༼བོད་ཀྱི་དུས་བབ་དྲ་ངོས་ནས་འདྲེན་བཀོད་ཞུས༽
ཁམས་དཀར་མཛེས་དགོན་གྱི་གྲྭ་ཟླ་བ་ཚེ་རིང་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་རྗེས། དགེ་འདུན་པ་དང་མི་མང་ཚོས་སྨན་ཁང་དུ་ཁྲིད་དེ་སྨན་བཅོས་ཕྲན་བུ་བྱས་ནས་ཕྱིར་དགོན་ནང་དུ་ཕེབས་ཡོད་འདུག
དེ་རིང་ངྷ་ས་ཏྲེ་ཧོར་སྐྱིད་སྡུག་ཚོགས་པ་ནས་ཚེས་ ༢༥ ཉིན་རང་ལུས་མེར་བསྲེགས་གཏོང་མཁན་ཁམས་དཀར་མཛེས་དགོན་གྱི་དགེ་འདུན་པ་ཟླ་བ་ཚེ་རིང་ལགས་ཀྱི་གནས་ཚུལ་ཞིག་བཀྲམས་པའི་ནང་། དཀར་མཛེས་དགོན་པའི་འདབས་སུ་ཆགས་པའི་དཀར་མཛེས་རྫོང་། ཁྲིན་པེ་ཤང་ཡུལ་པ་རུ་ཁག་གཉིས་པ་ནས་ཡིན་པའི་ཕ་ཚེ་འདས་བདེ་ལེགས་དང་། མ་སྒྲོན་མཚོ་གཉིས་ཀྱི་བུ་དཀར་མཛེས་དགོན་པའི་གྲྭ་ཟླ་བ་ཚེ་རིང་ལགས་ཀྱིས། ཟླ་འདིའི་ཚེས་ ༢༥ ཉིན་གྱི་སྔ་དྲོ་བོད་ནང་གི་ཚུ་ཚོད་ ༩།༣༠ སྟེང་། དཀར་མཛེས་དགོན་པའི་སྐུ་ལྔའི་དུས་གཏོར་གྱི་གཏོར་རྒྱག་སྐབས་དང་བསྟུན་རང་ལུས་མེར་བསྲེགས་བཏང་སྟེ། ༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཅེས་སྐད་འབོད་གནང་ཡོད་འདུག
ཁམས་དཀར་མཛེས་དགོན་པའི་ནང་བོད་ཟླ་ ༨ ཚེས་ ༢༨ དང་ ༢༩ ཉིན་གཉིས་རིང་རྒྱལ་ཆེན་སྐུ་ལྔའི་དུས་གཏོར་ཚོགས་སྲོལ་ཡོད་པ་བཞིན། ད་ལོར་འཚོགས་སྐབས་ཀྱང་བོད་ཚེས་ ༢༩ ཉིན་འཆམ་རའི་ནང་གཟིགས་མོ་བ་ཕོན་ཆེན་འདུ་འཛོམས་བྱུང་ཡོད་པ་དང་། སྐབས་དེར་གྲྭ་མང་གིས་བསང་གསོལ་བྱེད་བཞིན་ཡོད་པའི་སྐབས། གྲྭ་ཟླ་བ་ཚེ་རིང་ལགས་ཀྱིས་ཀྱང་། ཐོག་མར་དཀར་མཛེས་དགོན་གྱི་ཤར་ཕྱོགས་སུ་ཡོད་པའི་བསང་གཏོང་སར་བསང་གསོལ་བཏང་ཤིང་། དེ་ནས་ཁོང་གི་ལུས་ལ་མེ་སྦར་ཏེ་༧རྒྱལ་བ་རིན་པ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཅེས་སྐད་འབོད་བྱས་ཡོད་ལ། མཚམས་དེར་མི་མང་གིས་མཐོང་སྟེ་སྐད་ཅོར་འདྲ་མིན་བརྒྱབ་པར་བརྟེན། ཁོང་གིས་སྐད་འབོད་ཐེངས་མང་བརྒྱབ་ཀྱང་འབོད་ཚིག་གི་ནང་དོན་གསལ་བོ་ཐོས་མི་འདུག
