧ་། གུ་རུས་ལུང་ལ་འཁྲུལ་བ་ག་ལ་ཡོད་འབྲུག་པ་འདི་བོད་ཀྱིས་ཟུར་ཆ་ཞིག་ཡིན་དུས་འབྲུག་རྒྱལ་གྱིས་ཁྲི་ཡི་ཟུར་ཆ་གནན་ནས་བཞུགས་པ་རེད་དེ་རེད་དང་མ་རེད་
མོན་པ་ལྷ་ཡུལ་ཡིན་ལ་མཁའ་འགྲོ་་འགྲོ་བ་བཟང་མོ་དང་རྒྱལ་བ་ཚོག་དབྱོངས་རྒྱལ་མཚོའི་འཁྲུངས་ཡུལ་ཡིན་སངས་རྒྱས་ཆོས་ལུག་དེ་མ་ཉམས་རྒྱུན་འཛིན་བྱེས་ནས་ཡོད་ བདུད་ལུང་དེ་བོད་པ་རེད་མི་ལོ་རྒྱ་ཕྲགས་དང་སྟོངས་ཕྲགས་གིས་རིག་གཞུངས་དེ་མེད་པ་བཟོས་ཐོག་ད་རུང་་ཡོང་ཕྱི་རྒྱལ་ལུང་པ་ནས་ང་ཚོའི་མེད་པོ་ལྐུག་པ་རེད་སངས་རྒྱས་ཆོས་ལུག་རྫུམ་མ་རེད་ཟེར་མཁན་དེ་བོད་པ་རེད་ ང་མངའ་རི་དཀོར་གསུམ་དང་དབུ་གཙང་རུ་བཞི་ལ་གནས་དཀོར་འགྲོ་མྱོང་ ་བདུད་རྒན་མའོ་ཙེ་ཏུང་གི་སྤར་རེ་བཤམ་ནས་དྲིན་ཆེན་ཁོང་ཟེར་ཐོས་གཉུང་ ང་ཚོའི་ལུང་པ་ལ་བོན་ནག་དམར་མཆོད་བྱེད་མཁན་མེད་
རྨ་མགུར་སངས་རྒྱམ་གྱིས་རྩོམ་ཡིག་འདི་བྲིས་པ་ཐུགས་རྗེ་ཆེ། ངས་ཀྱང་འབྲུག་གི་ལོ་རྒྱུས་ྐློག་བཞིན་ཡོད། ཐུབ་བསྟན་ཚེ་རིང་གིས་བརྩམས་པའི་༼༼འབྲུག་པ་བཀའ་བརྒྱུད་ཀྱི་ལོ་རྒྱུས་༽༽ཞེས་པའི་དེབ་དེའི་ནང་དུ་འབྲུག་པ་བཀའ་བརྒྱུད་ཀྱི་མཁས་གྲུབ་རིམ་བྱོན་གྱི་རྣམ་ཐར་དང་། རྒྱལ་དབང་འབྲུག་པ་སྐུ་འཕྲེང་རིམ་བྱོན་གྱི་ལོ་རྒྱུས་ཁ་གསལ་དོན་བསྡུས་ཀྱིས་བྲིས་ཡོད་ནའང་། འབྲུག་གི་ལོ་རྒྱུས་ཟུར་དུ་ཕྱུངས་ཏེ་བྲིས་མི་འདུག གང་ལྟར། དྲ་གྲོགས་ཚོའི་ནང་དུ་འབྲུག་རྒྱལ་ཁབ་ཆུང་ཆུང་འདིའི་སྲིད་ཕྱོགས་ཀྱི་འགྲོ་སྟངས་དང་། དཔལ་འབྱོར་གྱི་ཐོན་ཁུངས་གང་དག་ཡིན་མིན་སྐོར་གྱི་རྩོམ་ཡིག་རེ་འབྲི་ཤེས་མཁན་ཡོད་དམ།
