འབྲོང་ངུར་བསྟན་འཛིན་ལམ་བཟང་།
༡༽ མཚམས་སྦྱོར།
ཤེས་ པ་རྣལ་དུ་གནས་པའི་མི་བུ་ཞིག་ཡིན་ནས་བཟུང༌། བདེ་སྐྱིད་དང་སྟོབས་འབྱོར་འདོད་ཀྱི་ཡོད་ལ་བདེ་སྐྱིད་དང་སྟོབས་འབྱོར་གྱི་རྩ་ བ་སློབ་གསོ་ལ་རག་ལས་པ་དང་སློབ་གསོའི་འབྱུང་ཁུངས་སྐད་ཡིག་ཡིན་ལ། སྐད་ཡིག་གཉིས་ནི་སྒྲ་རིག་པའི་གཞུང་ལ་ལྟོས་པར་ཁྱེད་ཅག་གིས་ཤེས་ཡོད་ཤག་རེད། གཞན་དུ་གཞུང་ལས། བསླབ་པ་ཀུན་ཀྱི་གཞི་འཛིན་ཅིང༌། །རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། །མིང་ཚིག་བརྗོད་པ་ཀུན་ཀྱི་གཞི། །ཡི་གེའི་སྦྱོར་བ་་་་ཞེས་པའི་རྒྱབ་ལྗོངས་དང་གོ་དོན་སེམས་ཁོང་དུ་ཆུབ་ན་སྐད་ ཡིག་གི་རིན་ཐང་དང་བརྡ་སྤྲོད་ཀྱི་ནུས་པ་ཁྱོད་ཀྱིས་ད་གཟོད་མཐོང་ངེས་ཡིན། དེ་ལྟ་བས་ན། ང་ཚོས་བརྡ་སྤྲོད་དང་སྐད་ཡིག་ལ་མཐོང་ཆེན་དང་གུས་བརྩིའི་ཐོག་ཁྱབ་སྤེལ་གང་ནུས་ བཅས་སྲུང་སྐྱོབ་ཀྱང་བགྱིད་པ་གལ་ཆེན་མཐོང་སྟེ། མདོར་ན་ང་ཚོས་མངོན་མཐོ་དང་ངེས་ལེགས་ཀྱི་གྲོང་ཁྱེར་ཉམས་དགའ་དེར་འགྲོ་འདོད་ ཕྱིན། ངེས་པར་དུ་སྒྲ་རིག་པའི་གཞུང་ལུགས་དཔྱིས་ཕྱིན་པ་ཞིག་སྦྱང་དགོས་པར་འཁུམས། སྤྱིར་ན་རིག་པའི་གཞུང་ལུགས་ཀྱི་ལྟ་གྲུབ་ཡོད་པའི་མི་རིགས་ཤིག་ཡིན་ནས་བཟུང་ དེ་དང་འབྲེལ་བའི་རྨང་གཞིའི་ཤེས་བྱ་སྒྲ་རིག་པའི་གཞུང་ལུགས་ཀྱང་ཡོད་པ་བཤད་མི་ དགོས་མོད། ཕྱོགས་མཚུངས་སྐད་ཡིག་གི་གྲུབ་ཆ་ཕུན་སུམ་ཚོགས་པ་ཇི་ཙམ་ཡོད་མིན་གྱིས་མི་རིགས་ ཀྱི་རིག་གནས་དར་འཕེལ་གནས་གསུམ་གྱི་དཔང་རྟགས་ཚད་ལྡན་དུ་བསྡོམས་ཚིག་བཀོད་ཆོག་ པར་སེམས། འདིའི་ཐད་ལ་ལུང་རིགས་ཀྱིས་སྤྲོས་ན་ཤིན་ཏུ་མང་ཡང་རེ་ཞིག་བཏང་སྙོམས་སུ་བཞག བསིལ་ལྡན་ཁ་བ་ཅན་གྱི་ལྗོངས་འདིར་ཆོས་རིག་སྤྱི་དང་ལྷག་པར་བོད་ཀྱི་ཐུན་མིན་ སྐད་ཡིག་ལ་བྱས་རྗེས་མངོན་གསལ་ཡོད་པ་བློན་པོ་ཐོན་མི་དང༌། ཀུན་མཁྱེན་སི་ཏུ་པཎ་ཆེན་གཉིས་ཀྱི་བཀའ་དྲིན་གྱི་ཕུང་པོ་ལ་བརྟེན་ནས། ང་ཚོས་ད་ལྟའང་སྤྱོད་བཞིན་པའི་སྐད་ཡིག་གི་གཞུང་ལུགས་ལེགས་བཤད་འོད་ཟེར་བརྒྱ་ པས་མི་རིགས་གཅིག་སྒྲིལ་དང༌། ཆོས་རིག་སྲུང་སྐྱོབ་སོགས་སྒོ་གང་ཐད་ནས་ཡང་དག་པ་དང་བླ་མར་གྱུར་པ་ཡིན་མོད། སྙིགས་དོར་བཅུད་ལེན་གྱི་བློ་གྲོས་དང་སྔ་ཕྱིར་ལྟ་བའི་མིག་ཟུང་ཞར་བ་ཁ་ཅིག་ གིས་ཡུལ་སྐད་ཡིག་སྐད་དང་བསྲེ་བ་དང༌། ཡིག་སྐད་གལ་ཆུང་བགྱིད་པ་སོགས་ཉེས་པའི་ཆ་དུ་མ་སྣང་ཡང་འདིར་མངོན་གསལ་གྱི་ དོགས་གནད་འགའ་ལ་རང་གི་ལྟ་ཚུལ་བཅོས་མིན་བརྗོད་པར་སུ་ཞིག་མ་རངས་ཀྱང་དགོངས་ སེལ་ཞུུ་འདོད་མེད་ལ། གཞན་ཕན་ལྷག་བསམ་དཀར་པོ་ཁོ་ནས་བསྐུལ་ཏེ་སོར་མོའི་ཟློས་གར་བསྒྱུར་བའི་འདུན་པ་ དབང་མེད་དུ་སྐྱེས་སོ།། ཁོ་བོས་བྲིས་པའི་རྩོམ་ཡིག་འདི་རྒྱལ་སྤྱིའི་བོད་རིག་པ་ཞིབ་འཇུག་གི་མཁས་དབང་ རྣམ་པས་དབུས་བོད་ཀྱི་སྐད་ཡིག་སྐོར་ཆེད་རྩོམ་སུམ་ཅུ་ལྷག་ཙམ་སློབ་སྦྱོང་ བགྱིས་ཏེ། ཉམས་མྱོང་ཕྱོགས་བསྡོམས་སུ་བཀོད་པ་ཞིག་ལས་རང་སྣང་གང་དྲན་དུ་མ་ཡིན་པར་ཐུགས་ ངེས་ཞུ་རྒྱུ་ནི་ཐོག་མའི་རེ་བ་ཡིན། འོན་ཀྱང་འདི་ལ་བསམ་ཚུལ་མི་མཐུན་པ་གང་ཞིག་ཡོད་ཀྱང་ཐད་ཀར་སྐྱོན་བརྗོད་དང༌། ལམ་སྟོན་ཤུགས་ཆེར་གནང་ན་དགའ་བསུ་ཞུ།
༢༽ བོད་ཀྱི་སྐད་ཡིག་བྱུང་རིམ་ལ་ལྟ་བ།
དེ་ སྔོན་བོད་ཀྱི་ལོ་རྒྱུས་སྨྲ་བ་དག་གིས་བཤད་ཚུལ་ཕལ་ཆེར་མཐུན་པ་ནི། བོད་ཡིག་ཐོན་མིས་གསར་བཟོ་བགྱིས་ཟེར་ཡང་ཕྱི་རབས་དྲན་དབང་དག་གིས་གསུངས་པ་ལྟར་ འདིར་བསམ་བློ་ཞིབ་ཙམ་བཏང་ན་ད་དུང་བློ་བག་ཕེབས་པའི་བསྡོམས་ཐག་དགོད་མི་ཐུབ་ སྙམ། སྤྱི་བཏང་ནས་བསམས་ཀྱང་ལོ་རྒྱུས་ནི་འདས་པའི་སྣང་བརྙན་ངོ་མ་ཡིན་པས། རྒྱལ་པོའི་བཀའ་ཡིས་སྒྱུར་མི་ཐུབ་ལ་མཁས་པས་སྒྲུང་རྫུན་ཤོད་སའང་ག་ལ་ཡོད། འོ་ན་རྩ་བ་ནས་རྟོགས་ཐབས་མེད་པ་ཡིན་ནམ་ཟེར་ན་དེ་ལྟའང་མ་ཡིན་ཏེ། དེ་ལ་ང་ཚོས་བྱ་ཐབས་གསུམ་ལ་སྤྱད་དེ་ལྐོག་གྱུར་ནས་མངོན་གྱུར་དང་མངོན་གྱུར་ནས་ གསལ་པོ་བཟོ་དགོས། དང་པོ་ཚན་རིག་གི་འཕྲུལ་ཆས་སྤྱད་དེ་སྣ་དངོས་རྫས་རིགས་ལ་རྟོག་གཞིག་དང༌། གཉིས་པ་རྒྱལ་སྤྱིའི་མཁས་པ་སྔ་ཕྱིའི་དཔེ་དེབ་བཀླགས་ཏེ་མིའི་རིགས་ཀྱི་སྤྱི་ མོས་འདུན་པ་རྒྱུས་ལོན་བྱ་དགོས། གསུམ་པ་ཕྱོགས་སུ་མ་ལྷུངས་བའི་རང་བློས་བརྟག་དཔྱད་ཟབ་ནན་བགྱིས་ན་ཧ་ལམ་དོན་ དངོས་དང་མི་འགལ་བའི་བྱུང་རིམ་གྱི་གྲུབ་དོན་རྙེད་པར་ཐེ་ཚོམ་མི་དགོས་སྙམ། དེ་ལྟའི་དབང་དུ་བྱས་ན་རང་གར་དཔྱད་བརྗོད་འབྲི་བར་རིན་ཐང་ག་ཚོད་ཡོང་མིན་བཤད་ ག་ལ་དགོས། འོ་ན་ཁྱོད་ཀྱིས་དོན་མེད་ཀྱི་ལས་ཤིག་ཅིའི་ཕྱིར་བྱེད་སྙམ་མི་དགོས་ཏེ་ཁོ་བོས་ འབྲི་ཐབས་ཕྱི་མར་སྤྱད་དེ་སྨྲ་བ་ལགས། དངོས་གནས་ཐོན་མིས་བོད་ཡིག་གསར་དུ་བཟོས་སོང་བ་ཡིན་ན་དེའི་སྔོན་དུ་བོད་ཡིག་ མེད་པ་ཅི་ནས་ཀྱང་འདོད་དགོས་ལ་དེ་ལྟར་ན་དེབ་ཐེར་དཀར་པོ་ལས་རང་རེ་རྣམས་ལ་ཡང་ སྔོན་གྱི་དུས་སུ། རྒྱལ་བློན་དེ་དག་གིས་ལོ་དང་ཟླ་བ་རེ་བཞིན་ཅི་མཛད་ཀྱི་ལོ་རྒྱུས་རྒྱལ་རབས་ཤིན་ ཏུ་རྒྱས་པ་ཡོད་པར་གོར་མ་ཆག་ལ་ཞེས་པ་ཁུངས་མེད་ལོང་གཏམ་ཞིག་གམ་ཕན་མེད་དོར་བྱ་ ཞེ་གཅིག་འདོད་ལོས་དགོས་ཀྱང་དེ་ལྟར་ག་ལ་ཡིན། འདི་ལྟ་བུའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་བསམས་ནའང་དེ་སྔོན་བོད་ཡིག་མེད་པར་ འདོད་པའི་ཕྱོགས་དེར་གནོད་བྱེད་མང་ལ་སྒྲུབ་བྱེད་ཉུང་བའི་གཏན་ཚིགས་མང་པོ་ཞིག་ འཚོལ་ཐུབ། མདོར་ན་ང་ཚོས་ཕྱོགས་འདིར་མནོ་བསམ་ཡག་པོར་གཏོང་རྒྱུ་ནི་འདོར་དུ་མི་རུང་བའི་ འགན་འཁྲི་གལ་ཆེན་ཞིག་ཡིན་པས་ཡང་ཡང་དཔྱད་བསྡུར་བྱེད་པའི་ཆོད་སེམས་ཡོད་དགོས། ད་ དུང་དོགས་འདྲི་ཞིག་ལ་ཐོག་མར་ཐོན་མིས་བཟོ་རྒྱུའི་ཡི་གེ་དེ་གང་འདྲ་ཡིན་ཟེར་ན་ ཆགས་ཐོགས་མེད་པར་ལན་འདེབས་ཤེས་དགོས། དེ་མིན་འབེན་མེད་པའི་མདའ་མོ་འཕངས་པ་དང་གཉིས་སུ་མ་མཆིས་སོ། །དེ་ལ་ཁོ་ན་རེ། དབུ་ཅན་དང་དབུ་མེད་ཀྱི་སྲོལ་འདི་བཟོས་པ་ཡིན་ཟེར་ན་གང་ཟག་སོ་སོས་རྣམ་དཔྱོད་ ཀྱི་རྩལ་ལས་མཛེས་རིས་སམ་བོད་ཀྱི་ཡིག་གཟུགས་མི་འདྲ་བ་རིགས་བརྒྱ་ཕྲག་བརྒལ་བ་ ཡོད་ཚོད་འདུག་པས་བོད་ཡིག་བཟོ་མཁན་དུ་མ་ཡོད་པར་ཐལ་བ་ལྡོག་ཏུ་མེད། །
