བྷི་བྷི་སི་སོགས་གསར་ལམ་དག་ན་གནས་ཚུལ་ཐོན་པ་ལྟར་ན། བོད་མི་གཉིས་ལ་སྲོག་ཁྲིམས་བཅད་འདུག་ཟེར། དེ་ནི་སྔ་ལོའི་གྱེན་ལངས་སྐབས་ཀྱི་གནས་ཚུལ་ལ་བརྟེན་ནས་ཡིན་ལུགས་དང་། དེ་བཞིན་བོད་མི་གཞན་གཉིས་ལ་ཡང་སྲོག་ཁྲིམས་བཅད་མོད་དེ་གཉིས་ཚེ་བཙོན་གྱི་ངོ་བོར་བསྒྱུར་རྒྱུ་དང་། བོད་མི་གཞན་ཞིག་ལ་ཡང་ཚེ་བཙོན་གྱི་ཁྲིམས་ཐག་བཅད་འདུག་ཟེར། ཁྲིམས་བཅད་འདི་དག་ནི་ལྷ་ས་འབྲིང་རིམ་མི་མང་གི་ཁྲིམས་ཁང་ནས་བཅད་པ་རེད་ཟེར།
ཨ་ཨ། གནས་ཚུལ་འདི་ཨེ་ཤེ་ཡ་རང་དབང་རླྭང་འཕྲིན་ཁང་ནས་ཀྱང་མཐོང་སོང་། ད་ཅི་བྱེད་དགོས་པ་རེད། ངེས་པར་དུ་ངོ་རྒོལ་དང་ཁྲིམས་རྩོད་བྱེད་དགོས་ཤིང་ཁྲིམས་ལུགས་ལ་མཁས་པ་ཚོས་འབད་རན་རེད། ད་ཅི་བྱས་ན་དགའ་ས་རེད། ང་ཧ་ལས་ཤིང་ཧོན་འཐོར་སོང་། བོད་པ་ཚོ་རིག་པ་སྒྲིམས། ཨ་ཨ་ཨ་་་་་་་་
༄༅། རྒྱ་ཁ་ཤས་ཤིག་ཤི་སོང་ཟེར་ནས་སྲོག་ལན་དུ་ཉེས་འཛུགས་བྱས་ཏེ་སྲོག་ལན་དུ་བོ་ད་མི་ན་གཞོན་གང་བྱུང་དམར་གསོད་གཏོང་གི་ཡོད་ན། ང་ཚོ་ཆོལ་གསུམ་བོད་མི་ཉིས་རྒྱ་ལྷག་སྔལོའི་ཞི་རྒོལ་ཁྲོད་རྒྱ་དམག་གིས་རང་སར་མེ་མདའ་བརྒྱབ་སྟེ་དམར་གསོད་བཏང་བ་དང༌། ནད་གཅོང་བཟོས་ཏེ་ཤི་དགོས་བྱུང་བ་དེ་དག་གི་ཚབ་ཏུ་སུ་ཞིག་གསོད་དགོས་སམ། ང་ཚོ་བོད་མི་ཚོར་སུ་ཞིག་གིས་ཁྲིམས་ཀྱི་ཐོག་ནས་སྲུང་སྐྱོབ་ཐོབ་ཀྱི་རེད་དམ། བོད་མི་ཚོ་མི་རེ་ངོ་རེས་བསམ་ཤེས་བྱས་ཏེ་བློ་རྩ་བསྒྲིམས།
རྒྱ་ནག་གཞུང་འབྲེལ་གསར་འགྱུར་ནས་དེ་ཚོའི་ཐོག་གནས་ཚུལ་ཁག་སྤེལ་བཞིན་འདུག སྲོག་ཐོག་གི་ཉེས་འཛུགས་ཕོག་པའི་བོད་མི་དཔའ་བོ་དེ་དག་ནི་ལྷ་ས་གྲོང་ཁྱེར་ཁོངས་སྟག་རྩེ་རྫོང་ནས་ཡིན་པའི་ལོ་ཡག་དང༌། རྐང་བཙུགས། ཟླ་བ་བཟང་པོ། དེ་མིན་ལྷ་ས་གྲོང་ཁྱེར་ནང་ངོ་རྒོལ་ཁྲོད་འཇུ་བཟུང་བྱས་པའི་བློ་བཟང་རྒྱལ་མཚན་དང༌། བསྟན་འཛིན་ཕུན་ཚོགས་བཅས་མི་སྣ་ལྔ་རེད།
