(དགེ་རྒན་དམ་པ་ལྷ་ལུང་རྒྱལ་ལ།)
རྩོམ་པ་པོ། མིག་གསུམ་པ།
བདག་གིས་མཐོ་སློབ་ཀྱི་སྒོ་ཐེམ་བཅར་སྐབས་ཞིག་ལ་ཞི་དལ་ཉམས་ཆུང་གི་དགེ་རྒན་བཀའ་དྲིན་ཅན་དེར་ཐ་སྙད་དང་ལོ་རྒྱུས་རིག་གནས་ཀྱི་འབྲེལ་ཞིག་འཇོག་པར་བགྱིས། དགེ་རྒན་དེ་ལ་གཞན་དང་བསྒྲུན་དུ་མེད་པའི་སྨྲ་ལྕེ་ཡི་རྣོ་དབལ་ལྡན་པར་མ་ཟད། བསམ་གཞིགས་ཀྱི་སྒོ་འཕར་ཡངས་པོར་མངའ་བའི་བཀའ་དྲིན་བསྐྱར་དྲན་གྱི་ཤེས་རིག་གི་སྒྲོན་མེ་ཞིག་ཡིན། དུས་དེ་ནས་བཟུང་ལོ་ངོ་ཁ་ཤས་རིང་སེམས་པ་དང་སེམས་པ་གཅིག་ཏུ་འདྲེས་ནས་ཤེས་བྱའི་”ནང་ནོམ”ལ་རོལ་བའི་སྐལ་བ་བླ་ལྷག་ཏུ་ཐོབ་མོད། རང་ཉིད་ལེ་ལོ་དང་ཟང་ཟིང་གི་འདུ་འཛིའི་བྲན་དུ་གྱུར་ཏེ་ཆེས་གཏིང་ཟབ་ཀྱི་བསམ་བློའི་ཁ་ཕྱོགས་དེ་འཚོལ་སྒྲུབ་བྱེད་ཐུབ་མ་སོང་།
དགེ་རྒན་དམ་པའི་རྩོམ་ཡིག་”ཏཱ་ལའི་བླ་མའི་རླུང་”དང་”ཏཱ་ལའི་བླ་མ་འདི་ལྟར་འཚོལ་དགོས”སོགས་ཀྱིས་བདག་གི་སེམས་པའི་གཏིང་རིམ་དུ་བག་ཆགས་མཐུག་པོ་ཞིག་དང་། གང་ཞིག་ལ་རིག་པ་ཚུགས་ཐུབ་ཀྱི་སྟེང་ནས་གནད་ཀ་ཆེ་བའི་སྒྲུབ་རྟགས་བཀོད་པར་རང་བཞིན་གྱིས་འཕྲིགས་ཚུད་པ་ཞིག་ཏུ་ངེས་སོ།
དགེ་རྒན་དམ་པས་རྩོམ་ཡིག་ཅི་ཞིག་བྲིས་ཀྱང་བསམ་གཞིགས་ཀྱི་གཏིང་རིམ་དུ་ཕྱིན་ཏེ་གཞི་ནས་སྨྱུག་ཁ་རང་ཉིད་ལ་བཙུགས་པའི་སྣང་ཚོར་ཞིག་གཞར་ཡང་སྟེར་སྲིད།
བདག་གིས་ད་ལྟ་དགེ་རྒན་བཀའ་དྲིན་ཅན་དེའི་གསུང་འདི་འདྲ་ཞིག་དྲན་བྱུང་། “བསམ་གཞིག་གི་བྱང་ཐང་ངང་གིས་འགྲིམ་རྒྱུ་དང་བསམ་གཞིག་དེ་ལས་ཐོན་པའི་དངོས་པོ་དེ་རང་ཉིད་ཁོ་ན་ལ་དབང་བ་ཞིག་གོ”ཟེར། དོན་དམ་དུ་བདེན་པར་ངེས་ཏེ་བསམ་གཞིག་གི་ཁ་ཕྱོགས་མེད་པའི་མི་དེ་ནི་ཕྱི་མཛེས་ནང་རུལ་གྱི་ཀུ་ཤུ་ཞིག་དང་ཀུན་ནས་མཚུངས་པ་ཡིན།