དེ་ ལྟར་ན་ཐོན་མི་ཁོ་ནས་བོད་ཡིག་བཟོས་ཟེར་བའི་དམ་བཅའ་ཉམས་པ་མ་ཡིན་ནམ་སྙམ་པའི་ དྲི་རྟགས་ཤིག་སེམས་ཀློང་ནས་འགོག་མེད་དུ་སྐྱེས་པར་ལན་ཨང་གསར་ཨེ་ཡོད་ལགས། མཁས་པ་རྣམས་ཀྱི་བཞེད་པ་མི་འདྲ་ཡང་གཉའ་ཁྲི་བཙན་པོ་ནི་སྤྱི་ལོའི་སྔོན་གྱི་ལོ་ ༡༩༦ ལས་བརྩིས་ཏེ་སྲོང་བཙན་སྤྱི་ལོ་ ༦༡༧ ལོར་འཁྲུངས་པའི་བར་ལོ་འཁོར ༨༡༣ སོང་ཡོད། གང་ལྟར་ལོ་ངོ་དེ་ཙམ་གྱི་བྱུང་རིམ་མམ་ལོ་རྒྱུས་དང་ཐ་ན་དེ་དག་གི་མིང་ཙམ་ལ་ཡང་ ངག་ཐོག་ནས་འཛིན་དཀའ་བས་དེ་སྔོན་ནས་བོད་ཡིག་ཡོད་པར་ཐག་གཅོད་ཐུབ། ང་ཚོས་རྒྱལ་རབས་གསལ་མེ་ལྟ་བུའི་རྟོགས་བརྗོད་དང་རབ་བཏགས་ལས་བརྒལ་ཏེ་དངོས་ བྱུང་བདེན་དོན་བཙལ་རྒྱུའི་སྙིང་སྟོབས་དང་སྤོབས་སེམས་ཀྱི་དཔྱོད་ཤེས་ཡོད་ དགོས། དེ་ལྟ་བུའི་ན་གཞོན་སྨྱུག་ཐོགས་པ་དུ་མ་ཞིག་བྱུང་དང་འབྱུང་བཞིན་པར་དུས་རབས་ ཀྱི་སྒྲོན་མེ་དང་མི་རིགས་འདིའི་གཟི་བརྗིད་དུ་ལོས་བགྲང༌། གནའ་བོའི་ལོ་རྒྱུས་སྨྲ་བ་ཚོས་སྲོང་བཙན་རྒྱལ་སྲིད་ལ་འགོད་སྐབས་མཐའ་བཞི་རྒྱལ་ པོའི་སྐྱེས་དང་དེའི་ཡི་གེ་བསྐུར་བ་ལས་བོད་རང་ལ་ཡི་གེ་མེད་པས་ཐོན་མིས་བོད་ ཡིག་བཟོས་ཟེར་བ་ལས་རྒྱུ་མཚན་ཡང་དག་དགོད་རྒྱུ་གང་ཡང་མེད་པར་འཁུམས། ལོ་རྒྱུས་དེ་དག་གི་རྒྱབ་ལྗོངས་ལ་བསམས་ནའང་སྐབས་དེ་དུས་བོད་རང་གི་ཡི་གེ་ཡོད་ པ་མ་ཟད་རྒྱལ་ཁབ་གཞན་གྱི་སྐད་ཡིག་ལ་མཁས་པའི་ལོ་ཙཱ་བ་དུ་མ་ཡོད་པའི་སྒྲུབ་ བྱེད་དུ་འགྲོ་བར་མཐོང༌། འགའ་ཞིག་གིས་ལྷ་ཐོ་ཐོ་རིའི་སྐབས་སུ་བྱུང་བའི་དམ་ཆོས་གླེགས་བམ་ནམ་མཁའ་ནས་བབ་ པ་དེ་ལ་གཉན་པོ་གསང་བ་ཞེས་མིང་བསྙད་དེ་མཆོད་གནས་སུ་བཀུར་བ་ཙམ་ལས་དོན་ཅི་ཡིན་ མི་ཤེས་པས་དེ་དུས་བོད་ལ་ཡི་གེ་མེད་པའི་རྟགས་ཡིན་ཟེར་ཡང་གཉན་པོ་གསང་བར་གྲགས་ པ་དེའི་དོན་མ་ཤེས་ཀྱང་བོད་ཡིག་མེད་པར་ག་ལ་གྲུབ་སྟེ་དེ་ནི་ལེགས་སྦྱར་སྐད་ ཐོག་བཞུགས་པས་ཕྱིས་ཐོན་མི་མཆོག་གིས་རང་སྐད་དུ་བསྒྱུར་ཚུལ་རྩོད་མེད་དུ་གྲགས་ པའི་ཕྱིར་རོ། །
འུ་ ཚོའི་ཆོས་ཕུགས་རྒྱ་གར་ལ་གཏུགས་པར་བསྙོན་མི་ནུས་ཀྱང་སྐད་ཡིག་སོགས་ཡོད་ཚད་ རྒྱ་གར་ནས་བྱུང་བར་འདོད་པ་ནི་ཅི་འདྲའི་ངོ་གནོང་དགོས་པའམ་ནག་ཉེས་ཤིག་ཅི་སྟེ་ མིན། དེ་ལྟ་ན་བོད་རང་གི་ཐུན་མིན་ཁྱད་ཆོས་ཤིག་གང་ནས་འཚོལ། དཔྱད་བརྗོད་ཀྱི་སྤོབས་པ་དང་རྟོག་གཞིག་གི་ཚོར་འདུ་གང་ཡང་མེད་པར་སྐྱར་བསྐོར་ ཡང་བསྐོར་གྱིས་བྲིས་པ་དེ་རིགས་དངོས་ཡོད་དང་མཐུན་པའམ་དཔྱད་རིན་ཡོད་པའི་དོན་ ཞིག་མ་རེད་སྙམ། ཡང་མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་པའི་སྐད་ཀྱི་གདངས་ནི་ཡི་གེའི་མཚན་ཉིད་ ཡིན་ལ་དེ་ཐོན་མིས་བཟོས་སོང་ཟེར་བ་ལས་འོས་མེད། དེ་ལྟ་ན་ཕྱི་རོལ་པས་དབང་ཕྱུག་ སྒྲ་སྐད་བྱེད་པོར་འདོད་པ་དང་གཉིས་སུ་མ་མཆིས་པས་དེ་སྔོན་བོད་མི་ཡོད་ཚད་ངག་ མི་སྨྲ་བ་ལྐུགས་པ་ཤ་སྟག་གོ་ཞེས་མི་ཟེར་ཐུ་མེད་ཡིན་པས་མཁས་པའི་གད་མོ་ཁོ་ན་ ལས་འཐོབ་བྱ་ཅི་ཞིག་ཡོད། མཁྱེན་རབ་འོད་གསལ་གྱིས་དེའང་བརྡ་སྤྲོད་པའི་གཞུང་རྣམས་ཐོག་མར་བཟོ་སྐབས་བོད་ རང་གི་སྐད་ལ་མ་བརྟེན་པའི་བོད་ཡིག་ཅིག་ཡོང་མི་སྲིད་པས་བོད་ཡིག་གི་ཕྱི་མོ་ནི་ བོད་སྐད་ཡིན་པའི་གོ་རིམ་འདིའང་ཤེས་དགོས་གསུངས་པ་ནི། བདེན་དོན་གསལ་བའི་སྒྲོན་མེ་གཅིག་པུ་དེ་ཡིན་ལ་ཐོན་མིས་གང་ཞིག་བཟོས་ཡོད་པ་དང་ བཟོས་ཚུལ་རིམ་པ་བཅས་གསལ་བ་འདི་གནད་ལ་ཁེལ་བ་ཞིག་ཡིན་པར་འདོད། འདི་ལྟའི་དབང་དུ་བགྱིས་ན་རྒྱུ་མཚན་ཡོད་པ་དང་གོ་རིམ་གྱི་འགྲོ་ཚུལ་ལེགས་པས་ང་ ཚོས་ཀྱང་ཁས་ལེན་བྱ་དགོས། ཕྱོགས་འཐེན་གྱི་ཅ་ཅོ་མེད་པར་གཟུ་བོར་གནས་པའི་བསམ་གཞིག་ཇི་ཙམ་བཏང་རུང་ཐོན་ མིས་བརྡ་སྤྲོད་ཀྱི་གཞུང་ལུགས་བཟོས་པ་ལས་བོད་སྐད་མ་བཟོས་པར་བདེན་དོན་གྱི་ སྤོབས་སེམས་ཤིག་སྐྱེ་འོང༌། ནམ་ རྒྱུན་འུ་ཚོས་དུས་རབས་བཅུ་གསུམ་སྔོན་དུ་བོད་ལ་སྙན་གཞུང་མེད་ཀྱང་སྙན་ངག་ཡོད་ པར་འདོད་ཚུལ་བཞིན་ཐོན་མིའི་སྔོན་དུ་བོད་ཀྱི་སྐད་ཡིག་ཡོད་ཀྱང་བོད་ཀྱི་བརྡ་ སྤྲོད་ཀྱི་གཞུང་ལུགས་ད་ལྟ་ནང་བཞིན་འཐུས་སྒོ་ཚང་བ་ཞིག་མེད་ཅེས་སྨྲ་ཤེས་ན་ མཛེས་ཤིང་རིགས་པ་དང་མི་འགལ་བའི་གནད་འགག་ཀྱང་ཡོད། དང་ཐོག་སྤྲ་ནས་མིར་འགྱུར་བ་ཡིན་ནའང་འདྲ་སྤྲེའུ་ནས་མིར་འགྱུར་བ་ཡིན་ནའང་རུང་ རང་རེའི་གདོད་མའི་མི་རིགས་འདི་བྱུང་བ་ནས་བཟུང་དེ་ལ་ལྟོས་པའི་སྐད་ཡིག་ཡོད་ པར་གོར་མ་ཆག་གོ །
ལར་ ནས་རྒྱལ་བློན་སེམས་དཔའ་ཆེན་པོ་གང་གི་འགྱུར་བ་མེད་པའི་དམ་བཅའ་དང་ཉེ་རིང་ཀུན་ སྙོམས་ཀྱི་བརྩེ་བ། འགྲན་ཟླ་བྲལ་པའི་རྣམ་དཔྱོད་དང་ཟིལ་རྔམས་ཀྱིས་བོད་འབངས་གཅིག་སྒྲིལ་ཐོག་བཀའ་ བསྟན་གྱི་ཕུང་པོ་ནང་འདྲེན་དང་ལུགས་གཉིས་འཐུས་སྒོ་ཚང་བའི་ཆ་རྐྱེན་མེད་དུ་མི་ རུང་བ་སྐད་ཡིག་གི་རིག་པའི་གཞུང་ལུགས་གཏན་ལ་ཕབ་པ་བཅས་ཀྱི་བཀའ་དྲིན་ནི་ཡིད་ ཅན་ཀུན་ཀྱིས་བསབ་མི་ཐུབ་མོད། དམ་པའི་རྗེས་སུ་སློབ་ཕྱིར་ཚིག་ཤད་ཀྱི་འགྲོ་སྟངས་ཡན་མ་འཛིངས་པར་བསླབ་བརྩོན་ བྱས་ན་རྒྱལ་བའི་གསུང་གི་ཕྲིན་ལས་ཆ་ཤས་རེ་ཡང་འཛིན་སྐྱོང་ཐུབ་པར་ཡིད་ཆེས་ བྱེད་ཆོག ཁ་ནང་དུ་ཕྱོགས་ཏེ་བསམ་གཞིག་རེ་བྱོས་དང་འུ་ཚོ་ནང་པ་ཡིན་རློམ་ཁ་ཕོ་དང་བོད་པ་ ཡིན་པས་མགོ་བོ་ཅི་ལྟར་མཐོ་ཡང༌། སྐུ་ ཉིད་བོད་རིག་པའི་རྩ་བ་སྐད་ཡིག་འདིར་རྨོངས་ན་ཁྱོད་ཀྱི་ཁ་ཕོ་དང་ང་རྒྱལ་ནི་རང་ མཚང་ངོམ་པ་ཙམ་ལས་སུ་ཞིག་གིས་ཡིད་ཆེས་དང་བརྩི་མཐོང་བྱེད་དེ། དེ་ནི་རྒྱུ་མེད་ཀྱི་འབྲས་བུ་ལ་རེ་བ་ཙམ་མོ། །སྤྱིར་ན་འུ་ཚོའི་བོད་ཡིག་དང་བོད་སྐད་ཅེས་བརྗོད་དུས༌། དབུས་གཙང་གི་ཡུལ་སྐད་ལྟ་བུར་གོ་རྒྱུ་མིན་པར། ནུབ་ལ་དྭགས་ནས་ཤར་མཐའི་མདོ་ཁམས་དང་ལྷོ་འབྲུག་ཡུལ་སོགས་ཏེ། མདོར་ ན་ཧི་མ་ལ་ཡའི་མདུན་རྒྱབ་ཏུ་འཚོ་བའི་མི་རིགས་དང་རིག་གཞུང་གཅིག་པ་ཡོངས་ཀྱི་ སྤྱི་སྐད་དེར་གོ་དགོས་གཤིས་འདིའི་དོན་མདོར་ཙམ་གཤམ་དུ་བཤད་རྒྱུ་ཡིན་པས་ཡིད་ འཇགས་འཚལ། ལྟོ་རྒྱབ་ཙམ་ལ་མགོ་བོ་མི་འཁོར་ཞིང༌། རང་གཞན་གྱི་ཕན་བདེ་སྒྲུབ་འདོད་ཚེ། ངེས་པར་དུ་བོད་ཡིག་རང་རྐྱ་འཕེར་བ་སྦྱང་རྒྱུ་གལ་ཆུང་མིན་ཏེ་རྒྱལ་བའི་མདོ་ སྔགས་ཚང་ལ་མ་ནོར་བ་བོད་ཡིག་ལས་རྒྱལ་སྤྱིའི་སྐད་ཡིག་གང་གི་སྟེང་དུ་མེད་པའི་ ཕྱིར་རོ།། ྄྄྄
མདོར་ ན་ས་ཁུལ་དང་ལུང་ཚན་གྱི་ཕྱོགས་འཛིན་ལྟ་བ་ངན་པས་ཐོན་མིའི་གཞུང་ལུགས་དང་འགལ་ བའི་ཡུལ་སྐད་འབྲི་བརྗོད་ཁོ་ནར་བྱས་ན་མཐར་ཐུག་མི་རིགས་ཁ་འཐོར་དང་ནང་བསྟན་རྩ་ མེད་བཟོ་ཐུབ་པ་ལས་འཐོབ་བྱ་གང་ཞིག་ཡོད་མིན་ད་ལྟ་ནས་བསམ་གཞིག་བྱེད་དགོས། གལ་ཏེ་དེ་ལྟར་སོང་ན་ཅི་སྐྱོན་སྙམ་ན་ཡི་མུག་དང༌། སྐྱོ་སྣང༌། ཁོང་ཁྲོ། བློ་ ཕམ། སྡུག་བསྔལ་བཅས་ནི་སྐབས་དེར་འཐོབ་བྱ་ཉག་ཅིག་གོ་ཞེས་ཁོ་བོས་མགྲིན་པ་བཏེག་ནས་ སྨྲ་སྤོབས། མི་རིགས་ཀྱི་ལ་རྒྱ་ཡོད་ན། རྒྱང་ལྟ་ཡི་མིག་ཟུང་ཡོད་ན། རིག་གཞུང་ལ་གཅེས་འཛིན་ཡོད་ན། སེམས་ཅན་ལ་བརྩེ་དུང་ཡོད་ན། རྒྱལ་བསྟན་ལ་དད་པ་ཡོད་ན། བོད་ཡིག་ལ་སྦྱང་བརྩོན་བྱེད་དགོས། ངེས་པར་བྱེད་དགོས་་་་་་་གཏན་དུ་་་་་ཅི་ནས་ཀྱང་་་་༌།
༣༽ བོད་ཀྱི་སྐད་ཡིག་གི་ངོ་བོ་ལ་ལྟ་བ།