ལོ་ཡག་དང༌། བློ་བཟང་རྒྱལ་མཚན་སྲོག་ཐོག་གཏོང་རྒྱུ་ཟེར་བ་དང༌། བསྟན་འཛིན་ཕུན་ཚོགས་དང་རྐང་བཙུགས་ལོ་གཉིས་རྗེས་སྲོག་ཐོག་གཏོང་རྒྱུ་ཟེར་བ། ཟླ་བ་བཟང་པོ་ཚེ་གང་བཙོན་བཅུག་བྱ་རྒྱུ་བཅས་ཞིབ་ཕྲ་དེ་འདྲ་རེད།
དེ་ནི་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁྲིམས་གཅོད་བྱས་པའི་ཁུལ་རེད།
སྟག་རྩེ་རྫོང་ཁོངས་ཀྱི་བོད་མི་དཔའ་བོ་ན་གཞོན་གསུམ་ནི་ ༢༠༠༨ ཟླ་ ༣ ཚེས་ ༡༤།༡༥ སོ་སོར་སྟག་རྩེ་རྫོང་ཁོངས་སུ་ངོ་རྒོལ་ཤུགས་ཆེ་བྱུང་སྐབས་འཛིན་བཟུང་བྱས་ཡོད་པ་དང༌། གཞན་གཉིས་པོ་ལྷ་སར་ཟླ་ ༣ ཚེས་ ༡༤ ངོ་རྒོལ་ནང་ཞུགས་རྗེས་འཛིན་བཟུང་བྱས་པ་རེད།
ཡ་ང་སྙིང་རྗེ་བྲལ་བའི་རྒྱ་དམར་དེ་ཚོས་ར་བསད་ན་ལུག་དར་བའི་ཟེར་བའི་དཔེ་ལྟར། ཁག་ཅིག་ལ་རྡུང་རྡེག་བཏང་སྟེ་ཁག་ཅིག་དཔའ་ཞུམ་ཐབས་བྱ་གི་ཡོད། དེ་ནི་རྨི་ལམ་རེད།
སྔ་ལོའི་དོན་རྐྱེན་བྱུང་མ་ཐག་ཀྲང་ཆི་ལི་ཁོས་ཁྱུ་གཅིག་གསོད་རྒྱུ་ཡོད་ཅེས་ནང་ཁུལ་གཏམ་བཤད་བྱས་པ་དེས་ད་ཆ་དོན་ཐོག་ཏུ་བསྐྱལ་གྱི་འདུག གཅིག་བྱས་ན་མ་གཏོགས་ཡོང་ས་མ་རེད་དཱ།
ཨ་རོགས། དྲ་དཔོན་དམེ་རབ་ལགས། ངས་ཁྱེད་ལ་རྩོམ་ཡིག་ཅིག་བསྐུར་ཡོད། ཡིག་ལན་ཙམ་ཡང་མེད་པ་ཅི་ཡིན་ནམ།
ནོར་བཅོས དྲ་དཔོན་དགེ་རབ་ལགས།
ཨོ་མ་ཎི་པད་མེ་ཧུམ། དཀོན་མཆོག་གིས་མཁྱེན། སྤྱི་པའི་དོན་ལ་སྒེར་གྱི་སྲོག་བློས་གཏོང་མཁན་གྱི་བོད་མི་དྲིན་ཆེན་དེ་ཚོའི་བསམ་དོན་ལྷུན་གྱིས་གྲུབ་པར་ཤོག
ཁྱེད་རྣམ་ཁ་བྲོ། བཀའ་འདྲིན་ཆེ། རྟག་ཏུ་ཡིད་ལ་བཟུང་ནས་མ་ནི་འདོན། དགེ་བ་ཁྱེད་ཚོའི་རྗེས་ལ་བྔོ་བར་བྱེད།
“བསྟན་དང་བསྟན་འཛིན་ཆབ་སྲིད་རང་རིགས་སླད། །
གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །
དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས། །
གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད། །”
རང་གི་ཕྱིར་མིན་ནང་མིའི་ཆེད་དུ་མིན། །
རྒྱུ་ནོར་ཆེད་མིན་སྙན་གྲགས་ཕྱིར་མིན་པར། །
ཆོལ་གསུམ་བོད་མིའི་རང་དབང་བསྒྲུབ་པའི་སླད། །
རང་སྲོག་དོར་བའི་དཔའ་བོ་རྗེས་སུ་དྲན། །
“བསྟན་དང་བསྟན་འཛིན་ཆབ་སྲིད་རང་རིགས་སླད། །
གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །
དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས། །
གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད། །”
གཤམ་གསལ་རྣམས་ངས་དུས་བབ་ཀྱི་དྲ་རྒྱའི་ཐོག་སྤེལ་བ་ལས་བཤུས།
ཛ་དྲག་གི་གནས་ཚུལ་འདིར་ང་ཚོས་བསམ་གཞིགས་གཟབ་ནན་གྱིས་ལས་འགུལ་སྤེལ་དགོས།
༡། ད་ཐེངས་ཀྱི་སྲོག་ཁྲིམས་དེ་འཛམ་གླིང་རྒྱལ་ཁབ་ ༢༠ ལྷན་ཚོགས་སྐབས་རྒྱ་ནག་ལ་རྒྱལ་ཁ་གང་ཙམ་ཐོབ་སྟབས། ལྷན་ཚོགས་ཚར་བ་དང་སྲོག་ཁྲིམས་བཅད་པ་དེ་ནི། རྒྱ་ནག་གི་སྤོབས་པ་ཕྱིར་བསྟན་པ་ཞིག་རེད་ལ། འཛམ་གླིང་རྒྱལ་ཁབ་ཁག་ལ་ཤེད་ངོམས་བྱས་པ་ཞིག་ཀྱང་རེད། གལ་སྲིད་སྲོག་ཁྲིམས་འདི་རྒྱལ་ཁབ་ ༢༠ ལྷན་ཚོགས་མ་འཚོགས་གོང་བཅད་ན། གནས་ཚུལ་ཡོངས་སུ་ཐ་དད་ཅིག་ཡོང་གི་རེད།
༢། ད་ཐེངས་སྲོག་ཁྲིམས་བཅད་པའི་ནང་། བོད་མི་གཉིས་ལམ་སེང་སྲོག་ཐོག་གཏོང་རྒྱུ་དང་། དེ་མིན་གཉིས་ལོ་གཉིས་ཀྱི་རྗེས་སྲོག་ཐོག་གཏོང་རྒྱུའི་ཐག་གཅོད་བྱས་འདུག བྱེད་སྟངས་དེ་ནི་འཛམ་གླིང་སྤྱི་དང་བཙན་བྱོལ་བོད་མིར་འཕྲལ་ཕུགས་གཉིས་ཀ་ནས་ཚོད་མགམ་བྱས་པ་ཞིག་རེད་ལ། ད་ལྟ་འདི་གཉིས་གསོད་ཀྱི་ཡིན། ལོ་གཉིས་རྗེས་ད་དུང་ཁ་ལ་མ་ཉན་ན་གཞན་གཉིས་གསོད་ཀྱི་ཡིན་ཟེར་གྱི་ཡོད་པ་རེད།
༣། ལྷག་པར་དུ་གསར་འགྱུར་དྲིལ་བསྒྲགས་བྱེད་སྟངས་ལ་བལྟས་ན། ལྷ་ས་དང་སྟག་རྩེ་རྫོང་གི་ཞི་རྒོལ་གྱི་ངོ་བོར་འགྲེལ་བཤད་ལོག་པ་བརྒྱབ་ཐོག བོད་ནང་གི་བོད་མི་ཚོར་ར་བསད་དེ་ལུག་མདར་འཇུག་གི་ཡོད་པ་རེད།