དྲ་གྲོགས་རྣམ་པ་ཚོར་ཞུ་རྒྱུ་ཞིག་ལ། འབྲུག་ཡུལ་གྱི་སྐོར་དེ་ཙམ་གླེང་འདོད་མ་མཆིས་མོད། ཅུང་ཟད་ཅིག་གླེང་ན། བོད་བཙན་པོའི་སྐབས་བོད་ཀྱི་མངའ་ཁོངས་ཡིན་པ་ནི་བཤད་མ་དགོས་པ་ཞིག་རེད། དེ་བཞིན་ས་སྐྱ་དང་ཕག་གྲུ་རིན་སྤུངས་བཅས་ཀྱི་སྐབས་ཀྱང་དེ་བཞིན་རེད། གཙང་པའི་སྐབས་འབྲུག་ཞབས་དྲུང་ལ་སྤྲུལ་སྐུ་གཉིས་བྱུང་ཞིང་གཅིག་ར་ལུང་དང་གཅིག་འཕྱོངས་རྒྱས་སུ་འཁྲུངས་ཤིང་དེ་གཉིས་ཀྱི་རྙོག་དྲ་ལ་བརྟེན་ནས་ར་ལུང་ནས་འཁྲུངས་པའི་ཞབས་དྲུང་ངག་དབང་རྣམ་རྒྱལ་མོན་ཡུལ་དུ་བྲོས་ཏེ་ད་ལྟའི་འབྲུག་པ་འདི་སྒེར་བདག་བྱས་ཏེ་བཞུགས་པ་དང་། མདོར་བསྡུས་ནས་བཤད་ན་གཙང་པ་དང་དགའ་ལྡན་ཕོ་བྲང་བས་སྐྱག་ལང་དུ་གཏོང་བའམ་འབྲུག་པ་རང་གི་འཇོན་ཐང་ལ་བརྟེན་ནས་ཕྱི་ལོ ༡༦༥༡ ལོར་རང་བཙན་བྱས་པ་ཡིན་ཞེས་འབྲུག་པས་བཤད་ཀྱང་། དོན་དངོས་ཐོག་བོད་ཁུངས་ཡིན་པ་ཞིག་ལ་རང་སྐྱོང་ས་ཁུལ་ཞིག་ཡིན། འབྲུག་པ་ལོ་ཕྱག་པ་ཞེས་རྟག་ཏུ་བོད་གཞུང་ལ་འཚམས་འདྲི་དང་འབུལ་བརྟེན་ཕུལ་དུ་ཡོང་དགོས་པ་སོགས་ལོ་རྒྱུས་མང་པོ་ཡོད་མོད། ད་ལྟ་དེ་ལྟར་བཤད་པས་ཕན་པ་གང་ཡང་མེད་པ་ཞིག་ཡིན་ལ་འབྲུག་པའི་རང་དབང་རང་བཙན་འདི་ལ་རྒྱབ་སྐྱོར་དང་དགའ་གུས་ཞུ་དགོས་པ་ཞིག་རེད།
མཆོད་མེ་རྐང་གཅིག་ལགས། སྐུ་ཉིད་ཀྱིས་འབྲུག་ཡུལ་གྱི་བླ་མ་དགའ་རབ་རྡོ་རྗེའི་སྐོར་གྱི་གནས་ཚུལ་མཁྱེན་གྱི་ཡོད་དམ། ཡོད་ན་མདོར་ཙམ་གསུང་རོགས་ཞུ།
དྲ་གྲོགས་མཆོད་མེ་རྐང་གཅིག་ཟེར་མཁན་དེས་དོན་མེད་ཀླན་ཀ་འཚོལ་བའི་མཆན་བུ་མང་པོ་སྤེལ་སོང་། མཆོད་མེད་རྐང་གཅིག་ཟེར་བ་དེ་གཏན་འགོག་བྱེད་གི་ཡིན། དྲ་གྲོགས་གཞན་ཚོས་ཀྱང་དོན་མེད་ཀླན་ཀ་འཚོལ་བའི་མཆན་བུ་སྤེལ་ཚེ་། རྩོམ་འདིར་མཆན་སྒོ་རྒྱག་གི་ཡིན།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha@gmail.com