སྐབས་ འདིར་ས་བཅད་ཀྱི་འབྲེལ་ལྟར་མ་བཤད་ཐུ་མེད་ལས་སུ་ཞིག་ལ་ཕན་པའམ་སྔར་མེད་ལེགས་ བཤད་ཅིག་འབྱུང་རེ་གཉིད་ལམ་དུུ་ཡང་མ་མཆིས་པས་ཐུ་ལུད་བཏབ་ཀྱང་མི་འདོད་པ་ཕྲན་ བུ་ཙམ་ཡང་མེད། འོན་ཀྱང་འདི་ལ་དཔྱད་པ་ཞིབ་ཙམ་བཏང་ན་སྨྲ་སྒོ་དམ་དུ་ཕྱིན་འགྲོ་བ་ལས་སྤོབས་ སེམས་ཆེ་རུ་འཕེལ་རྒྱུ་དེ་འདྲ་མ་མཆིས་པ་ནི་ཁོ་བོའི་བློ་གྲོས་ཀྱིས་མ་འདངས་པས་ ཡིན་གྱི་ལེ་ལན་གཞན་དུ་འགེལ་རྒྱུ་མིན། སྤྱིར་ ན་སྐད་ཡིག་ཅེས་སྨྲས་ཚེ་དེ་ནི་ཧ་ཅང་ཁྱབ་ཆེ་བ་ཞིག་ཡིན་པ་མ་ཟད་བོད་དང་འབྲེལ་ ཚེ་ལྷག་པོ་གོ་རྒྱུ་ཞིག་ཡོད་སྣང་འཆར། དཔེར་ན་ཡི་གེ་ཞེ་ན་རྒྱ་ཡིག་དང་དབྱིན་ཡིག་དང་བོད་ཡིག་སོགས་ཀྱི་ཁྱད་པར་གང་ཡང་ མ་ཕྱེ་ནས་མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་པའི་སྐད་ཀྱི་གདངས་ཙམ་ལ་བློ་ངོར་ འཆར་བ་བཞིན་སྐད་ཡིག་ཀྱང་མི་རིགས་དེ་དང་དེའི་ཁྱད་པར་གྱི་སྒྲ་མ་སྦྱར་ན་སྤྱི་ ལྡོག་ཅིག་ལས་གང་ཡང་གསལ་པོ་ཞིག་ཤེས་པར་དཀའ། ད་དུང་བསམ་དགོས་པ་ཞིག་ལ་སྐད་དང་སྐད་ཡིག་གཉིས་ལ་ཁྱད་པར་ཡོད་མེད་དང་སྒྲ་དང་ སྐད་གཉིས་ལ་ཁྱད་པར་གང་ཡོད་སོགས་རྙོག་འཛིངས་རང་བཞིན་ཅན་གྱི་གནད་དོན་རིམ་ཅན་ ཞིག་ཡོང་གི་འདུག་ཀྱང་གོ་བདེར་བཀོད་ན། དེ་ཡང་སྐད་དང་སྐད་ཡིག་གཉིས་ཆར་སྒྲ་ཡིན་པ་བདེན་དུ་ཆུག་མོད། སྐབས་ འདིར་སྔ་མ་ལྟར་ན་སྐད་དང་སྐད་ཡིག་ཅེས་པ་སྐྱེས་བུའི་རྒྱུད་ཀྱིས་བསྡུས་པ་ཞིག་ ཡིན་དགོས་པ་དང་སྒྲ་དང་སྐད་ཅེས་པ་དེ་དང་མི་འདྲ་སྟེ་གང་ཟག་གིས་ཟིན་མ་ཟིན་ཅི་ རིགས་སུ་ཡོད་པས་ཕྱི་མ་འདི་གཉིས་ཁྱབ་ཆེ་བ་དང་སྔ་མ་གཉིས་ཁྱབ་ཆུང་བ་ལྟར་ཡོང་ གིན་ཡོད་པ་དོན་ལའང་གནས། སྤྱིར་ན་སྐད་ལ་རྔ་སྐད་དང་དུང་སྐད་དང་ར་སྐད་དང་འབྲུག་སྐད་སོགས་མིང་སྔ་མ་དག་ དང་འབྲེལ་ཏེ་རྣམ་གྲངས་ཧ་ཅང་མང་པོར་འཇུག་ཀྱང་སྐད་ཅེས་པའི་སྒྲ་རྐྱང་པར་བསམས་ ན་ཡི་གེ་འཇུག་པའི་གནས་བརྒྱད་ཀྱི་སྐད་དེར་གོ་དགོས་པ་ཡིན་ཞིང་དེ་ཡང་སྐད་ཆ་ ཞེས་པ་དང་ཕལ་ཆེར་དོན་མཚུངས་པར་སྣང༌།
དེ་ འདྲའི་སྐད་ཆ་དེར་དབྱེ་ན་རང་བཞིན་དང་འདུས་བྱས་དང་ཟུར་ཆགས་དང་ཤ་ཟའི་སྐད་བཅས་ བཞི་ཡོད། གང་ལྟར་སྐད་ཡིག་ཅེས་པ་དང་སྐད་ཅེས་པ་འདི་གཉིས་ཁྱད་པར་འབྱེད་དཀའ་བ་ཙམ་ཡོད་ བཟོ་མཐོང་ཡང་འོག་གི་གོ་དོན་འདིས་མ་འདྲེས་པར་སོ་སོར་འབྱེད་ཐུབ་པར་འདུག་སྟེ། བོད་མིའི་”སྨྲ་སྒོ་ནས་ཐོན་ཏེ་བརྗོད་བྱ་ཡི་དོན་སྟོན་པའི་སྒྲའམ་ཕན་ཚུན་གོ་བརྡ་སྤྲོད་བྱེད་ཀྱི་ངག་”ཅེས་ པ་རང་རེའི་སྐད་ཡིག་གི་ངོ་བོར་བཞག་ན་འཐད་པར་སེམས་ཤིང༌། མི་རིགས་གཞན་པ་དག་གི་སྐད་ཡིག་གི་ངོ་བོའམ་གོ་དོན་འཇོག་དགོས་ཚེ་བོད་མིའི་ཞེས་ པའི་ཚབ་ཏུ་རྒྱ་གར་མིའི་ཞེས་པ་ལྟ་བུར་བསྒྱུར་ཏེ་ཀུན་ལ་བསྒྲེས་ནས་ཤེས་པར་ བྱའོ། །ད་ལྟའི་སྐབས་སུ་བོད་ཅེས་པ་ཁོ་བོས་ཆབ་སྲིད་ཀྱི་སྒྲོམ་གཞིར་གྱུར་པའི་བོད་དང་ རིག་གཞུང་གིས་ཁྱབ་ཁོངས་གཅིག་པའི་བོད་ཅེས་རྣམ་གྲངས་གཉིས་སུ་བཞག་ཡོད་པ་ལས་ བོད་ཀྱི་སྐད་ཡིག་རྗོད་སྐབས་ཕྱི་མ་དེའི་ཡིན་པར་ཤེས་དགོས། དེ་ལྟར་བཞག་པའི་རྒྱུ་མཚན་ཁ་གསལ་མ་བཤད་ན་འགའ་ཞིག་ལ་གོ་ནོར་ཐེབས་ཉེན་ཆེ་བས་ དང་ཐོག་བོད་སྔ་ཕྱིའི་ཚད་དེ་ཡིད་ལ་ཉར་རྒྱུ་གལ་ཆེན་ཏུ་མཐོང༌། སྐབས་འདིར་བཞག་པའི་དང་པོའི་བོད་དེ་སིལ་བུའི་རྗེས་ཀྱི་བོད་ལ་གོ་དགོས་པ་ཡིན་ ཏེ། དཔེར་ན་ས་སྐྱ་པའི་སྐབས་དང༌། ཕག་གྲུ། རིན་སྤུངས། གཙང་པ། དགའ་ལྡན་ཕོ་བྲང་བཅས་ཀྱི་སྲིད་འཛིན་སོ་སོའི་ཆབ་ཁོངས་ཙམ་དང་ཡང་ན་དེང་རྒྱ་ནག་ གི་དབང་སྒྱུར་འོག་ཡོད་པ་དེ་གར་གོ་ནའང་འགྲིག ཕྱི་མ་ནི་བཙན་པོའི་སྐབས་ཀྱི་བོད་དམ་བོད་པ་སྟེ། སྔ་མའི་ཐོག་ཉེ་འབྲེལ་གྱི་རྒྱལ་ཁབ་རྒྱ་གར་དང་བལ་ཡུལ་མངའ་ཁོངས་སུ་ཡོད་པའི་ བོད་རིགས་དང་རང་བཙན་གྱི་ངོ་བོ་ཡོད་པའི་འབྲུག་ཡུལ་བཅས་པར་གོ་དགོས། ད་ནི་ཕྱི་མ་འདི་ལ་བཙན་པོའི་བོད་ཅེས་འབོད་རྒྱུ་ཡིན་པས་མ་འཁྲུལ་པར་བློར་འཛིན་ པར་ཞུ། དེའི་རྒྱུ་མཚན་གང་ཡིན་སྙམ་ན་བཙན་པོ་སྲོང་བཙན་སྒམ་པོའི་སྐབས་ནས་ཆབ་སྲིད་དང་ དམག་དོན་ཆོས་ལུགས་གང་གི་ཆ་ནས་ཀྱང་བཙན་པོ་དག་གི་མངའ་འབངས་སུ་གྱུར་པས་ན་དེ་ ལྟར་བརྗོད་པ་ཡིན་ནོ།།
རྒྱལ་ བའི་བཀའ་བསྟན་ཡོད་དོ་ཅོག་གི་མགོར་ཡོད་པའི་བོད་སྐད་དུ་ཞེས་པ་དེའང་བཙན་པོའི་ བོད་སྐད་ཡིན་པ་ལས་བོད་སྐད་བྱེ་བྲག་ལ་གཏན་ནས་གོ་མི་རུང༌། ཁ་ཅིག་གིས་དབུས་གཙང་དག་པ་ཆོས་ཀྱི་སྐད་དུ་ཟེར་བ་ལོག་འགྲེལ་ཁོ་ན་ཡིན་པར་ཐེ་ ཚོམ་མེད། ཐོན་མིས་བོད་སྐད་ཀྱི་གཞུང་ལུགས་སམ་སྒྲ་མདོ་བཟོ་སྐབས་བཙན་པོའི་བོད་མི་ཀུན་ ཀྱི་སྐད་ལ་ཡུན་རིང་ཞིབ་འཇུག་ཟབ་ནན་གྱིས་གང་ལེགས་པའི་ཆ་རྣམས་བླངས། ཉེས་ཆ་གང་ཡོད་དོར་ཏེ་ད་གཟོད་སྒྲ་རིག་པའི་གཞུང་ལུགས་གཏན་ལ་ཕབ་པ་ཞིག་ཡིན་པར་ ཁོ་ཐག་ནང་ནས་ཆོད། དེའི་ཕྱིར་བོད་སིལ་བུའི་རྗེས་ནས་བོད་ལ་ཆབ་སྲིད་ཀྱིས་གཅིག་སྒྲིལ་མ་ཐུབ་ཀྱང་ ཆོས་རིག་སྲུང་སྐྱོབ་དང་ནང་སེམས་ཀྱི་མཛའ་བརྩེའི་གསེར་སྐུད་སུས་ཀྱང་གཏོར་ བཅོམ་མ་ཐུབ་པ་འདིས་བརྡ་ལན་གསལ་པོ་ཞིག་བརྒྱབ་ཡོད་པ་དང་༧གོང་ས་མཆོག་གིས་”བོད་ཡིག་དང༌། བྷོ་ཊིའི་ཡ་དང༌། རྫོང་ཁ་སོགས་མིང་ཇི་ལྟར་བཏགས་ཀྱང་ཆོག དོན་དུ་ང་ཚོས་བཀའ་འགྱུར་བསྟན་འགྱུར་ཡི་གེ་དེ་བདག་པོ་རྒྱག་དགོས་”༼ འདི་ནི ༢༠༡༠ ལོར་རྡོར་གདན་དུ་གསུངས་པ་བསྡུས་ཏེ་བཀོད་ཡོད་མཆན་༽གསུངས་པ་དོན་ལ་གནས་པར་ འདོད། ཁ་ཅིག་གིས་བོད་ཡིག་འདིར་ནང་པའི་ཡི་གེ་ཟེར་མོད་དེ་ནི་བསྟོད་མི་ཤེས་པས་བསྟོད་ པ་ལས་སྨད་མི་ཤེས་པའི་སྨད་ན་དགའ་ཞེས་པ་ལས་དོན་ལ་མི་འབྱོར་བའི་འཆལ་གཏམ་ཁོ་ན་ ལས་མ་འདས་ཏེ། འུ་ཚོའི་ཡི་གེ་འདི་གནའ་དེང་གི་རིག་པ་དང་སྤྱི་ཚོགས་འཚོ་བ་གང་ལའང་རྗོད་བྱེད་ དུ་གྱུར་པ་ཞིག་ལས་ནང་ཆོས་གཅིག་པུ་ལས་བརྗོད་མི་ཐུབ་པ་མིན་པས་ང་རྒྱལ་དང་ སྤོབས་སེམས་སྐྱེ་རུང་བ་ཞིག་ཡིན་ལ་བོད་རང་གི་ཡི་གེའི་ངོ་བོ་ལ་བསམས་ནའང་ཧ་ཅང་ ལྗིད་ཆེ་ལ་སྒམ་པ་ཞིག་ཡིན་པ་ལས་ཚུགས་མི་ཐུབ་པའི་འདར་འདར་དེ་འདྲ་མིན་པའི་ ཕྱིར་ང་རྒྱལ་དང་སྤོབས་སེམས་སྐྱེ་རུང་ཟེར་དོན་དེ་ལྟར་ཡིན་པས་ང་ནི་ཚངས་པ་དང་ ཚངས་པ་ནི་ཆེན་པོའོ་ཟེར་བ་ལྟ་བུ་ནི་མ་ཡིན་ནོ། །