༤། ཕྱི་ལོ་ ༡༩༨༧ ནས་ད་བར་བོད་ནང་གི་ཞི་རྒོལ་བར་དངོས་སུ་སྲོག་ཁྲིམས་བཅད་པ་དང་ལག་བསྟར་བྱས་པ་ཧ་ལམ་བྱུང་མེད། སྔོན་མ་རྒྱལ་གཅེས་དཔའ་བོ་ཤུགས་ལྡན་ལ་སྲོག་ཁྲིམས་བཅད་ཀྱང་རྗེས་སུ་རྒྱལ་སྤྱིའི་གནོན་ཤུགས་འོག་ཕྱིར་འཐེན་བྱས་པ་རེད། དེར་བརྟེན་ད་ཐེངས་ཀྱི་སྲོག་ཁྲིམས་ནི་བོད་མི་ཚོར་གནད་འགག་ཧ་ཅང་ཆེན་པོ་ཆགས་ཡོད། གལ་ཏེ་ལམ་ལ་སོང་ན། མ་འོངས་པར་རྒྱ་གཞུང་གིས་བོད་མིར་སྲོག་ཁྲིམས་གང་འདོད་ཅི་འདོད་དུ་བཅད་ཆོག་པ་ཆགས་ངེས་རེད།
རྒྱལ་གཅེས་དཔའ་བོ་དཔའ་མོ་དངོས་སུ་བསད་དང་གསོད་བཞིན་པའི་སྐབས་འདིར་༼ད་ག་རེ་བྱེད་དགོས་རེད་༽ཅེས་འུ་ཐུག་སྟེ་བསྡད་ན་འགྲིག་གི་མ་རེད། ང་ཚོས་བྱེད་དགོས་རེད། ག་རེ་བྱེད་དགོས་རེད་ཟེར་ན། སྔར་ལས་ལྷག་པ་ཞིག་བྱེད་དགོས་རེད། ཚགས་པར་འདོན་མཁན་ཚོས་སྔར་ལས་ལེགས་པ་དང་མྱུར་བ་འདོན་དགོས་རེད། རྩོམ་ཡིག་འབྲི་མཁན་ཚོས་སྔར་བས་མང་བ་དང་གཏིང་ཟབ་པ་འབྲི་དགོས་རེད། སློབ་ཕྲུག་ཚོས་སློབ་སྦྱོང་སྔར་བས་ཧུར་བ་བྱེད་དགོས། གཞུང་ཞབས་ཚོས་གཞུང་གི་ལས་ཀ་ད་ལྟ་ལས་ལེགས་པ་བྱེད་དགོས། ལས་འགུལ་སྤེལ་མཁན་ཚོས་ཀྱང་དེ་བཞིན་བྱེད་དགོས།
ལྷག་པར་ཛ་དྲག་དང་གལ་ཆེའི་གནས་ཚུལ་འདི་ལྟ་བུ་ཐོན་སྐབས། ནམ་རྒྱུན་རྙོག་གྲ་ཤ་སྟག་བཤད་སྡོད་མཁན་ཚོས་ཀྱང་རེ་ཞིག་གཞན་ལ་དགག་རྒྱག་དང་རྙོག་གྲ་བཤད་མཚམས་བཞག་སྟེ། དཔའ་བོ་དཔའ་མོ་དེ་ཚོར་གུས་འདུད་དང་མྱ་ངན། རྒྱ་གཞུང་གི་བྱེད་སྟངས་ལ་སྐྱོན་བརྗོད་དང་དགག་རྒྱག་བྱེད་དགོས། དེ་ནི་ཆེ་ནའང་འདྲ། ཆུང་ནའང་འདྲ། རྣམ་འགྱུར་ཞིག་རེད་ལ་སྐུལ་སློང་ཞིག་ཀྱང་རེད།
ངས་འདི་ནས་རྒྱ་ནག་གཞུང་ལ་སྐད་ཆ་ཆེན་པོ་བཤད་འདོད་བྱུང་།