ལྷག་པར་དུ་བདག་གི་དགེ་རྒན་དམ་པས་ཐ་སྙད་ཀྱི་གྲུབ་དོན་ལ་བསམ་ཞིབ་གནང་སྟེ། སྡེབ་སྦྱོར་གྱི་འགྲོས་དང་བསྟུན་ནས་རྩོམ་ཡིག་གི་བརྗོད་སྙིང་ལ་འཇུག་པར་རྩོམ་པའི་”མི་རིགས་ཀྱི་བླ་སྲོག་བསྐྲུན་པ་པོ་”ཞིག་ཡིན། གང་ལྟར། བདག་གིས་གླེང་འདོད་པ་ནི་དགེ་རྒན་གྱི་བཀའ་གསུང་ལ་ཡང་དྲན་བསྐྱར་ཞིག་བགྱིས་ཏེ་”ནོར་བུ་རང་ལ་ཡོད་དུས།། ནོར་བུ་ནོར་ངོ་མ་ཟིན།།
ནོར་བུ་གཞན་ལ་ཤོར་དུས།། སྙིང་རླུང་སྟོད་ལ་འཚངས་སོང་”ཟེར་བའི་འགྱོད་ཚིག་ཅིག་ལ་གཟས་པ་ཡིན་ནོ།
མིག་གསུམ་པ་ལགས། ཤེས་ཡོན་ལྡན་པའི་དགེ་རྒན་ཁོང་འདས་གྲོངས་ཕྱིན་འདུག་པར་ཁྱེད་རང་དང་ལྷན་དུ་གདུང་སེམས་དང་མྱ་ངན་ཞུ། ང་ཚོར་འདི་འདྲའི་དགེ་རྒན་ཉུང་། ཉུང་ངུ་དེ་ཡང་འདི་ལྟར་བཞུད་སོང་བ་ཡིན་ན། ཕངས་པོ་ཞེ་དྲག་རེད།
མིག་གསུམ་པ་ལགས། དགེ་རྒན་འདིའི་ལོ་རྒྱུས་མདོར་ཙམ་ཞིག་འདིར་བཀོད་རོགས་གནང་ཞུ་ཡ་ཡིན།
དེ་མིན་རྡ་སར་ནོར་གླིང་དུ་ཡོད་པའི་སྐུ་ཞབས་ལྷ་ལུང་རྒྱལ་ལ་ནོར་ཉེན་འདུག
སུ་ཞིག་རྒན་ལྷ་ལུང་བ་རེད།་ནོར་གླིང་གི་རྒན་ལྷོ་སྐྱབས་རེད་པས། ཕྲན་ལ་དེའི་གནས་ཚུལ་ཁ་གསལ་བཤད་པའི་སྨོན་ལམ་ཡོད། ཐུགས་རྗེ་ཆེ།
སྙིང་ནས་བརྩེ་བའི་དྲ་གྲོགས་དཀོན་མཆོག་ཆོས་འཕེལ་དང་ཁྱུང་དཀར། རིག་པའི་བུ་བཅས་ཀྱིས་བསམ་ཚུལ་སྤེལ་བར་ཐུགས་རྗེ་ཆེ་ཞུ། ཁྱེད་རྣམ་པས་གོ་འཛོལ་ཅུང་ཟད་ཐེབས་པའི་སྣང་ཚུལ་ཞིག་བྱུང་སོང་། བདག་གི་རྩོམ་ཡིག་འདིའི་ནང་དུ་དགེ་རྒན་དམ་པ་ལྷ་ལུང་གི་བཀའ་དྲིན་གླེང་བའི་གཏམ་ཞིག་ལས་འཇིག་རྟེན་དང་ཁ་གྱེས་ཚུལ་གང་ཡང་བྲིས་མེད། ང་རང་དགེ་རྒན་དམ་པ་དང་ཁ་བྲལ་ནས་ཐག་རིང་ཞིག་ལ་ཕྱིན་ཏེ་ཟླ་ངོ་ཁ་ཤས་འགོར་སོང་། དེའི་ཕྱིར། སྔོན་ཆད་ཀྱི་དགེ་རྒན་དང་མཉམ་འགྲོགས་མཉམ་འདུག་གི་ལོ་ཟླ་དེ་ཕྱིར་དྲན་བྱེད་འོས་པ་དང་། འདས་ཟིན་པའི་ལོ་ཟླ་དེ་དག་གི་ནང་དུ་དགེ་རྒན་གྱི་བཀའ་དྲིན་མ་ཤེས་པའི་སྐྱོ་སྣང་དང་ཡང་ན་བདག་གིས་དགེ་རྒན་དྲན་པའི་དྲན་ཤིང་ཞིག་གི་ཕྱིར་དུ་འདི་ལྟར་ཐལ་སོང་། འདི་ནི་གསལ་འདེབས་དང་གོ་ཤེས་སུ་འགྱུར་བའི་རེ་བ་ཡོད།
རྩོམ་ཡིག་གི་ནང་ན་གྲོངས་སོང་བའི་ཚུལ་འདྲ་ཞིག་བྲིས་ཡོད་པ་དེས་གོ་བརྡ་ཡང་དེ་འདྲ་ཞིག་སྤྲད་སོང་། མཆན་ཡིག་གི་ནང་ན་གྲོངས་མེད་ཚུལ་ཞིག་བྲིས་འདུག་པ་དེས་གྲོངས་མེད་པའི་གོ་བརྡ་ཞིག་སྤྲད་སོང་། དགེ་རྒན་དྲན་པའི་མཚོ་མོ་བརྒལ་དྲགས་པའི་དབང་གིས་ཐལ་བ་ཡིན་ས་རེད། གསོན་པ་འདྲ་ཞིག་བྲིས་ནས་གྲོངས་པའི་སེམས་ཚོར་འདྲ་ཞིག་བྲིས་འདུག དཔེ་ཡག་པོ་རེད།་
དྲ་གྲོགས་བཟང་པོ་དཀོན་མཆོག་ཆོས་འཕེལ་ལགས། སྐུ་ཉིད་ཀྱིས་བདག་གི་རྩོམ་ཡིག་བཀླགས་པར་མ་ཟད། ཞབས་མཆན་ཞིག་ཀྱང་བཀོད་འདུག་པས་བཀའ་དྲིན་ཡང་ཡང་ཞུ། ཡང་གཅིག་བརྗོད་ན། བདག་གི་རྩོམ་ཡིག་འདི་བཀླགས་པས་ཁྱོད་ལ་གོ་བརྡ་ལོག་པར་ཞིག་སྤྲད་འདུག ཕལ་ཆེར་”དམ་པ”ཞེས་པའི་ཐ་སྙད་འདི་ལས་འཕྲོས་ཏེ་གོ་བརྡ་ལོག་པར་སོང་བའི་རྣམ་རྟོག་ཅིག་ཤར་སོང་། དེ་ཡང་གོ་དོན་གྱི་ཆ་ནས་གཉིས་སུ་གོ་ཆོག་སྟེ། མཆོག་ཏུ་གྱུར་བའམ་ཡང་དག་པ། ཡང་ན་གྲོངས་པའི་ཞེ་ཚིག་ཏུ་གོ་རུང་མོད། བདག་གིས་དང་པོའི་དབང་དུ་བཏང་ཏེ་གུས་བཀུར་རམ་ཆེ་བསྟོད་དུ་བྲིས་པ་ཡིན་ནོ། གང་ལྟར། སེམས་དང་སེམས་པའི་བར་ནས་རེ་སྐུལ་ཞུས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། རྗེས་མར་ཡང་མུ་མཐུད་དུ་ཕེབས་ཤོག་ཨ
ཁོང་གྲོངས་མེད་ན་ད་སེམས་བདེ་སོང་། གསལ་བཤད་གནང་ཐུགས་རྗེ་ཆེ།
རིག་པའི་བུ་ལགས། ཁྱོད་ནི་དོན་དམ་པའི་མིང་དོན་མཚུངས་པའི་རིག་པ་ཅན་ཞིག་རེད་ཀོ གསལ་འདེབས་ཐེངས་གཅིག་གི་གོ་རྟོགས་རྙེད་འདུག ད་ནི་ཁྱོད་སེམས་དང་ངའི་སེམས་གཉིས་ཀ་བདེ་སོང་ན། དྲ་ཐོག་གི་སེམས་ཁྲལ་དེ་མེད་པར་གྱུར་སོང་བ་རེད། མུ་མཐུད་དུ་ཕེབས་པར་དགའ་བསུ་ཞུ།