ད་ དུང་འདིའི་ཐད་ལ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་མཁས་པའི་བཞེད་པ་འབྱུང་འགྱུར་ གྱི་འདུན་མ་སོགས་དང་འབྲེལ་བ་མང་དག་བཤད་རྒྱུ་འདུག་ཀྱང་རེ་ཞིག་མཁྱེན་རབ་འོད་ གསལ་གྱི་གསུངས་འདིའི་དོན་བསམ་པར་གྱིས་དང༌། དེ་ཡང་ཁོང་གིས་འདི་ལྟར། ༼བསྟན་པ་སྔ་དར་དུས་རྒྱལ་བློན་རྣམས་ཀྱིས་འཇིག་རྟེན་སྲིད་ལུགས་ཀྱི་ཐད་ལའང་ བོད་ཡིག་སྤྱད་ཡོད་པ་གདོན་མི་ཟ་བ་ཡིན་པ་ནི། དུས་རབས་ཉི་ཤུ་པའི་ནང་བྱུང་བའི་ཏུན་ཧོང་གི་གཏེར་ཡིག་དག་དང༌། རྡོ་རིང་གི་ཡི་གེ་རྣམས་ཀྱིས་ཀྱང་ར་སྤྲོད་ཐུབ་པ་ཡིན་༽ཞེས་པའི་རང་སྐད་ཀྱི་ རིན་ཐང་དང་འབྱུང་འགྱུར་གྱི་ཁ་ཕྱོགས་བཅས་ལ་སྨན་པའི་སེམས་ཚོར་ཟབ་མོ་རེ་སྦྱིན་ འོང༌། གཞན་དུ་རང་རེའི་སྟོན་པས་དམ་ཆོས་གསུང་བྱེད་ནི་བོད་ཡིག་མིན་ལ། ནང་པའི་རྒྱལ་ཁབ་འབར་མ་དང་ཐེ་ལན་དང་གནའ་བོའི་རྒྱ་གར་སོགས་ཤཱཀྱའི་རྗེས་འབྲང་ གང་ཞིག་གིས་དམ་ཆོས་འཆད་ཉན་བྱེད་སྤྱད་རང་རེའི་སྐད་ཡིག་འདི་མིན་པར་ཧ་གོ་དོན་ གསལ་ཡིན་པ་སུས་ཀྱང་བསྙོན་དུ་མེད་པའི་ཕྱིར་བོད་ཡིག་ལ་ནང་པའི་ཡི་གེ་ཞེས་པའི་ ཐ་སྙད་དེ་སྤྱད་ན་འུད་ཆེ་བ་ལས་དོན་ལ་མི་འབྱོར་ཞིང༌། རྒྱལ་བའི་བཀའ་བསྟན་གྱི་མགོར་བོད་སྐད་དུ་ཟེར་བ་ཞིག་ལས་ནང་པའི་སྐད་དུ་ཟེར་བ་ ཞིག་མཐོང་དུ་མེད་པ་འདིས་བདེན་དཔང་བྱས་ཡོད། གལ་ཏེ་ནང་པའི་ཡི་གེ་ཡིན་ན་ནང་ཆོས་གཅིག་པུའི་རྟེན་ཙམ་དང་ནང་པ་ཆ་ཚང་གིས་ སྤྱོད་བཞིན་པ་དགོས་རྒྱུར་འདི་ཉིད་དེ་ཙམ་མིན་པར་བཤད་ཟིན། འུ་ཅག་གདོང་དམར་བོད་པ་ཚང་ལ་བཀའ་དྲིན་ཆེས་ཤིན་ཏུ་ཆེ་བ་ཐོན་མི་མཆོག་གི་དགོངས་ དོན་ལྟར་འབྲི་བརྗོད་གང་གི་སྐབས་སུའང་བརྡ་སྤྲོད་ཀྱི་གཞུང་ལུགས་དང་མཐུན་ཐབས་ གཙོར་འདོན་བྱ་རྒྱུ་ནམ་ཡང་ཡིད་ལྷོད་མི་རུང་བའི་གལ་གནད་གཅིག་ཡིན་པར་ཤེས་དགོས།
༤༽ བོད་ཀྱི་སྐད་ཡིག་གི་ཁྱབ་ཚད་ལ་ལྟ་བ།
དེ་ ཡང་སྐད་ཡིག་གང་ཞིག་ཡིན་རུང་འཇིག་རྟེན་གྱི་གོ་ལ་ཧྲིལ་པོ་འདིའི་སྟེང་དུ་འཁོར་ རྒྱུག་ཇི་ཙམ་གྱིས་ཆེ་བ་དེའི་ཚོད་ཀྱིས་མི་བུས་གདེང་འཇོག་དང་དགའ་མོས་བྱེད་ ཀྱི་ཡོད་པ་ལྟར་སྤྱི་ཚོགས་ལ་ཞབས་ཞུ་བླ་མེད་སྒྲུབ་པར་ཁས་ལེན་བྱེད་དགོས། དེང་སྐབས་དབྱིན་ཡིག་ལ་མཚོན་ན་འཛམ་གླིང་ཕལ་ཆེར་གྱི་སྤྱི་སྐད་དུ་གྱུར་པར་ངོས་ འཛིན་བྱེད་ཅིང་དབྱིན་ཇིའི་སྐད་ཡིག་མ་ཤེས་པའི་མི་བུ་སུ་ཞིག་ཡིན་ཡང་རྨོངས་པ་ དང་རྗེས་ལུས་ཡིན་སྐད་བཅས་བོད་ཡིག་སྦྱངས་ན་རང་ལམ་བཀག་པར་སྨྲ། དེ་འདྲའི་ལྟ་ཚུལ་ངན་པས་བོད་ཕྲུག་མང་པོ་རང་གི་སྐད་ཡིག་མི་ཤེས་པ་དང་དོན་གཉེར་ ཆུང་ངུར་གྱུར་པའི་གནས་སུ་གཡུགས་པ་ཁོ་ན་རེད། དེ་ནི་ཡི་རང་བྱ་ཡུལ་ཞིག་གཏན་ནས་མིན་པ་དང་ཁོ་བོས་ལྟ་ཚུལ་དེའང་ཡང་དག་མིན་པར་ འདོད། སྔོན་ཐོན་དུ་གྲགས་པའི་ཕྱི་རྒྱལ་མི་སྣའི་ཁྲོད་དུ་བོད་རིག་པ་ཞེས་གྲགས་སྙན་ ལྷབ་ལྷུབ་ཏུ་གཡོ་ཞིང་དོན་གཉེར་ཅན་གྱི་མི་བུའི་ཚ་རླབས་ཉིན་རེ་ནས་དྲག་ཏུ་ འཕྱོ་བཞིན་འདུག དེ་ནི་གནས་ལུགས་མེད་པ་དང་ཧོལ་རྒྱུག་ཅིག་ག་ལ་ཡིན། རང་རིགས་ཕལ་ཆེར་ཨ་གསར་དང་རི་བོང་ཅལ་འདྲོགས་ལ་དགའ་ཆེ་བ་ལས་དོན་དངོས་བོད་རིག་ པ་ཞེས་པ་འདིས་འཛམ་གླིང་མཁས་པའི་ཁྲོད་དུ་གོ་གནས་གལ་ཆེན་ཞིག་བཟུང་ཡོད། བོད་རིག་པ་ཞིབ་འཇུག་གི་སློབ་དཔོན་ཆེན་མོ་དུང་དཀར་མཆོག་གིས་དུས་རབས་བཅུ་ བདུན་པའི་ལོ་རབས་ཉི་ཤུ་པ་ནས་བཟུང་ཕྱི་རྒྱལ་གྱི་མིས་བོད་ཀྱི་སྐད་ཡིག་དང་རིག་ གནས་ལོ་རྒྱུས་བཅས་ལ་ཞིབ་འཇུག་བྱེད་འགོ་ཚུགས་པ་དང༌། ད་བར་འཛམ་གླིང་གི་རྒྱལ་ཁབ་བཞི་བཅུ་ལྷག་ཙམ་ནང་ཞིབ་འཇུག་བྱེད་མཁན་གྱི་ལས་ ཁུངས་ཉིས་བརྒྱ་ཙམ་དང༌། ལས་ཀ་བྱེད་མཁན་མི་གྲངས་སུམ་སྟོང་ཡས་མས་ཙམ་ཡོད་པའི་ཐོག ལོ་གཉིས་རེ་དང་བཞི་རེའི་མཚམས་ཚོགས་འདུ་ཆེ་ཆུང་སྣ་ཚོགས་འཚོགས་ཀྱི་ཡོད་ཅིང༌། ཞེས་དང༌། བོད་རིག་པའི་ཞིབ་འཇུག་ཚོགས་འདུར་ཕེབས་མཁན་ཕྱི་རྒྱལ་གྱི་མཁས་པ་ཚང་མ་བོད་སྐད་ ཤོད་ཤེས་པ་དང༌། བོད་ཡིག་འབྲི་ཤེས་པ་ཤ་སྟག་རེད་ཅེས་གསུངས་སོ། །འདིས་བོད་ཡིག་སྦྱང་པ་ལ་མདུན་ལམ་མེད་ཟེར་མཁན་ཚོར་ནམ་ཡང་སྨྲ་མི་བཏུབ་པའི་ཀུ་ རུ་ཁ་ཞིག་བརྒྱབ་ཡོད་པ་དང་བོད་ཡིག་སྦྱང་དགོས་པའི་སྐུལ་ལྕག་ནན་ཏན་བྱས་འདུག ཕྱོགས་ གཅིག་ན་ང་ཚོས་རང་སྐད་ལ་བརྩི་མཐོང་མེད་པ་འདི་ཧོལ་རྒྱུག་ལ་དགའ་དྲགས་པ་ལས་ རྒྱུ་མཚན་ཅི་ཡང་བཤད་རྒྱུ་མེད། ཕྱི་མིས་བོད་རིག་པ་ལ་དགའ་ཞེན་འདི་ལྟར་དགོས་དོན་འདི་ཉིད་ཀྱི་རིན་ཐང་ཧ་གོ་ བའི་ཕྱིར་ལས་གཞན་པའི་འགྲེལ་བརྗོད་སུས་ཀྱང་དཀའ།
འཛམ་ གླིང་ཐོག་སྐད་ཡིག་གྲགས་ཅན་བདུན་གྱི་གཅིག་ནི་རང་རེའི་སྐད་ཡིག་འདི་ཡིན་པར་ རྒྱལ་སྤྱིའི་མཁས་པས་འགྲེལ་བརྗོད་དང་གདེང་འཇོག་ཚད་མེད་གནང་གིན་ཡོད་ལ་གལ་ཏེ་ བོད་ལ་རང་དབང་ཐོབ་ན་དམག་དོན་དང་ཆབ་སྲིད་དང་དཔལ་འབྱོར་དང་ཆོས་ལུགས་བཅས་པར་ བཀོལ་སྤྱོད་ཆ་ཚང་ཞིག་ཐུབ་རྒྱུར་བརྟེན་འཛམ་གླིང་མི་དམངས་ཀྱིས་ཁ་ཕྱོགས་ས་ཞིག་ ཡོང་བར་ཡིད་ཆེས་དང་སྔོན་དཔག་བྱེད་བཞིན་ཡོད། གོང་དུ་གསལ་བའི་དུང་དཀར་ལགས་ཀྱིས་གསུངས་པ་དེ་སྤྱི་ལོ་ ༡༩༨༥ སྐབས་ཀྱི་གནས་ཚུལ་ཡིན་ལ་དེ་ཕྱིན་ད་བར་ལོ་ངོ་ ༢༥ སོང་བའི་འཕོ་འགྱུར་ཧ་ལས་པ་ཕྱིན་ཡོད། དཔེར་ན་རྒྱ་གར་དང༌། ཕ་ རན་སི། ནོར་ཝེ། འཇར་པན། ཨ་མི་རི་ཁ། ཨི་ཀྲ་ལི། དབྱིན་ཇི། ཀོ་རི་ཡ་སོགས་ཤར་ནུབ་ཀྱི་རྒྱལ་ཁབ་དུ་མའི་གཙུག་ལག་སློབ་གྲྭར་བོད་ཀྱི་སྐད་ ཡིག་སློབ་གཞིར་བཞག་ཡོད་པས་མཚོན་བོད་ཀྱི་སྐད་ཡིག་གི་ཟིན་ཐོ་གསར་པ་ཞིག་བྲིས་ ཡོད་པ་རེད། ཕྱོགས་ཡོངས་ཀྱི་གནད་དོན་འདིའི་ཐོག་ནས་བསམ་གཞིག་ནན་ཏན་ཐུབ་ན་གང་ཞིག་རིན་ཐང་ ཡོད་པ་དང་གང་ལ་མདུན་ལམ་མེད་པ་རྟོགས་པ་གོར་མ་ཆག མ་གཞི་བོད་མིས་བོད་སྐད་མ་ཤེས་ན་དེ་བས་ངོ་ཚ་བ་དང་འགྲེལ་བརྗོད་དཀའ་བའི་སྐྱོ་ གར་ཞིག་ཅི་ལ་མིན། ནམ་རྒྱུན་འུ་ཚོས་ཁ་ཐུག་གི་ལྟོ་ཕོར་པ་ཁོ་ནར་ཞེན་དྲགས་པས་བོད་ཡིག་ལ་རྒྱབ་ གཏོད་བྱེད་པའམ་སྣང་མེད་དུ་སྐྱུར་བཞག་པ་མ་གཏོགས་དོན་ངོ་མར་དཔྱད་ཞིབ་བྱེད་ མཁན་ག་ཚོད་ཡོད་མིན་ཐེ་ཚོམ་མེད་པར་བཤད་ཐུབ། ལྷག་པར་གནས་སྐབས་དང་མཐར་ཐུག་རྫོགས་བྱང་དོན་གཉེར་ཅན་གྱི་གང་ཟག་ཅིག་ཡིན་ནས་ བཟུང་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་མ་ནོར་བ་སྟོན་པའི་བཀའ་བསྟན་གྱི་ཕུང་པོའི་ རྟེན་རང་རེའི་སྐད་ཡིག་འདི་ལས་གཞན་ཤར་ནུབ་ཀྱི་ཡུལ་གྲུ་གང་དུའང་མེད་པར་སྨྲ་ ནུས། དེས་ན་མིག་རྒྱང་རིང་བའི་སྐྱེ་བོ་ཞིག་ཡིན་ན་ངེས་པར་དུ་བོད་ཡིག་སྦྱང་དགོས་པ་ དང་འཛམ་གླིང་མི་དམངས་ལ་འདིས་ལེགས་སྐྱེས་ཕུལ་ཅིག
༥༽ ཕྲད་དང་རྣམ་དབྱེའི་གསང་ཚིག་བརྗོད་པ།