འདི་ལོ་རྒྱ་ནག་གཞུང་གིས་བོད་མི་བཞི་ལ་དྲང་བདེན་མ་ཡིན་པའི་སྲོག་ཁྲིམས་བཅད་པར་བརྟེན་ནས་བོད་མིའི་འཐབ་རྩོད་ཀྱི་ནུས་པ་ཉམས་དམས་སུ་གཏོང་བསམ་པ་དེ་སྒྲུབ་ཐབས་མེད་པ་ཞིག་རེད། དེ་ནི་འདས་པའི་ལོ་རྒྱུས་ཀྱིས་དཔང་རྟགས་བྱེད་ཐུབ་པ་ཞིག་རེད།
ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱས་པ་ནས་བཟུང་བོད་མི་དམར་གསོད་བཏང་བ་དང་། སྡུག་སྦྱོང་བཏང་སྟེ་འདས་པའི་གྲངས་འབོར་དེ་འབུམ་ ༡༢ ལྷག་ཟིན་ཡོད། འོན་ཀྱང་བོད་མི་མང་གི་སེམས་ཤུགས་དམར་གསོད་གཏོང་ཐུབ་མེད།
དམངས་གཙོའི་བཅོས་སྒྱུར་ཟེར་བའི་ལས་འགུལ་དེ་ཕྱི་ལོ་ ༡༩༥༥ ཙམ་ནས་བོད་ཀྱི་མདོ་སྟོད་སྨད་དུ་སྤེལ་ཏེ་བོད་མི་གནད་ཡོད་མང་པོ་དམར་གསོད་དང་འཇུ་བཟུང་བྱས་ཡོད། འོན་ཀྱང་བོད་མིའི་སེམས་ཤུགས་ཉམས་དམས་སུ་གཏོང་ཐུབ་མེད་པར་བོད་ས་ཡོངས་སུ་འཇབ་དམག་ལངས་འགོ་ཚུགས་པ་རེད། མཐའ་མ་ ༡༩༥༩ ལོའི་རང་དབང་སྒེར་ལངས་ཆེན་མོ་བྱུང་བ་རེད།
༡༩༥༩ ལོའི་རང་དབང་སྒེར་ལངས་ལ་དྲག་གནོན་བྱས་ཏེ་བོད་མི་བསད་པའི་ཁྲག་གིས་ལྷ་སའི་ལྷོ་ངོས་ཀྱི་སྐྱིད་ཆུ་དང་བྱང་ངོས་ཀྱི་འདམ་ར་གཉིས་དམར་ལྷོག་ལྷོག་བཟོས་པར་མ་ཟད། ཤི་བོ་མེར་བསྲེགས་བཏང་བའི་དུད་པས་ནམ་མཁའ་ཉིན་ཤས་བསྒྲིབས་ནའང་བོད་མིའི་སྲོག་རྩ་གཅོད་ཐུབ་མེད། དེ་ལས་ལྡོག་སྟེ་བོད་ས་ཡོངས་སུ་ངོ་རྒོལ་གྱི་མེ་ལྕེ་མཆེད་པ་རེད།
ཐ་ན་ཕྱི་ལོ་ ༡༩༦༦ ནས་ ༧༦་ བར་བྱུང་བའི་འབྱོར་མེད་གྲལ་རིམ་གྱི་རིག་གནས་གསར་བརྗེ་ཆེན་པོ་ཟེར་བའི་གདུག་རྩུབ་ཀྱི་ལས་འགུལ་དེའི་སྐབས་ལའང་སྙེ་མོའི་བཙུན་མ་འཕྲིན་ལས་དང་ནག་ཆུའི་ཨ་འབུམ་སོགས་ཀྱིས་སྲོག་དམར་པོ་འབེན་དུ་བཙུགས་ཏེ་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད། ཐ་ན་བཙུན་མ་འཕྲིན་ལས་ཁོང་ཚོ་དམར་གསོད་བཏང་བ་རེད། འོན་ཀྱང་བོད་མི་རིགས་ཀྱི་སེམས་ཤུགས་གསོད་ཐུབ་མེད།
