ནམ་མཁའ་ནས།
མཚོན་གྱིས་བསྣུན་ལ་མི་འཇིགས་སྙིང་སྟོབས་ཀྱིས།།
གཞན་སྡུག་རང་གིས་ལེན་པའི་སེམས་བསྐྱེད་སྟེ།།
ལུས་སེམས་འབྲེལ་ཐག་ཆད་ལ་མི་སྐྲག་པའི།།
རྒྱལ་གཅེས་དཔའ་བོ་རྣམས་ལ་སྙིང་ནས་འདུད།།
གཞན་སྡུག་སེལ་ལ་བྱང་ཆུབ་སེམས་འཁྲུངས་བའི།།
སྟག་མོ་ལུས་སྦྱིན་ལ་སོགས་རྒྱལ་སྲས་བཞིན།།
གངས་ལྗོངས་མུན་པ་སེལ་བའི་སྒྲོན་མེ་ཡི།།
གངས་རིའི་རྒྱལ་སྲས་རྣམས་ལ་སྙིང་ནས་འདུད།།
སྡུག་བསྔལ་མེད་ན་སྙིང་རྗེ་མི་སྐྱེ་བཞིན།།
གནོད་པ་མེད་ན་ཁོང་ཁྲོ་མི་འབྱུང་བས།།
ཁོང་ཁྲོའི་སྙིང་སྟོབས་གཞན་དོན་སྤྱོད་པ་ཡི།།
གངས་རིའི་དཔའ་བོ་རྣམས་ལ་སྙིང་ནས་འདུད།།
ལུས་རྟེན་གཅིག་ལ་རྒྱལ་སྲས་ལག་ལེན་གྱིས།།
ལུགས་གཉིས་ཟུང་འབྲེལ་རང་དབང་བགྲོད་པའི་ཐབས།།
ཆོལ་གསུམ་ཀུན་ཏུ་སེམས་པ་གཅིག་སྒྲིལ་སྟེ།།
བཞི་ཟུང་བརྒྱད་ལྡན་ལུས་ཀྱི་རྣམ་ཤེས་དག།
ལྔ་ཟུང་བཅུ་ཡི་ས་ལ་བགྲོད་པའི་ཕྱིར།།
དྲུག་ཟུང་བཅུ་གཉིས་རྟེན་འབྲེལ་ལེགས་སྒོམ་པའི།།
རྒྱལ་སྲས་དཔའ་བོ་བདུན་ལ་སྙིང་ནས་འདུད།།
བརྒྱད་ཟུང་བཅུ་དྲུག་ལང་ཚོ་སྨིན་པ་ནས།།
དགུ་ཟུང་བཅོ་བརྒྱད་ལུས་ལ་རྩལ་རྒྱས་སྟེ།།
བཅུ་ཟུང་ཉི་ཤུའི་དཔའ་ངར་ཡོངས་རྫོགས་པའི།
གངས་རིའི་དཔའ་རྒོད་རྣམས་ལ་སྙིང་ནས་འདུད།།