ད་ ནི་ཕྲད་དང་རྣམ་དབྱེའི་སྐོར་ལ་ས་བཅད་གསུམ་གྱིས་བཤད་པར་བྱ་སྟེ། གནའ་དེང་མཁས་པའི་ཞེ་འདོད་འབྲི། མཐའ་གཉིས་སྤངས་པའི་དཔྱད་པ་གཞུག ཚུལ་དེའི་གྲུབ་དོན་གཏན་ལ་ཕབ་པའོ། །དང་པོ་ནི་དེ་ཡང་རིག་པའི་གནས་ཆེན་ལྔ་ཡི་ཡ་གྱལ་སྒྲ་རིག་པའི་གཞུང་ལུགས་ཞེས་ བརྗོད་པའི་ཚེ་གནའ་བོའི་རྒྱ་གར་གྱི་སྒྲ་མདོ་བཞི་སོགས་བློར་འཆར་འགྲོ་བ་ཡིན་ མོད། དེ་ནི་འུ་ཚོའི་རིག་གནས་ཀྱི་མ་ལག་རྒྱ་གར་ལ་གཏུགས་དྲགས་པ་ལས་འགྲེལ་བརྗོད་ཡང་ དག་ཚིག་གཅིག་བཤད་རྒྱུ་མེད་པ་མངོན་གསལ་ཡིན། དེ་ཡི་དོན་བོད་རྒྱ་ཚིག་མཛོད་ལས་སྒྲ་རིག་པ་ནི། རིག་པའི་གནས་ཆེན་ལྔ་ཡི་ཡ་གྱལ་ཚིག་གི་འཁྲུལ་བ་གཅོད་པའམ་སེལ་བར་བྱེད་པ་བརྡ་ སྤྲོད་པའི་རིག་པ་སྟེ་སོགས་དང༌། བོད་ཡིག་གི་ཕྲད་རྣམ་དབྱེ་དང་བྱ་ཚིག་བཅས་ཀྱི་རྣམ་གཞག་གསལ་བར་སྟོན་པའི་སུམ་ རྟགས་སོགས་བརྡ་སྤྲོད་པའི་རིག་པའོ། །ཞེས་གསལ་པོར་བཀོད་ཡོད་པ་མ་ཤེས་ཏེ་བོད་ཀྱི་བརྡ་སྤྲོད་རིག་པ་གལ་ཆུང་བྱེད་ མཁན་ཡོད་ཚོད་འདུག སྤྱིར་གང་ཟག་སོ་སོའི་འདོད་མོས་ཡིན་པས་དེ་ལྟར་མི་ཆོག་ཟེར་གྱི་མེད་ཀྱང་ནང་ ཆོས་ཀྱིས་བསྡུས་པའི་བོད་རིག་པ་དོན་དུ་གཉེར་མཁན་ཞིག་ཡིན་ཚེ་རྒྱུ་འབྲས་གོ་ ལྡོག་ཏུ་སོང་སྟབས་ནོར་འཁྲུལ་ཡིན་པར་སྨྲ་སྤོབས། སུམ་རྟགས་ཀྱི་གཞུང་ལུགས་ལ་མཁས་པ་ཞིག་ཡིན་ན་རིག་གནས་ལྔ་ཡི་ཡ་གྱལ་སྒྲ་རིག་པ་ ལ་མཁས་པ་ཡིན་ལ་སྒྲ་རིག་པ་ཡིན་ན་རྒྱ་གར་སྐད་གཞུང་ཁོ་ནར་གོ་དགོས་པ་མ་ཡིན་ནོ། །ཕྲད་དང་རྣམ་དབྱེ་ཞེས་པ་སུམ་ཅུ་པའི་ཐུན་མིན་བརྡ་ཆད་ཅིག་ཡིན་ལ་གལ་ཏེ་ཕྲད་དང་ རྣམ་དབྱེའི་དོན་ཡག་པོ་ཞིག་མ་ཤེས་ན་སུམ་ཅུ་པ་ཤེས་ཟེར་བ་རྫུན་སྨྲ་བ་ཙམ་ལས་ཅི་ ཞིག རང་རེའི་སུམ་འགྲེལ་མཁན་པོ་ཁ་ཅིག་གིས་དེའི་དོན་འདི་ཡིན་བྱ་བའི་གསལ་ཁ་ཅི་ཡང་ མ་བསྟན་པའི་ནག་ཉེས་ཆུང་ངུ་རེ་གོས་ཡོད་པ་སྨོས་མེད་ཐོག ལྷག་པར་རབ་དཀར་ས་ལའི་ལྗོངས་འདིར་སྒྲ་རིག་གི་གནམ་འཕང་ཆོད་པའི་གྲགས་པ་ཅན་ཀུན་ མཁྱེན་སི་ཏུ་ནི་རྩ་བའི་བོད་རིག་པའི་ཐོག་མཛད་པ་ཆེ་ཡང་ལན་འགར་འདི་འདྲའི་དཀའ་ གནད་ལ་གདོང་ལན་མེད་པར་སྡར་མའི་སྤྱོད་ཚུལ་ལ་དགའ་དྲགས་པར་ཡི་རང་ཞུ་ཐབས་དཀའ་བ་ ཞིག་ལོས་ཡིན། འདི་ནི་ཕྱི་རབས་པས་ཁྱེད་ལ་དགའ་དད་དང་མཉམ་དུ་བཅངས་བའི་འཁང་ར་ཞིག་ཏུ་འཁུམས།
སྐབས་ འདིར་མཁས་པ་སྔ་མའི་བཞེད་པ་གང་ཡིན་རྟོགས་སླ་བའི་ཕྱིར་རིམ་བཞིན་དགོད་པར་བྱ། དེ་ཡང་བསྟན་དར་ལྷ་རམས་ཀྱིས་བདག་གཞན་རྣམ་དབྱེ་བརྒྱད་པོ་གང་རུང་གི་གནས་སྟོན་ བྱེད་དུ་རྣམ་པར་དབྱེ་བར་བྱ་བའི་སྒྲ་དེ་ཞེས་དང༌། དེ་རྣམས་རང་ཉིད་ཚིག་རྐྱང་གིས་བརྗོད་བྱ་སྟོན་མི་ནུས་པར་ཚིག་སྔ་ཕྱི་ཕྲད་པར་ བྱས་ན་དོན་སྟོན་ནུས་པས་ན་ཚིག་ཕྲད་ཅེས་བྱ་སྟེ་སོགས་ཀྱིས་རྣམ་དབྱེ་དང་ཕྲད་ ཀྱི་ངོ་བོ་བསྟན། ཡང་པན་ཞུང་ནོར་བུ་བསམ་གྲུབ་ཀྱིས་ངག་གཞན་དག་རྣམ་དབྱེ་བརྒྱད་པོ་གང་རུང་གི་ གནས་རྟོགས་བྱེད་དུ་རྣམ་པར་དབྱེ་བར་བྱ་བའི་སྒྲ་དེ་རྣམ་དབྱེ་དང༌། རང་ཉིད་ཚིག་རྐྱང་གིས་བརྗོད་བྱ་སྟོན་མི་ནུས་པར་མིང་ཚིག་སྔ་ཕྱི་ཕྲད་པར་བྱས་ ནས་དོན་སྟོན་པས་ཚིག་ཕྲད་ཅེས་བྱའོ་ཞེས་དང༌། དེ་བཞིན་ཚེ་ཏན་ཞབས་དྲུང་གིས་ཆོས་གང་ཡང་རུང་བ་ཞིག་གི་མིང་ཚིག་དེ་གཞན་དང་མ་ འདྲེས་པར་རྣམ་པར་ཏེ་སོ་སོར་འབྱེད་ནུས་པའི་སྒྲའི་ཆ་ཤས་སུ་གྱུར་པའི་ཚིག་ཕྲད་ ཅིག་ལ་རྣམ་དབྱེ་ཞེས་བྱའོ། །ཞེས་དང༌། མིང་ཚིག་གཅིག་གམ་དུ་མའི་ཐོག་མཐའ་བར་གསུམ་ཅི་རིགས་ཀྱི་གནས་སུ་ཕྲད་དེ་སྦྱར་བ་ ན་དོན་ཞིག་སྟོན་ལ། དེ་ལྟར་མ་སྦྱར་བའི་ཕྲད་ཀྱི་སྒྲ་རྐྱང་བ་དེས་སྤྱི་བམ་པ་ཞིག་ལས་དོན་གསལ་པོ་གང་ ཡང་མི་སྟོན་ནོ་ཞེས་གསུངས་སོ། །ཁ་ཅིག་ན་རེ། སྤྱིར་རྣམ་དབྱེ་ཡིན་ན་ཚིག་ཕྲད་ཡིན་དགོས་ལ། ཚིག་ཕྲད་ཡིན་ན་རྣམ་དབྱེ་ཡིན་མི་དགོས་ཏེ། རྣམ་དབྱེ་རྣམས་ཚིག་སྔ་ཕྱིའི་བར་མཚམས་སུ་སྦྱོར་བའི་ཕྲད་ཡིན་པས་དང༌། རྣམ་དབྱེ་མ་ཡིན་པའི་ཚིག་ཕྲད་དུ་མ་ཡོད་པའི་ཕྱིར་རོ་ཞེས་དང༌། འདིའི་བར་པ་གཉིས་ཀྱིས་ཕྲད་དང་རྣམ་དབྱེར་མུ་བཞི་བཞག་སྟེ་དཔེར་བརྗོད་དང་བཅས་ བཀོད་པ་མཐོང་མོད་དེ་ལྟར་དོན་ལ་གནས་མིན་སྐོར་རྟོག་གཞིག་བགྱིད་རྒྱུ་འདོར་དུ་ མི་རུང་བའི་འགན་འཁྲི་ཞིག་ཡིན་པར་སེམས།
འདིའི་ ཐད་ལ་མཁྱེན་རབ་འོད་གསལ་གྱིས་ཕྲད་དང་རྣམ་དབྱེའི་གོ་དོན་འདི་ཡིན་ཞེས་པ་ལོགས་ སུ་མ་བྲིས་ཀྱང་གཏམ་གྱི་འཕྲོས་ཤིག་ལ་་་་འདིར་ལ་དོན་གྱི་རྣམ་དབྱེ་འཆད་པའི་ སྐབས་སུ་གང་ཡང་རུང་བའི་མིང་གི་མཐར་ལ་དོན་གྱི་རྐྱེན་སྦྱར་ཞིང༌། དེ་མཐར་བྱ་བའི་ཚིག་སྦྱར་ནས་ད་གཟོད་ལས་སུ་བྱ་བའི་རྣམ་དབྱེ་གྲུབ་དགོས་པ་ ཡིན་་་་་ཞེས་སྔ་མ་དག་དང་མི་འདྲ་བར་གོ་བ་དམིགས་བསལ་ལེན་རྒྱུ་ཡོད་པའི་ཚོར་ སྣང་ཞིག་ངང་ངམ་ཤུགས་ཀྱིས་སྐྱེ་ཡོང་གིན་འདུག་ལ་རྒྱབ་ལྗོངས་ཟབ་མོ་ཞིག་འཚོལ་ རྒྱུ་ཡོད་ངེས་རེད། མཚམས་འདིའི་ས་བཅད་ཀྱི་དོན་ལ་བསམས་ན་སུམ་འགྲེལ་མཁན་པོ་ཡོད་ཚད་ཀྱི་འདོད་པ་ འབྲི་དགོས་པ་ལྟ་བུར་སྣང་ཡང་མང་པོ་ཞིག་གིས་དགོས་སར་ཆད་མི་དགོས་སར་ལྷག་པའི་ བཟོ་ལྟས། དཀྱུས་གཅིག་ཏུ་འགོད་ཐབས་མ་བྱུང་བས་རྣམ་པ་ཚོས་ཁྲེལ་དགོད་གནང་རུང་བྱ་ཐབས་ཅང་ མ་མཆིས། གང་ལྟར་འདི་གར་བྲིས་པ་དེ་དག་གྲགས་པ་མི་ཆུང་ཙམ་ཡོད་པ་ཤ་སྟག་གི་འདོད་པ་ཡིན་ པས་དེ་དོན་ཁོང་དུ་ཆུབ་ན། སྔ་འགྲེལ་ཕལ་མོ་ཆེའི་ཞེ་འདོད་སྤྱི་བམ་པ་ཞིག་ཤེས་པར་གྲོགས་སུ་འགྲོ་བར་སྙམ། དེའི་ཕྱིར་ཁོ་བོས་སྐབས་འདིར་ཡོད་ཚད་ཕྱོགས་གཅིག་སྤུངས་པའི་ངལ་བ་བསྟེན་པར་མ་ བྱས་སོ། །ཡང་འདིར་དྲངས་པའི་ཕྲད་དང་རྣམ་དབྱེའི་གོ་དོན་ནམ་ངོ་བོ་དག་དཔྱད་གཞིའི་ཆེད་མ་ གཏོགས་མཐའ་གཅིག་ཏུ་ཕྱོགས་སྔར་བཟུང་བ་མ་ཡིན་པའི་ཚུལ་དེ་ཡིད་ལ་འཛིན་རྒྱུ་དང་ རྣམ་དཔྱོད་ཀྱི་མདའ་མོ་འབེན་ལ་ཕོག་པས་ཟུག་རྔུ་སྦྱིན་རུང་འགོག་ཐབས་དཀའ་བས་ བཟོད་པའི་དམ་བཅའ་འཛིན་པ་ལས་བྱ་ཐབས་ཅི་ཞིག་ཡོད།
གཉིས་ པ་གང་ཟག་སུ་ཡིན་ན་ཡང་སུམ་ཅུ་པ་སྦྱངས་པའི་དགོས་པ་ཕྲད་དང་རྣམ་དབྱེ་ལ་མི་ རྨོངས་ཤིང་མཁས་པ་ཞིག་ཡིན་དགོས། གལ་ཏེ་ཕྲད་དང་རྣམ་དབྱེ་ལ་རྨོངས་ན་བོད་ཀྱི་སྒྲ་གཞུང་ཀུན་ཀྱི་རྩ་བ་སུམ་ཅུ་པ་ མ་ཤེས་པའི་རྟགས་ཡིན་པ་དེའི་ཕྱིར་ཕྲད་དང་རྣམ་དབྱེ་ལ་མི་རྨོངས་པར་བྱེད་པ་སུམ་ ཅུ་པའི་གཞུང་ཞེས་བསིལ་ལྡན་སྒེག་མོའི་ལྟོ་བར་གྲགས་སྙན་བ་དན་དཀར་པོ་ལྷབ་ལྷུབ་ གཡོ་བ་གང་དེའི་དོན་དེ་ལས་མ་འདས་སོ། །དེ་ཡི་རབ་དབྱེ་ཞིབ་ཅིང་ཕྲ་བ་སོ་སོར་མ་འདྲེས་པ་གཞུང་དུ་གསལ་བ་དེ་ལྟར་ཡང་ ཐོག་མར་ཕྲད་དང་རྣམ་དབྱེ་ཞེས་པ་ག་འདྲ་ཞིག་ལ་ངོས་འཛིན་དགོས་མིན་སྤྱི་ལྡོག་ནས་ གོ་བ་ཞིག་མ་ལོན་ན་འདི་ཡིན་དེ་མིན་གྱི་གཏད་སོ་མེད་པར་ཆགས་རྒྱུ་ལས་ཅི་ཡོད་ སྙམ་པ་ནི་གནས་ལུགས་ཡོད་པའི་ཚོར་སྣང་སྐྱེན་པོ་ཞིག་རེད། དེ་ཡང་འུ་ཅག་བོད་པ་ཚང་གིས་རློམ་ཚོད་ལྟར་ན་འཇམ་དཔལ་དབྱངས་ཀྱི་རྣམ་རོལ་དུ་ འབོད་པའི་ཐོན་མི་ཨ་ནུས་སྒྲ་རིག་པའི་གཞུང་ལུགས་གཏན་ལ་ཕབ་པ་ནས་བཟུང་འགྲེལ་བ་ དང་ཡང་འགྲེལ་གླེགས་བམ་ཆར་རྗེས་ཤ་མོང་གི་དཔེར་གྱུར་པ་ལས་པན་གཞུང་ནོར་བུ་བསམ་ གྲུབ་མཁས་འདོད་ཀྱིས་ཨ་ལ་ཤའི་རྣམ་དབྱེའི་ངོ་བོ་མགོ་མཇུག་ཅིག་བསྣོལ་འདུག་ཀྱང་ ཚིག་གི་བརྗོད་ཚུལ་ཙམ་ལས་དོན་ལ་ཁྱད་པར་གང་ཡང་མ་ཐོན་པ་ནི་སོ་སོའི་རྣམ་དཔྱོད་ ཀྱིས་མ་འདངས་པ་དེ་ལ་དགོད་བྲོ་བའི་རྒྱུ་ལས་མ་མཆིས་ཀྱང་བྱ་ཐབས་ཟད། ད་དུང་འདིའི་ཐད་ལ་ཉག་ཉོག་མང་པོ་ཞིག་བཤད་འདུག་མོད་དོན་གྱི་བབས་ས་གང་ཡིན་ཚམ་ ཚོམ་དུ་གྱུར་འདུག་པས། ཇི་སྐད་དུ། འཕེན་ཟེལ་རིན་ཆེན་ལ་ལྟ་ཡི། །འགལ་དུམ་ལ་ནི་སུ་ཞིག་དཔྱོད། །ཅེས་པའི་ཚུལ་ལ་བསམས་ཏེ་སྤྲོས་པ་སྐྱུང་ངོ༌།།