ས་གནས་དེར་རྒྱ་གར་དུ་ཕེབས་མྱོང་མཁན་ཞིག་གིས་ཁོང་གི་སྐད་འབོད་ཀྱི་ནང་དོན་ཐད་ལ། “ སྐད་རྒྱག་སྟངས་དེ་རྒྱ་གར་གནས་སྡོད་བོད་མི་ཚོས་སྐད་འབོད་བྱེད་སྟངས་དང་གཅིག་པ་རེད་ ” ཅེས་བརྗོད་སོང་། དེར་འཛོམས་པའི་དགེ་འདུན་པ་དང་མི་སྐྱ་ཚང་མས་མཉམ་རུབ་ཀྱིས་སྐད་འབོད་བྱེད་བཞིན་མེ་གསོད་ཐུབ་ཙམ་བྱུང་རྗེས། དེར་ཡོད་གྲྭ་མང་དང་མི་མང་ཚོས་རླངས་འཁོར་ནང་བཞག་སྟེ་དཀར་མཛེས་རྫོང་མི་མང་སྨན་ཁང་དུ་ཁྲིད་དེ། ཆུ་ཚོད་ ༢ རིང་བཞག་ཡོད་འདུག་ལ། སྐབས་དེར་ཁོང་གིས་ “ ངས་ལུས་ལ་མེ་སྦར་བ་འདི་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ཡིན། ང་ལ་སྨན་སྤྲད་པ་དང་ཁབ་བརྒྱབ་པ་སོགས་བྱ་མི་དགོས ” ཞེས་ལབ་ཡོད་འདུག
སྨན་ཁང་དུ་བསྡད་པའི་རིང་ཉེན་རྟོག་པ་དང་དམག་མིས་མཐའ་བསྐོར་ཏེ་ནང་མི་སྤུན་མཆེད་ལ་ཐུག་འཕྲད་བྱེད་བཅུག་མེད་པ་དང་། སྨན་ཁང་དུ་ཉེན་རྟོག་པས་མེར་བསྲེགས་པའི་ཟླ་བ་ཚེ་རིང་ལགས་ཀྱིས་ལུས་པོར་དཔར་བརྒྱབ་ཡོད་འདུག ཉེན་རྟོག་པ་ཚོས་ཟླ་བ་ཚེ་རིང་རྒྱ་ནག་ཏུ་སྨན་བཅོས་ལ་འཁྲིད་རྒྱུ་ཡིན་ཚུལ་བཤད་ཡོད་ཀྱང་། དགེ་འདུན་པ་དང་མི་མང་ཚོས་དཀར་མཛེས་དགོན་དུ་གདན་འདྲེན་ཞུ་ཐབས་ལ་འབད་བརྩོན་ཤུགས་ཆེན་བྱས་ཏེ། ཉེན་རྟོག་པ་དང་དམག་མིས་མི་མང་བར་འཁྲུག་འཛིང་ཡོང་བར་དོགས་ཏེ། མཐར་ཟླ་བ་ཚེ་རིང་ལགས་དཀར་མཛེས་དགོན་པ་རང་གདན་ཞུ་བྱེད་དུ་བཅུག་འདུག
