ཐེངས་བདུན་པའི་འབྲེལ་མོལ་དེར་སྔོན་དང་མི་འདྲ་བའི་གནས་ཚུལ་ཁ་ཤས་འདུག་པས་འདི་དག་ཞིབ་འཇུག་གི་ཆེད་ངེད་ནས་ཟུར་སྟོན་བྱས་ཡོད་པས་ཚང་མས་འདིར་དབྱེ་ཞིབ་གནང་རོགས།
༡༽སྐད་སྒྱུར་མི་འདྲ་བ། སྔོན་དང་མི་འདྲ་བར་ད་རེས་སྐད་སྒྱུར་གསར་པ་ཞིག་བསྐོ་བཞག་བྱས་འདུག སྐད་སྒྱུར་དེ་པེ་ཅིང་བོད་ཀྱི་ཞིབ་འཇུག་ལྟེ་གནས་ཀྱི་ཆོས་ལུགས་དང་ལོ་རྒྱུས་སྡེ་ཚན་གྱི་དབུ་འཛིན་དགྲ་འདུལ་ལགས་རེད། དེ་སྔོན་སྲིད་ཐར་རང་ནས་སྐད་སྒྱུར་བྱེད་ཀྱི་ཡོད་ཚོད། ད་རེས་སྲིད་ཐར་གྲོས་མོལ་བྱེད་མཁན་ངོ་མའི་ཁོངས་ལ་ཞུགས་པའི་རྣམ་པ་འདུག དགྲ་འདུལ་ལགས་ནི་དེ་སྔོན་བོད་ལྗོངས་སློབ་ཆེན་ནས་ཐོན་རྗེས་ཀྲུང་དབྱངས་མི་རིགས་སློབ་ཆེན་ལ་ཞུགས་མྱོང་ཡོད། ཁོང་གིས་ད་བར་ཆོས་ལུགས་དང་ལོ་རྒྱུས་ཐད་ཞིབ་འཇུག་གི་རྩོམ་མང་པོ་སྤེལ་འདུག ཁོང་མི་བཟང་པོ་ཞིག་དང་དྲང་པོ་ཞིག་ཡིན་པ་མི་འགའ་ཤས་ཀྱིས་བཤད་མྱོང་།
༢༽ ཐུག་འཕྲད་བྱེད་མཁན་མི་འདྲ་བ། སྔོན་དང་མི་འདྲ་བ་གཞན་གཅིག་ནི་ད་རེས་འཐབ་ཕྱོགས་གཅིག་འགྱུར་པུའུ་ཡི་གཙོ་འཛིན་ཏུའུ་ཆི་ལིང་གིས་སྐུ་ཚབ་དང་ཐུག་འཕྲད་བྱས་འདུག དེ་སྔོན་ཏུའུ་ཡི་འོག་ལ་ལས་ཀ་བྱེད་མཁན་ཀྲུའུ་ཝུན་ཆོན་ཟེར་བ་དེ་མ་གཏོགས་དེ་ལས་མཐོ་བའི་མགོ་པས་སྐུ་ཚབ་མཉམ་དུ་བགྲོ་གླེང་བྱེད་ཀྱི་མེད་ཚོད།
༣༽ ལྟ་སྐོར་གྱི་ཡུལ་མི་འདྲ་བ། ད་དུང་ད་རེས་སྐུ་ཚབ་རྣམས་ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཟེར་བའི་ལས་ཁུངས་དེར་ཁྲིད་ནས་བོད་པའི་ལས་བྱེད་པ་རེ་ཟུང་དང་ཐུག་འཕྲད་བྱེད་དུ་བཅུག་འདུག ལྷག་པ་ཕུན་ཚོགས་ནི་ལས་ཁུངས་དེའི་མགོ་པ་ཡིན་པ་དང་ཁོང་བོད་ཀྱི་རིག་གནས་དང་ཆབ་སྲིད་གཉིས་ཀའི་ཐད་ལ་ཤེས་རྒྱ་ཆེན་པོ་དང་འཇོན་པོ་ཞིག་ཡིན། ཁོང་ནས་སྐུ་ཚབ་དང་ཐུག་འཕྲད་བྱས་ནས་བོད་ཀྱི་ལོ་རྒྱུས་སོགས་དང་གྲོ་གླེང་བྱས་ཡོད་ཚོད།
༤༽ བོད་མིའི་སྐུ་ཚབ་ངོས་ནས་ཀྱང་ད་རེས་མི་གསར་པ་ཞིག་བསྣན་འདུག ཁོང་ནི་འཇིགས་མེད་པ་སངས་ལགས་ཡིན་པ་དང་། ཁོང་བོད་གཞུང་གིས་བཙུགས་པའི་བོད་རྒྱ་འབྲེལ་མོལ་ཚོགས་ཆུང་གི་དྲུང་ཆེ་རེད། ཁོང་གི་ལས་འགན་གཙོ་བོ་དེ་ཟིན་བྲིས་རྒྱག་རྒྱུ་དེ་ཡིན་ཚོད།