དེ་རྗེས་ལྷ་སའི་སྟག་དྲུག་ཚོགས་པའི་ཚོགས་མི་རྣམས་དམར་གསོད་བཏང་བ་རེད། སྟག་དྲུག་ཚོགས་པའི་ཚོགས་མི་ཚོས་བྲང་ལ་མེ་མདའ་ཕོག་ཀྱང་ཁ་ནས་རང་བཙན་གྱི་སྐད་སྒྲ་མ་ཆད་པར་བསྒྲགས་པ་རེད། སྟག་དྲུག་ཚོགས་པའི་ཚོགས་མི་དམར་གསོད་བཏང་རྗེས་སྟག་དྲུག་ཚོགས་པ་ཟེར་བ་དེ་གོ་རྒྱུ་མེད་པར་གྱུར་ན་ཡང་། བོད་མི་རིགས་ཀྱི་སེམས་ཤུགས་གསོད་ཐུབ་མེད།
ཕྱི་ལོ་ ༡༩༨༧།༨༨།༨༩ གསུམ་གྱི་ཞི་རྒོལ་སྐབས་བོད་མི་གྲངས་མེད་བསད་པ་རེད། ཉེས་རྡུང་དང་མནར་གཅོད་བཏང་བའི་གློག་བརྙན་འཛམ་གླིང་དུ་ཁྱབ་ཡོད། འོན་ཀྱང་བོད་མི་རིགས་ཀྱི་སེམས་ཤུགས་ཀྱི་མེ་ལྕེ་གསོད་ཐུབ་མེད།
སྐབས་དེ་དུས་བོད་ལྗོངས་སློབ་ཆེན་གྱི་བློ་བཟང་བསྟན་འཛིན་དང་ཤུགས་ལྡན་༼མིང་ཏག་ཏག་མི་དྲན་པས་དྲན་མཁན་ཚོས་དག་བཅོས་མཛོད་༽གཉིས་ལ་སྲོག་ཁྲིམས་བཅད་༼རྗེས་སུ་ལག་བསྟར་བྱས་མེད༽ཀྱང་བོད་མིའི་སེམས་ཤུགས་ཉམས་དམས་སུ་གཏོང་ཐུབ་མེད།
དེ་ནས་རྒྱ་གཞུང་གིས་དྲག་གནོན་གྱིས་བོད་མིའི་སེམས་ཤུགས་གསོད་མི་ཐུབ་པ་མཐོང་སྟེ། དཔལ་འབྱོར་དང་འདོད་པའི་བསླུ་བྲིད་ཀྱིས་བོད་མི་རིགས་རྩ་མེད་བཟོ་རྩིས་བྱས་པ་རེད། དེ་ནི་ཕྱི་ལོ ༡༩༩༢ ཙམ་ནས་བཟུང་བའི་སྲིད་བྱུས་རེད། དེའི་སྐབས་སུའང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དང་། ཁོང་གི་ཕྱག་རོགས་ཤིག་ལ་སྲོག་ཁྲིམས་བཅད་པར་མ་ཟད། ཕྱག་རོགས་དེ་དངོས་སུ་དམར་གསོད་བཏང་བ་རེད། འོན་ཀྱང་བོད་མིའི་སེམས་ཤུགས་གསོད་ཐུབ་མེད།
དེ་རྗེས་པོ་ཏ་ལའི་མདུན་གྱི་ཐང་ཆེན་དུ་མཛད་སྒོ་གལ་ཆེན་ཞིག་གི་སྐབས་རྒྱ་ནག་གི་རྒྱལ་དར་མར་ཕབ་སྟེ། བོད་ཀྱི་རྒྱལ་དར་འཛུགས་མཁན་དཔའ་བོ་༼ཁོང་གི་མཚན་ངས་དྲན་སོས་མ་སོང་༽དེར་ཡང་སྲོག་ཁྲིམས་བཅད་པ་རེད། ༼ལག་བསྟར་བྱས་མིན་མི་དྲན།༽ འོན་ཀྱང་བོད་མིའི་སེམས་ཤུགས་ཀྱི་མེ་ལྕེ་གསོད་ཐུབ་མེད།
ཕྱི་ལོ ༢༠༠༨ ལོར་བོད་མིའི་ཞི་རྒོལ་ཆེ་མོ་ལངས་སྐབས། རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་གསར་འགོད་པ་དང་ཡུལ་སྐོར་བ་ཚང་མ་ཕྱིར་འབུད་བྱས་རྗེས་དམར་གསོད་ཆེ་མོ་བརྩམས་པ་རེད། བོད་མི་མང་པོས་རང་གི་སྲོག་ལ་ལྟོས་མེད་ཡིན་པ་མཚོན་ཕྱིར་བྲང་ཁོག་གྲིས་བཤགས་པ་དང་། ཆུ་ལ་མཆོངས་པ་སོགས་བྱས་ཡོད།
གོང་གསལ་གྱི་བྱུང་བ་རགས་རིམ་དེའི་ཐོག་ནས། གོང་གསལ་གྱི་ཁྲག་གི་ལོ་རྒྱུས་དེའི་ཐོག་ནས། ཁྱོད་ཚོས་ང་ཚོར་སྲོག་ཁྲིམས་བཅད་དེ་ང་ཚོ་ཉམས་དམས་སུ་གཏོང་བསམ་པ་དང་། ང་ཚོའི་སེམས་ཤུགས་གཅོག་སྙམ་པ་དེ་ནོར་བ་ཡིན་པ་མཐོང་ཐུབ།
དོན་དངོས་སུ་ཕྱི་ལོ ༡༩༤༩ ནས་ད་བར་ཁྱོད་ཚོས་ང་ཚོ་བསད་མཚམས་བཞག་མ་མྱོང་ལ། ང་ཚོས་རང་གི་ཚེ་སྲོག་དཔང་དུ་བཞག་སྟེ་འཐབ་རྩོད་བྱེད་མཚམས་ཀྱང་འཇོག་མ་མྱོང་། ཕྱིན་ཆད་ཀྱང་འཇོག་མི་སྲིད།
བོད་མི་དེ་དག་དམར་གསོད་བཏང་བར་ང་ཚོར་ཡིད་གདུང་དྲག་པོ་ལོས་ཡོང་། ཡོང་གི་འདུག་ འོན་ཀྱང་དེ་འདྲ་ཞིག་གིས་ང་ཚོའི་མི་རིགས་འདི་ཉམས་ཉེས་སུ་གཏོང་མི་ཐུབ་ལ། དེ་འདྲ་ཞིག་གིས་ང་ཚོའི་སེམས་ཤུགས་ཆག་མི་སྲིད། གང་ཡིན་ཟེར་ན། ད་ལྟ་ང་ཚོ་གངས་ཅན་པ་ཡོངས་བཙོན་ཁང་ནང་སྲོག་ཁྲིམས་བཅད་དེ་བཞག་ཡོད་པ་ལྟ་བུ་ཡིན་པས། ང་ཚོས་བློས་གཏོང་ཆེན་པོས་འཐབ་རྩོད་མ་བྱས་ཕྱིན། ང་ཚོའི་མི་རིགས་དང་རྒྱལ་ཁབ་ཡོངས་སུ་རྨེག་མེད་དུ་འགྲོ་ཉེན་ཡོད་པས་ཡིན།
གངས་ཅན་མགོན་པོ་མཆོག་གིས།
བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད།།
གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ།།
དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས།།
གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད། །ཅེས་གསུངས་སོ།།
བོད་རྒྱལ་ལོ།།