གང་ལྟར་ཀྱང་ཧི་མ་ལའི་ཕྱི་ནང་ན་གནས་པའི་བྷོ་ཊ་ཞེས་སུ་གྲགས་པའི་མི་རིགས་འདིར་རིགས་རུས་དང་མཆེད་ཁུངས་སོགས་ཀྱི་ཐད་ནས་དབྱེ་རྒྱུ་ཞིག་གཏན་ནས་དཀའ་མོད། རྒྱུ་དང་རྐྱེན་གྱི་འགྱུར་བ་མང་པོ་ཞིག་ལ་བརྟེན་ནས་ད་ལྟ་འཛམ་གླིང་ཁྲོད་མགོ་བོ་འཇོག་དཀའ་ཙམ་གྱི་ངང་དུ་གནས་པ་སུ་ལ་གསལ་སྟབས། འགལ་རྐྱེན་ཆུང་ངུའི་རིགས་ལ་ཁག་བཏགས་ཏེ་དོན་མེད་དབྱེན་སྦྱོར་གྱི་བྱ་བ་ཅུང་ཙག་ཡིན་རུང་སྤེལ་མི་རུང་ལ། མ་འོངས་པར་རིགས་འདིའི་སྲིད་འབྱོར་རིག་གསུམ་ཀྱང་འཛམ་གླིང་དུ་བརྟན་པོར་འགྲེང་སའི་གཞི་རྐང་ཞིག་ལ་ང་ཚོ་ཚང་མས་བརྩོན་པ་གལ་ཆེ། ཁ་ཆེའི་ཆོས་ལུགས་ཀྱིས་ཨ་རི་ནས་ཡོ་རོབ་དང་། ཨེ་ཤ་ཡའི་རྒྱལ་ཁབ་ཆེས་མང་པོ་སྐྱིད་སྡུག་གཅིག་ལ་བརྩོན་པའི་གནས་སྟངས་འདི་ངེད་ཚོས་ཀྱང་མཐོང་ན་དགའ་བར་སེམས།། ཁོད་རྒྱ་ཅུང་ཡངས་ས་ནས་བསམ་བློ་བཏང་ན། འབྲུག་གི་ཁེ་ཕན་མཐའ་དག་པ་བོད་པའི་ཡིན་ལ་བོད་པའི་ཁེ་ཕན་མཐའ་དག་པ་འབྲུག་པའི་ཡང་ཡིན་ནོ། །
དིང་སང་གི་འབྲུག་ཡུལ་གྱི་ལོ་རྒྱུས་ལེགས་པར་ཤེས་ཐུབ། བཀའ་དྲིན་ཆེ། ལ་དྭགས་སུ་འབྲུག་པ་ཞེས་པ་དཀར་བརྒྱུད་པའི་ཆོས་ལུགས་འཛིན་པ་དག་ལ་འབྲུག་པ་ཞེས་ཞུ། དིང་སང་བོད་རང་ན་འབྲུག་པ་ཞེས་ཡོད་དམ་མེད་ཏན་ཏན་མ་ཤེས། ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་འབྲུག་པ་དཀར་བརྒྱུད་པའི་ཆོས་ལུགས་སྤེལ་བའི་ལྷོ་མོན་ཡུལ་དེ་ལ་འབྲུག་པ་ཞེས་མིང་ཆགས། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་བྱོན་ནས་བཞུགས་པའི་དུས་དེར་ཆོས་ཇི་ཙམ་དར་བ་ཡིན། འཚོལ་གཞིགས་ཀྱི་ཡུལ་ལོ།།
རྨ་མགུར་སངས་རྒྱམ་ལགས་ཀྱིས་དཔལ་ལྡན་འབྲུག་རྒྱལ་ཁབ་གྱི་བྱུང་རིམ་ངོ་སྤྲོད་གནང་བར་དགའ་བོ་བྱུང་། ཐུགས་རྗེ་ཆེ། དེང་སང་བོད་མི་མང་པོ་ཞིག་གིས་འབྲུག་ཡུལ་ལ་མིག་ཚ་སྣང་བྱེད་ཅིང་། འབྲུག་པ་བོད་ཀྱི་ཆ་ཤས་ཡིན་སྐོར་སོགས་གླེང་བ། འབྲུག་པས་བོད་ལ་སྡུག་པོ་བཏང་རབས་སོགས་བཤོད་པ་ནི་ཡག་རྟགས་མ་རེད་བསམ། གང་ལྟར་འབྲུག་ནི་རང་དབང་རང་བཙན་གཙང་མའི་རྒྱལ་ཁབ་ཞིག་ཡིན་ཅིང་། བོད་ནི་རང་དབང་རང་བཙན་གཞན་དབང་དུ་ཤོར་ནས་གཞན་ཡུལ་དུ་གནས་བཅས་ཏེ་བསྐྱབས་བཅོལ་བ་ཆགས་ཡོད། དེས་ན་བོད་པ་ཚོས་དང་པོ་བོད་ཀྱི་རང་དབང་རང་བཙན་གཙང་མ་ཐོབ་ཐབས་བྱས་ཏེ་གཞི་ནས་འབྲུག་ལ་བྱུས་གཏོགས་བྱས་ན་ལེན་པོ་འདུག་བསམ། འབྲུག་པ་ཚོས་ཀྱང་བོད་དང་འབྲུག་གཉིས་སྐད་ཡིག་དང་རིག་གཞུང་ཆོས་ལུགས་སོགས་ལ་འབྲེལ་བ་མེད་རབས་བཤད་པ་ཡང་ཅུང་གུ་དོག་པའི་གནས་ཚུལ་ཡིན། གང་ལྟར་ང་ནི་བོད་མི་གཙང་མ་ཞིག་ཡིན་ཀྱང་འབྲུག་ལ་དགའ་ཞེན་ཡོད་མཁན་ཞིག་ཡིན།
ད་དུང་རྩོམ་པ་པོ་མཆོག་ལ་དྲི་བ་ཞིག་ཞུ་རྒྱུ་ཡིན་འབྲུག་པའི་ལུགས་སྲོལ་ལ་ཨ་ཞང་གི་བུ་དང་ཨ་ནེའི་བུ་མོ་གཉིས་གཉེན་བསྒྲིག་བྱེད་སྲོལ་འདུག་པས་དེའི་རྒྱུ་མཚན་གང་ཡིན་ནམ། དྲི་བ་ཡིན།
དེ་བཞིན་བོད་ཀྱི་ས་གནས་ཁ་ཤས་དང་བལ་བོད་ས་མཚམས་མང་པོ། མོན་ཡུལ་ན་ཡང་ལམ་ལུགས་དེ་ཉིད་ཡོད་རབས་གླེང་མཁན་མང་པོ་འདུག ལོ་རྒྱུས་ཁ་ཤས་སུ་སྔོན་མ་བོད་ལ་དེའི་ལམ་ལུགས་དར་བར་བཤད་པ་ཡང་མཐོང་གང་ལྟར་ལམ་ལུགས་དེ་ལ་རྒྱུ་མཚན་ཞིག་ཡོད་རྒྱུ་རེད་སྙམ།
བཀའ་དྲིན་ཆེ། ཁྱེད་རྣམས་ཀྱི་བགྲོ་གླེང་ཧུར་པོ་གནང་བ་དགའ་བསུ་ཞུ། ལམ་སྟོན་ཞིག་གནང་སྐྱོང་ཡོང་བ་ཞུ།་སུའི་ཧ་གོ་བ་ཡིན? འབྲུག་གི་མི་རིག་བོད་པའི་རིག་རྒྱུས་ཡིན་ནམ། དག་ཆ་ནོར་བ་ཡོད་དགོངས་དག་ཞུ།་
འདིར་འབྲུག་གི་ལོ་རྒྱུས་རྒྱས་བསྡུས་འཚམས་པོ་ཞིག་བཀོད་པ་དེ་ལ། བསམ་མནོ་མི་འདྲ་བའི་དྲ་གྲོགས་སོ་སོའི་དངོས་ཡོད་ཀྱི་གནས་ཚུལ་ལ་དཔྱད་ཞིབ་མ་གནང་བར་ཕྱོགས་ཞེན་གྱི་ལྟ་ཚུལ་ཡང་གླེང་འདུག་སྟེ། སྤྱིར་རྒྱལ་ཁབ་གང་འདྲ་ཞིག་ཡིན་ཀྱང་དངོས་ཡོད་ཀྱི་གནས་ཚུལ་དང་དགོས་དབང་གི་གནས་ཚུལ་རེ་ཡོད་པ་གསལ་པོ་རེད། དེས་ན་དངོས་ཡོད་གནས་ཚུལ་གང་ཡིན་ཡིག་ཐོག་ཏུ་བཀོད་མ་ཐུབ་པའང་མང་པོ་ཞིག་ཡོད་པ་དེ་སྐད་རྒྱབ་ལྗོངས་གཞན་དག་ཡོད་སྲིད་པ་རེད། ཡིན་ནའང་མིག་གིས་མཐོང་ཚད་དང་རྣས་ཐོས་ཚད་ལ་ཚད་འཛིན་མི་གནང་བར་ཕྱོགས་ཡོང་ནས་བསམ་བློ་བཏང་ནས་གནས་ཚུལ་འགྲེལ་བཤད་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་ལྟར་མིན་པ་ཕྱོགས་གཞན་གྱི་ལྟ་གྲུབ་གཙིགས་སུ་འཛིན་ནས་རང་འདོད་ཁོ་ནའི་ལམ་ནས་གསལ་འགྲེལ་རེ་བྱས་ན་མི་རིགས་ནང་ཕན་ཚུན་ཕྲ་མ་དང་དབྱེན་སྦྱོར་གྱི་དུས་རབས་གསར་པའི་སྲོལ་གཏད་བྱེད་པོའང་འགྱུར་སྲིད།
ཕྱོགས་ཞེན་ ནོར་བཅོས
ཚང་མ་ཞི་མཐུན་ངང་བགྲོ་གླེང་གནང་བ་བཀྲིན་ཆེ།
༈ དཀར་མཚོ་སྐྱིད་དང་ཞོལ་ཁྲུག་གིས་བཤད་པ་དེ་དངོས་གནས་བསམ་མནོ་ཅན་གྱི་མི་ཞིག་ཡིན་པའི་ཆ་ནས་དྲང་པོའི་སྐད་ཆ་དང་ཟུར་ཟ་མེད་པའི་གཟུ་བོར་གནས་པའི་གཏམ་ཞིག་ཏུ་མཐོང་། དེ་མིན་གཞན་པ་ཚོས་ནི་ཧ་ལམ་རང་བཙན་བོད་རྒྱལ་རྒྱའི་འོག་ཏུ་ཤོར་རྗེས་། གཞན་རྒྱལ་རང་བཙན་ཅན་གྱི་འབྲུག་ལྟ་བུ་ནི་རང་ཅག་གི་ཆོས་དང་རིག་གཞུང་གཅིག་པའི་རྒྱལ་ཁབ་མཇུག་ལྟ་བུ་ཞིག་གནས་ཀྱང་དགའ་བ་སྒོམ་ཡག་ཕར་བཞག་ནས་མི་བཟོད་པའི་ཕྲག་པ་དོག་པར་ཡང་ཚོར། དངོས་གནས་ཁོང་ཅག་གི་ལོ་རྒྱུས་ལ་བལྟས་ཀྱང་ཁུངས་རྒྱུས་སོགས་མེད་པ་གང་ཡང་རེད་མིན་འདུག་ལ། དུས་རབས་བརྒྱད་པའི་ནང་ལྷག་པར་ཨོ་རྒྱན་མ་ཧཱ་གུ་རུས་ཀྱང་བུམ་ཐང་ལྕགས་མཁར་རྒྱལ་པོ་སྲོག་གི་འཇིགས་པ་ལས་སྐྱོབ་ཕྱིར་བལ་ཡུལ་མ་ར་ཏི་ཀའི་བྲག་ཕུག་ལས་བོད་དུ་ཐོག་མར་མ་ཕེབས་གོང་མོན་བུམ་ཐང་དུ་ཕེབས་ཏེ་ཆོས་ཀྱི་སྣང་བ་བཙུགས་པ་ཙམ་མཛད་པ་དང་། རྗེས་སུ་བོད་རྒྱལ་ཁྲི་སྲོང་གི་སྐུ་རིང་ལ་བསམ་ཡས་མི་འགྱུར་ལྷུན་གྲུབ་གཙུག་ལག་ཁང་གསར་བཞེངས་དང་རྒྱ་ཆོས་བོད་དུ་བསྒྱུར་ཚེ་མོན་བུམ་ཐང་རྒྱལ་པོས་རྗེ་ཁྲི་སྲོང་ལ་མོན་གྱི་ཤོག་བུའི་དོ་མང་པོ་ཞིག་ཕུལ་བའི་ཡོན་དུ་བཙན་པོ་ཁྲི་སྲོང་གིས་ཀྱང་མོན་བུམ་ཐང་དུ་མི་བརྗེད་གཟུངས་ཐོབ་ལྡན་མང་བརྩེ་མང་གུ་རུའི་ཞབས་བཅགས་ཐེངས་གཉིས་པའི་སྐབས་སུ་ཞབས་འབྲང་བ་བྱས་ནས་ཕེབས་སྐབས་བརྩམས་གནང་བའི་མགྱོགས་ཡིག་གམ་ལྷོ་ཡིག་གམ་ཁྱུང་ཡིག་ཅེས་པ་དེ་ད་ལྟའི་འབྲུག་གི་རྒྱལ་ཡོངས་ཀྱི་བྲིས་ཡིག་ཡིན་པར་འདུག འོན་ཀྱང་ཚུགས་ཡིག་གམ་ཡིག་དཀར་ནི་བོད་ཀྱི་དང་གཅིག་པར་བཀའ་བསྟན་གྱི་འབྲི་གཟུགས་ཀྱི་ཡིག་དཀར་རང་རེད་འདུག་ན་ ད་ལྟ་འབྲུག་རང་གི་ཆོས་དང་རིག་གཞུང་དེ་བོད་དང་དུས་མཉམ་མམ་ཕྱིས་སུ་ཇི་ལྟར་བརྒྱུད་ཀྱང་ ལུང་པའམ་ཡུལ་ལུང་དེ་ཁ་བ་ཅན་གྱི་མཚོ་མ་བྲི་བའི་གོང་གི་ལོ་རབས་མང་པོའི་སྔོན་ནས་གནས་པ་སྟེ་དེ་ཡང་ཤིང་ནགས་སྟུག་པོ་དང་སྲོག་ཆགས་ཀྱང་མང་པོ་གནས་པ་ལས་རིམ་གྱིས་དུས་རབས་ནས་དུས་རབས་སུ་མི་རིགས་ཀྱང་ཡག་ཏུ་ཡག་ཏུ་ཕྱིན་པ་ལས་གཞན་ལུང་པ་གང་ཀྱང་མཆེད་པར་མི་སྣང་ཡང་། འབྲོག་པའི་རིགས་འགའ་ཤས་ཤིག་བོད་ནས་མར་བརྒྱུད་པར་ཡང་སྣང་། མདོར་ན་གཏམ་ལུང་ཇི་ལྟར་ཡང་ད་ལྟའི་གནས་བབས་ལ་གཞིགས་ན་འབྲུག་ནི་དངོས་གནས་རང་ཅག་བོད་མི་ཡོངས་ཀྱི་མིག་དཔེ་ཡག་པོ་ཞིག་དང་དགའ་མགུ་ཡི་རངས་ཀྱི་གནས་ཚུལ་ཞིག་གོ། དྲང་པོར་བཤད་ན་རྒྱ་མི་གཞུང་གིས་བོད་རྒྱལ་ཆེ་པོ་དེའི་ཆོས་དབང་དང་སྲིད་དབང་གཉིས་ཀ་མནར་གཅོད་ཀྱིས་བཅོམ་ཚེ་ ལུང་པ་ཆུང་ཆུང་འདྲ་བའི་ཞིང་ཁམས་བོད་ཀྱི་ནང་བསྟན་གཙང་མར་འཛིན་པའི་འབྲུག་འདི་ལ་ཐུགས་སྨོན་དང་ཡི་རངས་ཞུ་རྒྱུ་ལས་གཞན་ཀླ་ཀློའི་སྡེ་ལ་རྒྱབ་སྐྱོར་གང་དྲག་དང་ཕྱག་རོགས་བྱེད་པ་ནི་བོད་ནང་པ་ལས་ཕྱི་རོད་དུ་འགྱུར་བར་སེམས་སོ།།