དོན་ཚན་ ༢།༣།༤ རྣམས་ལ་དོ་སྣང་བྱུང་། དང་པོ་དེའི་སྐོར་མ་ཤེས། འདི་ཚོ་འགྱུར་བ་ཞིག་རེད། རེ་བ་ཞིག་ཡིན་མིན་མི་ཤེས། རྒྱ་གུང་ཁྲན་ཚང་སྲིད་བྱུས་ནག་པོ་ཡོད་རེད་ད།
ཐུག་འཕྲད་གང་དུ་གནང་བའི་ས་ཆ་དེ་ཚོ་ཁོ་ཚོས་བསམ་བློ་མང་པོ་བཏང་ནས་གཏན་ཁེལ་རེད་བསམས། དེ་ལ་གནད་འགག་ཅིག་ཡོད་རེད་སྙམ། ཐེངས་དང་པོར་བོད་ཀྱི་ས་ཆ་ཁ་ཤས་སུ་ལྟ་སྐོར་བྱེད་བཅུག་པ་དེ་ངས་ཡག་པོར་མཐོང་སོང་། དེས་ས་གནས་བོད་ཀྱི་འགོ་ཁྲིད་དང་མང་ཚོགས་ནང་ཐད་ཀར་ཤུགས་རྐྱེན་ཐེབས་ཐུབ་རྒྱུ་རེད། དེའི་རྗེས་མ་དེ་ཡིན་ནམ། ཕྱིའི་རྒྱལ་ཁབ་ཅིག་ལ་ཁ་བསྒྱུར་སོང་། ཐོག་མར་ངས་དེ་རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ཀྱི་ཤུགས་རྐྱེན་བོད་ནང་ཐད་ཀར་ཐེབས་པ་ལས་གཡོལ་ཐབས་བྱས་པ་ཞིག་ཏུ་མཐོང་། ཡིན་ན་ཡང་། བཅར་འདྲི་ཞིག་ནང་སྲིད་དོན་ཉམས་ཞིབ་པ་མཁས་པ་ཞིག་ནས། ཕྱིའི་རྒྱལ་ཁབ་ཅིག་ཏུ་འཚོགས་པ་དེར་གནད་འགག་ཆེན་པོ་ཡོད་པའི་རྒྱུ་མཚན་དཔེ་མཚོན་དང་བཅས་འགྲེལ་བརྗོད་བྱས་པ་དང་དེ་བཟང་རྟགས་ཀྱི་འགྱུར་བ་ཡིན་པ་ལྟ་བུ་ཞིག་ཤོད་ཀྱི་འདུག་པས་དེ་ལ་དོ་སྣང་ཆེན་པོ་བྱུང་། དེའི་རྗེས་མ་དེ་ཡང་སྐྱར་རྒྱ་ནག་ཏུ་ཁ་བསྒྱུར་པ་རེད། གང་ལྟར་རྗེས་མ་དེ་ཚོ་བོད་ནང་རྩ་ནས་བཏང་མེད་པ་རེད། ད་གང་ཤེས། གནམ་རྒན་མ་གཅིག་པོས་མ་གཏོགས་སུས་ཤེས། རྒྱ་ནག་གི་ཁ་རུ་ངོ་མདོག་དེ་ཚོ་དཔྱད་མི་ཞོག་པ་ཞིག་རེད།
ད་མོ་རེ་བརྒྱབ། ལྷ་རེ་ཕབ་དེ་འདྲ་བྱས་ན་ཅང་ཤེས་རྒྱུ་འདྲ་ཨེ་ཡོད་ན། ངས་བལྟས་ན་ང་ཚོའི་བསང་མཆོད་ཀྱིས་འདང་གི་ཡོད་པ་མ་རེད་བསམས། གཟུགས་མེད་ཀྱི་ལྷ་བསྐུལ་ནས་གཟུགས་ཅན་གྱི་མིར་འགྱུར་བ་ཞིག་གཏོང་མ་ཐུབ་ན་ང་ཚོའི་མི་རྣམས་ཀྱིས་ཅང་ཡོང་ས་མ་རེད། འཛམ་བུ་གླིང་གི་ལྷ་མང་ཆེ་བ་བོད་ནང་ན་ཡོད་པས་ལྷ་འབོད་ཀླུ་འབོད་བྱེད་རྒྱུ་དེ་རེ་བ་ཆེ་ཤོས་ཡིན་པ་འདྲ། ཁྱོས་ལྟོས་ར། ལྷ། ཀླུ། གཉན། བཙན། མ་མོ། འདྲེ། གདོན། རྒྱལ་པོ། འགོང་པོ། ད་དུང་རླུང་ལྷ། མེ་ལྷ། ཆུ་ལྷ། གཞི་བདག་སོགས། འདི་ཚོས་དགོས་དུས་ཕན་མ་ཐོགས་ན་སྦྱིན་སྲེགས་ཆེན་པོ་ཅིག་བླུགས་ནས་ཚང་མ་བསྲེག་བཞག་ན་ཆི་མོ་རེད།