སྐབས་ འདིར་ཚེ་ཏན་ཞབས་དྲུང་དང་བསྟན་དར་ལྷ་རམས་དང་ནོར་བུ་བསམ་གྲུབ་གསུམ་ཀས་ཚིག་ ཕྲད་ཀྱི་ངོ་བོ་ལ་ལྟ་ཚུལ་གཅིག་པ་ལྟ་བུ་སྣང་ཡང་རྣམ་དབྱེའི་ཐད་ལ་ཚེ་ཏན་ཞབས་ དྲུང་གིས་བཞག་པ་ཕྱི་མ་གཉིས་དང་མི་འདྲ་བ་ཞིག་རེད། ཁོང་ནི་དུས་རབས་གཅིག་གི་བརྡ་སྤྲོད་སྨྲ་བའི་ཚབ་མཚོན་གྱི་མི་སྣ་གལ་ཆེན་གཅིག་ པུ་དེ་ཡིན་པ་དང༌། བཅུ་ཕྲག་རིག་པའི་གནས་ལ་ནང་བྱན་ཆུབ་ཅིང༌། གཟིགས་རྒྱ་ཆེ་བ་མ་ཟད་རྣམ་དཔྱོད་ཀྱི་འཇུག་ལྡོག་གློག་ལས་མྱུར་བའི་རྟོག་གེ་པ་ ཞིག་ཡིན་པ་དང༌། ཐོས་ཚད་བདེན་ཁ་མི་སྟེར་བའི་རང་གཤིས་མངའ་བས་གཞུང་ཐོན་མིའི་ཞལ་ལུང་ནི་འུ་ ཚོའི་སྒྲ་གཞུང་སྔ་ཕྱི་ཀུན་ལས་མངོན་དུ་འཕགས་པ་ཞིག་དང་ཕྲད་དང་རྣམ་དབྱེའི་དོན་ ལ་གསལ་ཁ་ཆེ་ཞིང༌། ཞིབ་འཇུག་ཟབ་ཤོས་ཤིག་ཏུ་བགྲང་ཆོག་མོད་པཎྜི་ཏ་ཐུགས་མཉམ་མ་བཞག་པའམ་ཕྱི་རབས་ གངས་ཕྲུག་རྣམས་ཀྱིས་རིགས་པའི་སྟངས་སྟབས་སྒྱུར་སའི་ཆེད་དུ་བསྐྲུན་པ་གང་ཡིན་ འཕྱང་མོ་ཉུག གང་ ལྟར་ང་ཚོས་བཙལ་རྒྱུ་ངོ་མ་ནི་ཁོང་གི་ཞེ་འདོད་གང་ཡིན་དེ་ཙམ་མིན་པར་ཚིག་རྗེས་ འབྲང་སྟེ་ཕྲད་དང་རྣམ་དབྱེ་དེ་ག་འདྲ་ཡིན་མིན་ཕུ་ཐག་གཅོད་རྒྱུ་གཙོ་བོ་ཞིག་ རེད།
ཚེ་ ཏན་ཞབས་དྲུང་མཆོག་གིས། རྣམ་དབྱེ་ཐམས་ཅད་ཀྱང་ཕྲད་ཡིན་ཡང༌། ཚིག་ཕྲད་རྐྱང་པ་ཞེས་པའི་ཕྲད་དང་མི་འདྲ་སྟེ། རྣམ་དབྱེ་ཡིན་ལ་ཕྲད་རྐྱང་མིན་པ་ནི། མིང་རྐྱང་ཡོད་ཚད་དང༌། ཕྲད་རྐྱང་ཡིན་ལ་རྣམ་དབྱེ་མིན་པ་ནི། རྗེས་འཇུག་ལ་མི་ལྟོས་པའི་ཕྲད་རང་དབང་ཅན་ཡོད་དོ་ཅོག་དང༌། གཉིས་ཀ་ཡིན་པ་ནི། ལ་དོན་དང་བྱེད་འབྲེལ་རྣམས་དང༌། གཉིས་ཀའི་གང་ཡང་མ་ཡིན་པ་ནི་དབྱངས་བཞི་རྣམས་ཡིན་ནོ། །དེའི་ཕྱིར་རྣམ་དབྱེ་དང་ཕྲད་རྐྱང་གི་ཁྱད་པར་ལ་དེ་ལྟ་བུའི་མུ་བཞིའི་སྒོ་ནས་ ཀྱང་རྟོགས་པར་བྱའོ། །ཞེས་གསུངས་པར་ཤིན་ཏུ་དཔྱད་པར་བྱ་བའི་གནས་ཏེ། དང་པོ། རྣམ་དབྱེ་ཐམས་ཅད་ཀྱང་ཕྲད་ཡིན་ཡང༌། ཞེས་པ་ལྟར་ན་རྣམ་དབྱེ་དང་པོ་ཚིག་ཕྲད་ཡིན་པར་ཁས་ལེན་དགོས་པར་འགྱུར། གཉིས་པ། ཚིག་ཕྲད་རྐྱང་པ་ཞེས་པའི་ཕྲད་དང་མི་འདྲ་སྟེ། ཞེས་པ་ལྟར་ན་ཕྲད་དང་ཚིག་ཕྲད་རྐྱང་པ་གཉིས་ལ་ཁྱད་ཡོད་པར་དངོས་སུ་བསྟན་འདུག་ པས། འོ་ན་ཕྲད་དང་ཚིག་ཕྲད་རྐྱང་པ་གཉིས་ཀྱི་ཁྱད་པར་ཅི། ནམ་རྒྱུན་གཞུང་སྤྱིའི་གོ་བ་ལེན་སྟངས་ལྟར་བྱེད་པ་ཡིན་ན་ཚིག་ཕྲད་ཙམ་མ་ཡིན་པར་ ཚིག་ཕྲད་རྐྱང་པ་ཞེས་བརྗོད་ཚེ། རྐྱང་པ་ཞེས་པའི་སྒྲ་དེས་ཆོས་དེ་ཚིག་ཕྲད་ཁོ་ན་ཡིན་པ་སྟོན་པ་མ་ཡིན་ནམ། དེ་ལྟར་ན་ཚིག་ཕྲད་རྐྱང་པ་ཞེས་པའི་རྐྱང་སྒྲ་དེས་གཅད་བྱ་གང་ཡིན་དཔྱོད་ན་སྐབས་ འདིར་རྣམ་དབྱེ་ལས་འོས་མེད་ཕྱིར། ཚིག་ཕྲད་རྐྱང་པ་ཞེས་བརྗོད་ཚེ་རྣམ་དབྱེ་རང་ཤུགས་ཀྱིས་གཅོད་འགྲོ་བ་མ་ཡིན་ནམ། ཡིན་ན་རྣམ་དབྱེ་དང་ཚིག་ཕྲད་རྐྱང་པ་གཉིས་ལ་མུ་བཞི་ཇི་ལྟར་གྲུབ་སྟེ། ཚིག་ཕྲད་རྐྱང་པ་ཡིན་ན་རྣམ་དབྱེ་མ་ཡིན་དགོས་པའི་ཕྱིར་རོ། །དེ་མིན་ཚིག་ཕྲད་རྐྱང་པ་ཞེས་པར་འབྲེལ་ཆགས་པའི་དམིགས་བསལ་གོ་དོན་ཞིག་སྟོན་ དུ་མེད་དོ། །དེས་ན་སྤྱིར་ཡོངས་གྲགས་སུ་ཕྲད་དང་རྣམ་དབྱེ་གཉིས་ལ་མུ་གསུམ་མུ་བཞི་ཡོད་མེད་ རྩོད་པ་ཡིན་པས་དེ་ལྟར་ཐ་སྙད་བྱེད་དགོས་ཀྱི་མགོ་རྙོག་པའི་ཚིག་ཕྲད་རྐྱང་པ་ ཞེས་པ་ནི་དོན་མེད་ཀྱི་ཞིབ་ཆར་མཐོང་ངོ༌། །དེ་ལྟར་མུ་བཞིར་བཞག་པའི་ཡིག་ཕྲེང་ཁ་ཤས་དེའི་ནང་གི་རང་ཚིག་སྔ་ཕྱི་འགལ་བ་དང་ ཚིག་གིས་བརྗོད་ཚུལ་མི་འཐད་པ་རྣམས་དམར་རྗེན་དུ་ཕུད་ཟིན་ནས། དོན་ལའང་ཕྲད་དང་རྣམ་དབྱེ་གཉིས་པོར་ཞིབ་པར་བརྟགས་ན་མུ་གསུམ་མུ་བཞི་གང་ཡང་ འཇོག་མི་ཐུབ་པ་ནི་འོག་ཏུ་རང་ལུགས་བཤད་པའི་སྐབས་སུ་འཆད་དོ། །
མཁས་པས་འཁྱོར་ཉམས་ཚིག་སྦྱོར་སྦོམ་བཤད་དང༌།།
བླུན་པོས་འགལ་འདུ་བསྒྲིགས་པའི་ཁུར་པོ་ལ།།
གཟུར་གནས་བློ་ཡིས་ཚངས་ཐིག་འཇལ་བའི་ཚེ།།
དོན་གྱི་ཡིན་ལུགས་སྒྲིབ་ལ་ཁྱད་མ་མཐོང༌།། ཞེས་ཀྱང་སྨྲའོ།།
གསུམ་ པ་རང་ལུགས་གང་ཡིན་ཞེ་ན། འདིའི་ཐད་ལ་མཁས་པ་སྔ་མ་དག་གི་དཔེར་བརྗོད་དང་ཐ་སྙད་རང་སྟེང་གི་གོ་བ་བཅས་གང་ ལ་བསམས་ཀྱང་ཕྲད་དང་རྣམ་དབྱེ་གཉིས་ནི་འགལ་བ་ཡིན་ཞེས་ཁོ་བོས་འདོད་པ་ཡིན་ནོ། །དོན་བསྡུས་ན་མུ་གསུམ་མུ་བཞིའི་རྣམ་གཞག་ལེགས་ལེགས་མཛེས་མཛེས་ཅི་ལྟར་སྨྲས་ ཀྱང་རིག་པའི་སྒྱུ་རྩལ་བྱང་བའི་ཕྱིར་དུ་ཡིན་ན་ཆོག་མོད་དེ་མིན་ལོག་རྟོག་ཁོ་ ནར་ཟད། དེའི་དོན་བདེ་བླག་ཏུ་གོ་བའི་ཆེད་དུ་དྲན་དབང་མཁྱེན་རབ་འོད་གསལ་གྱིས་བཞག་པའི་ ཕྲད་དང་རྣམ་དབྱེའི་དཔེར་བརྗོད་འགའ་ཞིག་བཀོད་པའི་ཐོག་ངོ་སྤྲོད་བྱས་ན་མ་ འཛིངས་པར་གོ་བའི་རེ་བ་ཆེ། དཔེར་ན། རྒྱབ་ཏུ་གྲི་བཙུགས། ནགས་སུ་མེ་སྤར་ལྟ་བུ་གཉིས་པ་དང༌། ནད་དྲག་པར་སྨན་འཐུང༌། ཤིང་གཅོད་དུ་སྟ་རེ་བརྡར་ལྟ་བུ་བཞི་པ་སྟེ་འདིས་ལ་དོན་གཞན་རྣམས་མཚོན་ཞིང༌། དགེ་རྒན་གྱིས་སློབ་ཁྲིད་མཛད། ཤེས་རབ་ཀྱིས་སྐད་ཆ་བཤད་ལྟ་བུ་གསུམ་པ་དང༌། རྒྱལ་མཚན་གྱི་ཏོག གསེར་གྱི་རྒྱ་ཕིབས་ཞེས་པ་དྲུག་པ་དང༌། བཀག་ཀྱང༌། བཀབ་ཀྱང་ལྟ་བུ་རྒྱན་སྡུད་དང༌། མནན་ཏེ། བཅག་སྟེ་ལྟ་བུ་ལྷག་བཅས་དང༌། སློབ་མ་འདི་ཚོ་ལོ་ན་ནི་གཞོན། བློ་གྲོས་ནི་རྣོ། འཚོ་བ་ནི་བཟང་ལྟ་བུ་ནི་སྒྲ་དང༌། ཉི་མ་དང༌། ཟླ་བ་དང༌། མྀག་དམར་དང༌། ལྷག་པ་དང༌། ཕུར་བུ་དང༌། པ་སངས་བཅས་པ་ནི་རེས་གཟའ་བདུན་ནོ་ལྟ་བུ་དང་སྒྲའོ། །ཚིག་ཕྲད་གཞན་རྣམས་འདིས་མཚོན་ཏེ་ཤེས་སོ། །གོང་དུ་བཀོད་པའི་དཔེར་བརྗོད་ལས་ཚིག་ཕྲད་དང་རྣམ་དབྱེའི་ཕྲད་དམ་རྐྱེན་ཞེས་ སོ་སོར་མ་འཛིངས་པར་རྟོགས་ན་ཧ་ཅང་ལེགས་པ་སྟེ་དེ་མིན་ཕྲད་དང་རྣམ་དབྱེ་ལ་མུ་ གསུམ་མུ་བཞི་སོགས་དགོས་མེད་རྩོད་གླེང་འདི་རིགས་ནམ་ཡང་རྒྱུན་ཆད་པར་དཀའ། འོ་ན་རྣམ་དབྱེ་དང་ཚིག་ཕྲད་ཀྱི་གོ་དོན་ཇི་ལྟར་ཡིན་ཞེ་ན། ཚིག་དོན་མ་འདྲེས་པར་དོན་གསལ་པོར་འབྱིན་པའི་སྒྲ་ཡི་ཕྲེང་བ་ཞིག་ལ་རྣམ་དབྱེ་ དང༌། མིང་ཚིག་སྔ་ཕྱི་མཚམས་སྦྱོར་བའི་སྒྲའི་ཆ་ཤས་ཤིག་ལ་ཚིག་ཕྲད་ཅེས་བརྗོད། དེ་ ཡང་བརྡ་སྤྲོད་སྨྲ་བའི་རྒྱལ་པོ་ཉན་ཤུལ་མཁྱེན་རབ་འོད་གསལ་གྱིས་བཀྲ་ཤིས་ཤར་དུ་ འགྲོ་ཞེས་པའི་བཀྲ་ཤིས་འགྲོ་བ་པོའམ་འགྲོ་བའི་བྱ་བ་བྱེད་པ་པོ། ཤར་ནི་འགྲོ་བའི་བྱ་བ་འཇུག་པའི་ཡུལ། དུ་རྣམ་དབྱེ་གཉིས་པའི་རྐྱེན། འགྲོ་ ནི་བྱ་བ་དངོས་ཡིན། ཞེས་གསུངས་པའི་དོན་ལ་བསམས་ན་ཡང་དུ་ཞེས་པ་རྣམ་དབྱེའི་ཕྲད་དམ་རྣམ་དབྱེ་གཉིས་ པའི་རྐྱེན་ཡིན་པ་ལས་རྣམ་དབྱེ་མ་ཡིན་པར་བསྟན། གལ་སྲིད་དུ་ཞེས་པ་རྣམ་དབྱེ་གཉིས་པ་ཡིན་ན་དེ་ལ་རྣམ་དབྱེ་གཉིས་པའི་ཁྱད་ཆོས་ རྣམས་ཇི་ལྟར་ལྡན། ལོ་ཏོག་ལ་ཆུ་འདྲེན་ཞེས་རྗོད་སྐབས་གཟོད་རྣམ་དབྱེ་བཞི་པར་གྲུབ་སྟེ། རྣམ་དབྱེ་བཞི་པའི་ཁྱད་ཆོས་ལྔ་པོ་ཚང་བའི་ཕྱིར། དེ་མིན་ལ་སྒྲ་གཅིག་པུ་ནི་རྣམ་དབྱེ་བཞི་པ་མ་ཡིན་ཏེ་ཁྱོད་ལ་རྣམ་དབྱེ་བཞི་པའི་ གོ་དོན་མ་ཚང་བའི་ཕྱིར་རོ། །བཀྲ་ཤིས་ཤར་དུ་འགྲོ་ཞེས་པའི་ཚོགས་དོན་དེར་རྣམ་དབྱེ་གཉིས་པར་འབོད་དགོས་པ་མ་ གཏོགས་དེ་དག་རེ་རེ་ནས་ཕྲལ་ན་རྣམ་དབྱེ་གཉིས་པ་ཞེས་མཛུབ་མོ་འཛུགས་ས་མི་རྙེད་ དོ། །དེར་བརྟེན་གོང་ལྟར་གོ་བདེ་བའི་ཕྱིར་རྣམ་དབྱེ་གཉིས་པ་གཅིག་པུ་མཚན་གཞིར་ བཟུང་ནས་ད་དུང་ཅུང་ཞིབ་ཏུ་བཏང་ན། དེ་ཡང༌། བཀྲ་ཤིས་ཤར་ཕྱོགས་སུ་འགྲོ་ཞེས་པ་རྣམ་དབྱེ་གཉིས་པ་ཡིན་པས་རྣམ་དབྱེ་ཡིན་ཡང་ ཚིག་ཕྲད་མ་ཡིན་ཏེ་ཚིག་ཕྲད་ཀྱི་མཚན་ཉིད་མི་ལྡན་པའི་ཕྱིར། སུ་ཞེས་པ་ཚིག་ཕྲད་ཡིན་ཀྱང་དེས་མི་ཕན་ཏེ་དེ་རྣམ་དབྱེའི་རྐྱེན་ཡིན་པ་མ་གཏོགས་ རྣམ་དབྱེ་གཉིས་མ་ཡིན་པའི་ཕྱིར། །