དེ་ལྟར་བྱེད་དགོས་དོན་རྒྱ་ནག་ཉེན་རྟོག་པས་ཁོང་འཛིན་བཟུང་གིས་ཉེས་རྡུང་ཚོད་མེད་གཏོང་སྲིད་པར་བརྟེན། རྒྱ་ནག་གཞུང་གི་ལྟ་རྟོག་འོག་འཇོག་བློས་མ་བཟོད་པར་དཀར་མཛེས་དགོན་དུ་གདན་ཞུ་ཞུས་པ་ཞིག་ཡིན་འདུག ཟླ་བ་ཚེ་རིང་ལགས་ཀྱི་ནང་མིས་ཁོང་ཁྱིམ་དུ་གདན་ཞུ་དགོས་པའི་རེ་བ་ཞུས་ཀྱང་། དགེ་འདུན་པ་དང་མི་མང་ཚོས་དགོན་རང་ནང་དུ་གདན་འདྲེན་ཞུས་ཏེ་དགོང་མོའི་ཆུ་ཚོད་ ༨།༣༠ ཙམ་ནས་གསོལ་འདེབས་སྨོན་ལམ་ཚོགས་ཡོད་འདུག ད་ཆར་གྲྭ་ཟླ་བ་ཚེ་རིང་ལགས་ཀྱི་སྐུ་གཟུགས་གནས་སྟངས་སྐོར་ཞིབ་ཕྲ་ཤེས་ཀྱི་མེད་ཀྱང་། ཁོང་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་མི་འདུག
གསར་འགོད་པ། དཔལ་ལྡན།
མྱ་ངན་གྱི་སེམས་པ་དུད་ནས་སངས་ཉིད་གདུང་སེམས་མཉམ་སྐྱེད་ལས་འགུལ་དུ་ཞུགས་ངེས། ནོར་བུ་གླིང་ག་རུ།
དཔའ་རྒོད་ལགས་ཁྱེད་ཀྱི་སྐུ་ལུས་མེ་ལ་སྒྲོན་ནས་མི་རིགས་ཀྱི་བདེན་དོན་གླེང་བ་འདི་ནི་ང་ཚོ་རང་དབང་ལུང་པ་ན་ཡོད་པའི་བོད་མི་ཚོས་གདུང་སེམས་མཉམ་སྐྱེད་དང་མྱ་ངན་གྱི་གུས་འདུད་ཞུ་བཞིན་ཡོད། ཁྱེད་ཀྱིས་མེ་སྟག་གི་འོད་རླབས་ཁྲོད་ན་མི་རིགས་ཤིག་གི་བདེན་སྡུག་གླེང་བཞིན་འདུག་འདི་ནི་མིག་ཆུའི་སྐུར་མ་ཞིག་ཡིན།
དབྱར་དགུན་སྟོན་དཔྱིད་བཞི་ཡི། །
ཆོལ་གསུམ་བོད་རིགས་ཡོངས་རྫོགས། །
གཞིས་བྱེས་གཉིས་ཀྱི་བོད་མིས། །
ཆིག་སྒྲིལ་གཅིག་ཏུ་དྲིལ་དགོས། །
ཕྱི་ཟླ་༡༠་ཚེས་༢༧
དེ་རིང་དགོང་མོར་ནོར་གླིང་ནས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་བར་དུ་བོད་མི་༡༥༠༠ལྷག་གིས་བོད་ནང་གི་ལས་འགུལ་བ་ཚོར་གདུང་སེམས་མཉམ་སྐྱེད་མར་མེ་ཁྲོམ་སྐོར་གོམ་བགྲོད་ཞིག་གནང་ཡོད། མཉམ་ཞུགས་པ་བོད་ཆོལ་ཁ་གསུམ་གྱིས་སྤྱི་འཐུས་རེ་དང་རྒྱུད་སྟོད་གྲྭ་ཚང་་ནོར་གླིང་མི་མང་སྒྲོལ་མ་གླིང་ཤེས་རབ་དགའ་ཚལ་སློབ་གླིང་འཆི་མེད་དགའ་ཚལ་གླིང་ས་གནས་གཞོན་ནུའི་ཚོགས་གཙོ་བུ་མེད་ཚོགས་པའི་ཚོགས་གཙོ་བཅས་ཡིན།
བདེན་པ་གཉིས་རྒྱལ་འགྱུར་ཅིག
དཔའ་བོ་རྣམས་ཀྱི་བསམ་དོན་རྣམས་ལ་ལག་ལེན་དུ་འཁྱོལ་བ་ཞིག་ཡོད་པ་མཁྱེན།