དེ་ ལྟར་མདོར་དྲིལ་ན། ཕྲད་དང་རྣམ་དབྱེ་གཞི་མཐུན་ཡིན་པ་ཞིག་སྤྱན་རས་གཟིགས་ཀྱིས་མིག་སྟོང་བགྲད་ནས་ བལྟས་ཀྱང་རྙེད་མི་སྲིད་པས་ན། ཕྲད་དང་རྣམ་དབྱེ་གཉིས་པོར་མུ་གསུམ་མུ་བཞི་གང་ཡང་མེད་པར་འགལ་བར་སྨྲ་དགོས་ལ། ཡང་ངེས་པར་དུ་མུ་གསུམ་མུ་བཞི་གང་རུང་ཞིག་འཇོག་དགོས་ན། ཚིག་ཕྲད་དང་རྣམ་དབྱེའི་རྐྱེན་གཉིས་པོར་བཞག་ན་ཆོག་སྟེ། དེ་གཉིས་པོར་མུ་གསུམ་ཡོད། རྣམ་དབྱེའི་རྐྱེན་ཡིན་ན་ཚིག་ཕྲད་ཡིན་པས་ཁྱབ་ཅིང༌། ཚིག་ཕྲད་ཡིན་ལ་རྣམ་དབྱེའི་རྐྱེན་མ་ཡིན་པ་ཕྲད་རང་དབང་ཅན་སོགས་དུ་མ་ཡོད་པའི་ ཕྱིར་རོ། །སྔོན་ཆད་མཁས་བླུན་ཀུན་ཀྱིས་མུ་གསུམ་ཡོད་མུ་བཞི་ཡོད་ཅེས་པའང་རྣམ་དབྱེའི་ རྐྱེན་དང་ཚིག་ཕྲད་གཉིས་པོར་དེ་ལྟར་ཡོད་ཅེས་ཞིབ་ཆ་གསལ་པོ་གནང་ན་མཛེས། རྣམ་དབྱེའི་གོ་དོན་དུ་བཞག་པ་དེ་ཡང་རྣམ་དབྱེའི་རྐྱེན་གྱི་གོ་དོན་དུ་སོང་གི་ རྣམ་དབྱེའི་གོ་དོན་དུ་དཔྱིས་ཕྱིན་པར་མ་སོང་ངོ༌། །དེ་ལྟར་མུ་གསུམ་མུ་བཞི་རྩི་ལུགས་ཐ་སྙད་དང་བཅས་པ་ཚད་མའི་སྐབས་ནས་བསྟན་པ་ ཞིག་ཡིན་སྟབས་དེ་ལྟར་དུ་ཞིབ་ཆ་ལྡན་པའི་སྒོ་ནས་འགྲོ་དགོས་ཀྱི་སྦོམ་བཤད་ཙམ་ གྱིས་ནི་གར་ཡང་མི་ཕྱིན་ཏོ། །
ད་ དུང་ཁྱེད་ཀྱིས་ཕྲད་དང་རྣམ་དབྱེ་གཉིས་པོར་མུ་གསུམ་དང་མུ་བཞི་གང་རུང་ཡོད་པར་ བསམ་གྱིན་ཡོད་ན། དང་པོ་ཕྲད་དང་རྣམ་དབྱེ་གཉིས་པོའི་གོ་དོན་སོམས། འོན་ཀྱང་ཚེ་ཏན་ཞབས་དྲུང་གིས་བཞག་པའི་རྣམ་དབྱེའི་གོ་དོན་དེ་ནི་རྣམ་དབྱེའི་ རྐྱེན་ནམ་རྣམ་དབྱེའི་ཕྲད་ཀྱི་གོ་དོན་དུ་འགྲོ་ཡི་རྣམ་དབྱེའི་གོ་དོན་དུ་མི་ འགྲོ་བའང་ཤེས་དགོས། གལ་སྲིད་དེ་ཉིད་རྣམ་དབྱེའི་གོ་དོན་ཡིན་ན། དེས་རྣམ་དབྱེ་དང་པོ་ནས་བརྒྱད་པའི་བར་རེ་རེ་བཞིན་དུ་ཁྱབ་ཚུལ་ཞིག་འཇོག་དགོས་ པ་གང་ཞིག་ལ་དེ་ནི་མི་སྲིད་པའི་ཕྱིར་ཏེ། རྣམ་དབྱེ་རེ་རེའི་གོ་དོན་རྣམས་ལ་ལེགས་པར་བསམས་པས་ཀྱང་རྟོགས་ནུས་ཏེ། རྣམ་དབྱེ་གཉིས་བཞི་བདུན་པ་སོགས་སྒྲའི་ཆ་ཤས་སུ་གྱུར་པའི་ཚིག་ཕྲད་ཅིག་མ་ཡིན་ པའི་ཕྱིར་ཏེ། ཉན་ཤུལ་མཁྱེན་རབ་འོད་གསལ་གྱིས་སུམ་འགྲེལ་གཟུར་གནས་དགྱེས་པའི་གཏམ་ལས། འདིར་ལ་དོན་གྱི་རྣམ་དབྱེ་འཆད་པའི་སྐབས་སུ་གང་ཡང་རུང་བའི་མིང་གི་མཐར་ལ་དོན་ གྱི་རྐྱེན་སྦྱར་ཞིང༌། དེ་མཐར་བྱ་བའི་ཚིག་སྦྱར་ནས་ད་གཟོད་ལས་སུ་བྱ་བའི་རྣམ་དབྱེ་འགྲུབ་དགོས་པ་ཡིན། ཞེས་གསུངས་པའི་དཔྱོད་ལྡན་གྱི་ངག་འདིས་རིགས་འགྲེས་ནས་གཞན་ཀུན་ལ་ཤེས་པར་བྱས་ན་ཁྱེད་ཀྱི་ཐེ་ཚོམ་ཞིག་པར་གདོན་མི་ཟ་སྙམ། དེས་ན་ཁོ་བོས་ཡང་ཡང་ནན་དཔྱད་བགྱིད་སྐབས་ཉན་ཤུལ་གྱི་ཞིབ་ཆ་དེ་དག་ཚེ་ཏན་ལས་ ཟབ་པར་མཐོང་ངོ༌།།
སྤྱིར་ ན་རྣམ་དབྱེ་སྤྱི་བྱེའི་གོ་དོན་རྣལ་མ་ཞིག་བློར་ཆུབ་ན་ཚིག་ཕྲད་ཀྱི་དོན་དེ་ཙམ་ དཀའ་བ་ཞིག་མིན་པར་རང་གྲོལ་དུ་འགྲོ་བ་ཁོ་བོས་འདོད་དོ། །དེའི་ཕྱིར་ཚིག་ཕྲད་ཀྱི་གོ་དོན་ཙམ་གྱིས་མཐུན་པར་བྱས་སོ། །མདོར་ན་འུ་ཚོས་ཤེས་དགོས་རྒྱུ་ནི་སུམ་རྟགས་མ་ཤེས་པར་འཆད་རྩོད་ལ་སྟབས་ལེགས་ ཀྱིས་མཁས་པ་ཞིག་ཡིན་རུང་སྤྱི་ཚོགས་ཁྲོད་དུ་དེ་ཙམ་གྱིས་བརྩི་མཐོང་མི་ཆེ་ལ། འཆད་རྩོད་ལ་མཁས་མདོག་སྟོན་མཁན་སྐྱེས་བུ་འགའ་རེ་ལྟར་རང་མིང་ཡང་འབྲི་མི་ཤེས་ པར་གྱུར་ན་དེ་ལས་ངོ་ཚ་བ་དང་ཁྲེལ་དགོད་ཀྱི་གནས་ཤིག་གང་དུའང་བཙལ་རྒྱུ་མེད་པས་ བག་ཡོད་པར་གྱིས་ཤིག ཇི་སྐད་དུ། འདི་ཉིད་མ་བསླབས་འདི་དོན་མ་རྟོགས་པར། །མཆོངས་ཐེངས་གཅིག་གིས་གཞུང་ཆེན་ཁང་སྟེང་དུ། །འཛེགས་པར་འདོད་པ་རྒྱུ་འབྲས་གོ་ལྡོག་གི །ལྟ་ཚུལ་འདི་ལ་སུ་ཞིག་ཡིད་རྟོན་བྱེད། །ཅེས་པ་ནི་གནད་ལ་ཁེལ་བའི་གདམས་ངག་ཅིག་ཡིན་པས་སུ་ཞིག་གིས་སེམས་ནང་དུ་བཅངས་ན་ མཁས་པའི་དབུས་སུ་མགྲིན་པ་འགག་མི་དགོས་པར་སྤོབས་པ་ཆེན་པོས་འདུག་བཟོད་པ་ཞིག་ ཡོང་རྒྱུར་ཐེ་ཚོམ་མི་དགོས་པའི་ཕྱིར་བོད་ཀྱི་སྒྲ་གཞུང་སུམ་རྟགས་གཉིས་པོ་དང་ ཐོག་ནས་བསླབ་རྒྱུ་ཞེས་གལ་པོ་ཆེ་ལ་ནན་ཏན་དུ་བརྗོད་པ་ལགས།ཁན་སྐྱེས་བུ་འགའ་རེ་ ལྟར་རང་མིང་ཡང་འབྲི་མི་ཤེས་པར་གྱུར་ན་དེ་ལས་ངོ་ཚ་བ་དང་ཁྲེལ་དགོད་ཀྱི་གནས་ ཤིག་གང་དུའང་བཙལ་རྒྱུ་མེད་པས་བག་ཡོད་པར་གྱིས་ཤིག ཇི་སྐད་དུ། འདི་ཉིད་མ་བསླབས་འདི་དོན་མ་རྟོགས་པར། །མཆོངས་ཐེངས་གཅིག་གིས་གཞུང་ཆེན་ཁང་སྟེང་དུ། །འཛེགས་པར་འདོད་པ་རྒྱུ་འབྲས་གོ་ལྡོག་གི །ལྟ་ཚུལ་འདི་ལ་སུ་ཞིག་ཡིད་རྟོན་བྱེད། །ཅེས་པ་ནི་གནད་ལ་ཁེལ་བའི་གདམས་ངག་ཅིག་ཡིན་པས་སུ་ཞིག་གིས་སེམས་ནང་དུ་བཅངས་ན་ མཁས་པའི་དབུས་སུ་མགྲིན་པ་འགག་མི་དགོས་པར་སྤོབས་པ་ཆེན་པོས་འདུག་བཟོད་པ་ཞིག་ ཡོང་རྒྱུར་ཐེ་ཚོམ་མི་དགོས་པའི་ཕྱིར་བོད་ཀྱི་སྒྲ་གཞུང་སུམ་རྟགས་གཉིས་པོ་དང་ ཐོག་ནས་བསླབ་རྒྱུ་ཞེས་གལ་པོ་ཆེ་ལ་ནན་ཏན་དུ་བརྗོད་པ་ལགས།
——————————————————————————–
ཆ ་ཚང་ཀློག་ཐུབ་མ་སོང་། ཚིག་ཕྲད་རྐྱང་པ་དང་རྣམ་དབྱེའི་ཁྱད་པར་འཇོག་སྟངས་དག་དག་ཅིག་་རེད་མི་འདུག གང་གིས་རྣམ་པར་དབྱེ་བ་རེད། གང་རྣམ་པར་དབྱེ་བ་རེད། འདི་གསལ་བོ་དགོས། བོད་དུ་འགྲོ་ཞེས་པར་དུ་སྒྲ་ཆད་ན་བོད་འགྲོ་ཞེས་བོད་དེ་འགྲོ་སའི་ཡུལ་དང་འགྲོ་མཁན་གང་ཡིན་ཆ་མི་འཚལ་བས་རྣམ་དབྱེ་དུ་སྒྲ་ལས་གཞན་གང་ཡོད། དུ་སྒྲས་བོད་དེ་འགྲོ་བ་པོ་མིན་པར་འགྲོ་ཡུལ་ཡིན་པ་དང་འགྲོ་བ་བྱ་བ་ཡིན་པ་བཅས་མ་འདྲེས་པར་རྣམ་པར་དབྱེ་ཡོད། དེ་བཞིན་ང་བོད་ལ་དགའ་དང་ང་ནི་བོད་ལ་དགའ་ལྟ་བུར་མཚོན་ན་ནི་སྒྲ་ཡོད་ན་་བརྣན་པའི་དོན་ཙམ་ལས་ཡོད་མེད་ལ་ཁྱད་པར་དེ་ཙམ་མེད། ཡོད་དང་ཡོད་དོ་ཞེས་པ་སོགས་ཀྱང་་དེ་བཞིན་ཡིན། གོང་གི་དུ་སྒྲ་ཚིག་ཕྲད་ཡིན་ཡང་ནི་སྒྲ་དང་དོ་སྒྲ་བཞིན་ཚིག་ཕྲད་རྐྱང་པ་མིན་པ་མཁྱེན་དགོས། གནས་སྐབས་དེ་ཙམ་ཡིན།
དེ་རིང་སང་ཉིན་གྱི་དུས་ཚོད་ནི་བོད་ཀྱི་ཚིག་ཕྲད་དང་རྣམ་དབྱེའི་སྐོར་བཤད་པའི་དུས་ཚོད་མ་རེད། ཀློག་འདོད་ཀྱང་མི་འདུག དེ་ལས། གཞིས་ལུས་མི་མང་གི་སེམས་ཤུགས་དང་དཔའ་བོ་དཔའ་མོ་ཚོའི་གདོང་མཆོང་གི་སྤོབས་པ་ལ་ལྟོས་དང་། ང་ཚོ་རང་དབང་ལུང་པར་ཡོད་པ་རྣམས་ཀྱིས་ཟས་བཅད་ངོ་རྒོལ་དང་སྐད་འབོད་འདྲ་རྒྱབ་ན་ཡག་ས་རེད། གཞན་ཅང་ཐུབ་ནི་མ་རེད། གཅིག་བྱས་ན་ང་ཚོའི་སྐད་འབོད་ཀྱི་བྲག་ཆ་རེ་གཉིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩིགས་ངོས་སུ་གྲགས་སྲིད། བོད་རང་བཙན། གཙང་མ་ཡིན། རྒྱ་མི་བོད་ནས་ཕར་རྒྱུགས། རྒྱལ་བ་ཡིད་བཞིན་ནོར་བུའི་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག འདི་ལྟར་ང་ཚོ་ཁག་ཅིག་གིས་ད་ལྟ་ཨ་རིའི་ཤར་ཕྱོགས་ནིའུ་འཇར་སེས་རུ་སྐད་འབོད་བྱེད་བཞིན་ཡོད། བོད་མི་ཉུང་ཤས་ཞིག་ལས་སླེབས་ཐུབ་མི་འདུག་པས་ཅུང་བློ་ཕམས་བྱུང་།
ཆ་ཚང་ཀློག་ཡག་དུས་ཚོད་ཡུལ་རིང་ཞིག་གཏང་དགོས་འདུག་དེ་གཏང་ཐུབ་མ་སོང་དོན་དག་མི་འདུག །
འབྲོང་ངུར་བསྟན་འཛིན་ལམ་བཟང་ལེགས།
ཁྱེད་ཀྱི་རྩོམ་ཡིག་འདི་རིང་ཆེ་བས། ཀློག་པ་དང་། བཀླགས་ནས་དོན་ལ་བསམ་པར་དུས་ཚོད་ཀྱིས་མི་ལྡང་།
ཁོ་བོ་ནི་བཀའ་བསྟན་གསུང་འབུམ་དག་གི་དག་ཆ་དང་མཐུན་པར་འབྲི་བར་མཛོད་ཅེས་ཞུ་བ་ལགས། ཁྱེད་ཀྱི་བྲིས་ན་དག་ཆ་ལ་དཔྱད་པ་མང་ཙམ་དགོས་ཀྱང་། རེ་ཞིག་བཏང་སྙོམས་སུ་བཞག།
འཕེན་ཟེལ་རིན་ཆེན་ལ་ལྟ་ཡི། །འགལ་དུམ་ལ་ནི་སུ་ཞིག་དཔྱོད། ཞེས་པར་འཕན་ཞེས་པར་བོད་དབུས་གགཙང་དང་ཤར་ཕྱོགས་པ་སོགས་ཀྱིས་ཚིག་མང་པོར་ཨ་ཡིག་དེ་ཨེ་ཡིག་ཏུ་འདོན་པ་དང་། ཨེ་ཡིག་དེ་ཨ་ཡིག་ཏུ་འདོན་པ་འདུག་ཅེས་ཁོ་བོས་ལན་དུ་མར་བྲིས་པ་ཡིན། སློབ་དཔོན་འཇིགས་མེད་བློ་གྲོས་རྒྱལ་མཚན་མཆོག་གིས་ཀྱང་། བྱ་གེག་དང་ནི་བར་ཆད་གེགས།། ཞེས་པའི་བྱ་གེག་དེ་བདག་གིས་ཚིག་མཛོད་སོགས་སུ་མ་མཐོང་། མ་མཐོང་ཕྱིར་ན་མེད་པ་མིན། གཅིག་ན་ཡོད་ངེས། གལ་ཏེ་མེད་པ་ཡིན་ན། བྱ་གག་ཅེས་པ་དེ་བྱ་གེག་ཅེས་ཁོ་བོས་བཤད་པ་བཞིན་འདིར་ཡང་དིང་གི་བོད་ཀྱི་སྙན་དངགས་མཁན་པོ་ཐུགས་གཡེངས་པ་གདོན་མི་ཟའོ།།
བདག་གི་ཡི་གེ་དག་ཆ་ནོར་བ་དག་ལ་ཞུས་དག་མཛད་ན། ཁོ་བོའི་རྨོངས་མུན་སེལ་བའི་གྲོགས་སུ་འགྱུར་བས་ཡིག་ནོར་དག་སུ་ཞིག་གིས་གཟིགས་ན་ཡང་ནོར་བཅོས་མཛོད་ཅེས་ཞུའོ།།
རིང་དྲགས་མ་ཏོགས་ཡག་པོ་བྲིས་འདུག ་་་་་། གཞན་དུ་རང་རེའི་སྟོན་པས་དམ་ཆོས་གསུང་བྱེད་ནི་བོད་ཡིག་མིན་ལ། ནང་པའི་རྒྱལ་ཁབ་འབར་མ་དང་ཐེ་ལན་དང་གནའ་བོའི་རྒྱ་གར་སོགས་ཤཱཀྱའི་རྗེས་འབྲང་ གང་ཞིག་གིས་དམ་ཆོས་འཆད་ཉན་བྱེད་སྤྱད་རང་རེའི་སྐད་ཡིག་འདི་མིན་པར་ཧ་གོ་དོན་ གསལ་ཡིན་པ་སུས་ཀྱང་བསྙོན་དུ་མེད་པའི་ཕྱིར་བོད་ཡིག་ལ་ནང་པའི་ཡི་གེ་ཞེས་པའི་ ཐ་སྙད་དེ་སྤྱད་ན་འུད་ཆེ་བ་ལས་དོན་ལ་མི་འབྱོར་ཞིང༌། རྒྱལ་བའི་བཀའ་བསྟན་གྱི་མགོར་བོད་སྐད་དུ་ཟེར་བ་ཞིག་ལས་ནང་པའི་སྐད་དུ་ཟེར་བ་ ཞིག་མཐོང་དུ་མེད་པ་འདིས་བདེན་དཔང་བྱས་ཡོད། ་་་་འདི་འུ་ཚོས་བཤད་དོན་དེ་ངེད་ཚོས་ཤེས་མ་སོང་ལགས། དགག་གཞག་སྤོང་གསུམ་རྗེས་སུ་ཡོང་ངེས།
ལྡོག་སེར་མིག་ལགས་ཀྱིས་གསུངས་པ་ངོ་མ་བདེན། བོད་ཀྱི་དཔའ་བོ་དང་དཔའ་མོ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་རྒྱ་ཆེ་ཆུང་ལ་མ་ལྟོས་པར་ལས་འགུལ་གནད་དུ་ཁེལ་བ་ཞིག་སྤེལ་དགོས་པ་གལ་ཆེ་བའི་དུས་ཚོད་ཅིག་རེད།
འོན་ཀྱང་ཁྱེད་ཀྱིས། དེ་རིང་སང་ཉིན་གྱི་དུས་ཚོད་ནི་བོད་ཀྱི་ཚིག་ཕྲད་དང་རྣམ་དབྱེའི་སྐོར་བཤད་པའི་དུས་ཚོད་མ་རེད། ཀློག་འདོད་ཀྱང་མི་འདུག ཅེས་པ་ཧ་ཅང་ཐལ་དྲགས་སོང་སྙམ།
དེང་སང་བོད་དུ་རང་ལུས་མེར་བསྲེགས་ཀྱིས་འབོད་སྒྲ་བསྒྲགས་དང་སྒྲོག་བཞིན་པ་འདི་ཅི་ཞིག་གི་ཆེད་དུ་ཡིན་པ་རྟོགས་དགོས་པ་དེ་གལ་ཆེ་ཤོས་ཆགས་ཡོད། ཁོང་ཚོས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཆེད་དུ་རང་ལུས་མེ་ལ་བསྒྲོན་ཏེ་འབོད་སྒྲ་བསྒྲགས་པ་རེད། ཁོང་ཚོས་བོད་ཀྱི་ཞི་བདེ་དང་རང་དབང་གི་ཆེད་དུ་རང་ལུས་མེ་ལ་བསྒྲོན་ཏེ་འབོད་སྒྲ་བསྒྲགས་པ་རེད། ཁོང་ཚོས་ཆོས་དད་རང་དབང་དང་སྐད་ཡིག་སྲུང་སྐྱོབ་ཀྱི་ཆེད་དུ་རང་ལུས་མེ་ལ་བསྒྲོན་ཏེ་འབོད་སྒྲ་བསྒྲགས་པ་རེད། ཁོང་ཚོས་གོང་ས་མཆོག་བོད་ལ་ཕེབས་པའི་ཆེད་དུ་རང་ལུས་མེ་ལ་བསྒྲོན་ཏེ་འབོད་སྒྲ་བསྒྲགས་པ་རེད། དེར་བརྟེན་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་ཁོང་ཚོས་རང་སྲོག་ཕུལ་བའི་དགོས་ཆེད་དེ་དག་ངེས་པར་ཤེས་དགོས་པ་རེད།
ང་རང་ཚོས་ཁོང་ཚོ་ལྟར་རང་ལུས་མེར་བསྲེགས་ཀྱི་འབོད་སྒྲ་སྒྲོག་མ་ཐུབ་ཀྱང་། ཁོང་ཚོའི་རེ་འདུན་དང་ཕུགས་བསམ་དེ་ཤེས་པའི་ཐོག་དེ་དག་གི་ཆེད་དུ་འབད་རྒྱུར་སྙིང་ནས་དམ་བཅའ་དགོས་པ་རེད། ད་ལྟ་ལས་འགུལ་སྤེལ་བའང་ཤིན་ཏུ་གལ་ཆེ་མོད། དེ་བས་ཀྱང་བོད་ཀྱི་སྐད་ཡིག་དང་ཆོས་རིག་གི་ཆེད་དུ་ལུས་ངག་ཡིད་གསུམ་ནས་འབད་པ་གལ་ཆེ། དེ་ལ་ནི་དུས་ཚོད་འདི་དེ་ཞེས་ག་ལ་ཡོད།
ལྷག་པར་དུ་རྒྱལ་གཅེས་པ་ཁོང་ཚོའི་འདོད་དོན་དུ་དམིགས་ཏེ། སྐད་ཡིག་སྲུང་སྐྱོབ་དང་ཆོས་རིག་དར་སྤེལ་གྱི་ལས་འགུལ་དང་བགྲོ་གླེང་འདྲ་འཚོགས་ན། དེས་ཁོང་ཚོའི་རྣམ་ཤེས་ལ་ཕན་ཐོགས་ཆེ་བ་ཡོད་པས། བོད་ཀྱི་སྐད་ཡིག་གླེང་བ་སྐབས་སུ་མ་བབ་ཅེས་པ་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་གསན་ཞིང་གཟིགས་པའི་དབང་དུ་བཏང་ན། ཁོང་ཚོ་ཧ་ཅང་ཐུགས་ཕམ་ངེས་རེད།
ལྡོང་གསེར་མིག་ལེགས། གདུང་སེམས་མཉམ་བསྐྱེད་ཡོད། རྒྱ་དམར་གུང་ཁྲན་གྱིས་སྲིད་བྱུས་དྲག་པོ་མ་བཟོད་པར་སྤྱི་ལོ་༡༩༦༠སྐབས་བོད་བཀྲ་ཤིས་ལྷུན་པོར་ཡང་བདག་གི་ངོ་ཤེས་པ་མཁན་པོ་དང་སྤྲུལ་སྐུ་གྲྭ་པ་དཀྱུས་མ་བཅས་མང་པོས་རང་གི་སྐུ་སྲོག་གཏོང་དགོས་པའི་བཟོད་མི་ཐུབ་པའི་སྡུག་བསྔལ་བྱུང་ཡོད་པ་དང་། དེ་བཞིན་རྒྱ་ནག་རང་དུ་ཡང་དགོན་པ་གཙུག་ལག་ཁང་སོགས་གཏོར་གཤིག་བྱས་པས་སྐྱེ་བོ་སྲོལ་བཟང་དགའ་བ་མང་པོ་མྱ་ངན་གྱི་ཁུང་བུར་ཆུད་ནས་སྐུ་སྲོག་གཏོང་དགོས་པ་སོགས་ཉམ་ང་བ་ཚད་མེད་བྱུང་བ་ཐོས། ད་ལྟ་ཡང་རྒྱ་དམར་གུང་ཁྲན་གྱི་སྲིད་བྱུས་ལ་མི་དགའ་བ་དང་། བོད་ཀྱི་བདེན་མཐའ་ལ་རྒྱབ་སྐྱོར་བྱེད་པའི་རྒྱ་ནག་མི་མངས་མང་པོ་ཡོད་པ་དང་། དུས་དང་སྲིད་བྱུས་ཀྱི་འགྱུར་བའི་དབང་གིས་བོད་ཀྱི་བདེན་མཐའ་གསལ་ནས་བོད་མི་མངས་དགའ་བདེ་དཔལ་ལ་སྤྱོད་པའི་དུས་སྐབས་མྱུར་མྱུར་བར་འཆར་བར་གྱུར་ཅིག།
ཨ་ར་དཀར་པོ་ལགས་ཀྱིས་ཁོ་བོས་བཞག་པའི་ཕྲད་དང་རྣམ་དབྱེར་མ་འགྲིག་པར་གསུང་འདུག་པ་དང་། ཁོ་རང་གིས་ཤར་ཕྱོགས་སུ་འགྲོ་ཞེས་པའི་སྐབས་ཀྱི་དུ་སྒྲ་རྣམ་དབྱེ་ཡིན་པ་སྨྲས་འདུག་མོད། ཁྱོད་རང་ཉིད་ཀྱི་བསམ་ཚུལ་ཙམ་ཞིག་ཡིན་ན་དེར་ཟད། ང་ལ་སྐྱོན་བརྗོད་སྐད་དུ་ཡིན་ན་དང་ཐོག་སྐུ་ཉིད་ཀྱིས་ངས་བཞག་པའི་ཕྲད་དང་རྣམ་དབྱེའི་གོ་དོན་ལ་བསམ་པར་བགྱིས་ནས་སྨྲོས་དང་མཛེས་ལ་དེ་མིན་རྨོངས་རྟགས་ཁོ་ན་འོ། རེ་ཞིག་དེ་ཙམ་མོ་