དོ་རྒྱ་བསོད་ནམས་རྡོ་རྗེ།
2009ལོའི་ཟླ9ཚེས13ཉིན་ནས་ཚེས30ཉིན་བར་ཁོ་བོ་དགོས་དབང་གིས་བདེ་ཁམས་རྫོང་གི་འབའ་གཙང་ཁོག་ཡུལ་ཚོར་བོད་ཡིག་སློབ་ཁྲིད་བྱེད་པར་ཕྱིན་ཅིང་། ཞོར་དུ་ས་ཆ་དེ་གའི་བོད་མི་རྣམས་ཀྱི་འཚོ་བའི་ཆ་རྐྱེན་དང་། བསམ་བློའི་འཁྱེར་ཕྱོགས། ཡུལ་སྲོལ་གཤིས་ལུགས། སློབ་གྲྭའི་་སློབ་ཁྲིད་ཀྱི་གནས་བབ་སོགས་ལ་རྒྱུས་ལོན་ཏོག་ཙམ་བྱས་པ་ཡིན།
བོད་ཡིག་བོད་སྐད་ལ་བསྲེས་སྐད་སྣ་ཚོགས་འདྲེས་ཤིང་བོད་ལྟ་བོད་ལུགས་ལ་གཞན་སྲོལ་ནག་ནོག་འགོས་པའི་མི་རིགས་ཀྱི་ཚེ་སྲོག་འཇིག་པའི་མཐའ་ལ་ཐུག་ཉེའི་སྐབས་འདི་ལྟ་བུ་ཞིག་ལ་ཁོ་བོས་རྩོམ་ཐུང་འདི་བརྒྱུད་ནས་བོད་ཀྱི་རིག་གནས་པའི་སྡེ་ལ་བརྗོད་འདོད་པ་ནི། ཐོག་མར་འཇིག་ཉེན་འདི་ཚོར་བ་དང་། ཚོར་ནས་ཀྱང་འཇིག་ཉེན་འདི་སྐྱོབ་པར་འབད་དེ་བདེ་ཁམས་རྫོང་གིས་མཚོན་པའི་བོད་ཀྱི་ས་ཆ་སོ་སོར་རང་གིས་དངོས་ཤུགས་བརྒྱུད་གསུམ་གང་རུང་ནས་ནུས་ཤུགས་གང་ཡོད་གདོན་རྒྱུ་དེ་ཡིན་ནོ། །
༡ ལུང་བའི་ཕུག་གི་བོད་རིགས་སློབ་ཆུང་།
སྤྱི་ཟླ་དགུ་བའི་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོ་སྒེར་གྱི་བཀོད་སྒྲིག་ལྟར་ན་ཕ་ཡུལ་ལ་ལོག་རྩིས་ཡོད། ཡིན་ནའང་སྔ་ཉིན་རྒན་ལགས་ཀྱིས་ཁ་པར་བཏང་འོངས་ནས་བདེ་ཁམས་རྫོང་གི་གྲོང་ཚོ་ག་གེ་མོར་བོད་ཡིག་འཁྲིད་དུ་འགྲོ་ཨེ་ཐུབ་ལྟོས་ཟེར་བས་བདག་གིས་ཅི་ཡིན་གྱི་རྒྱུ་མཚན་མ་དྲིས་ཤིང་བཀའ་དེ་བཟློག་མ་ནུས་པར་ཐད་ཀར་དང་དུ་བླངས་ལ། རང་གི་ལས་ཀ་ཡོད་ཚད་རེ་ཞིག་ལོགས་སུ་མི་བསྐྱུར་ཐབས་མེད་བྱུང་། ཉིན་འདིའི་ཕྱི་དྲོ་དངོས་སུ་ལམ་ལ་ཆས་པ་ཡིན། ཟི་ལིང་ནས་བདེ་ཁམས་རྫོང་ཐོག་ལ་ཐོན་ནས་ཤར་ཕྱོགས་སུ་ཅུང་ཙམ་ཕྱིན་ཏེ་རླངས་འཁོར་གྱི་ཁ་ལོ་ནུབ་ཕྱོགས་སུ་བསྒྱུར་བ་ན། ལྕང་སྡོང་གིས་ཁེབས་པའི་གཞུང་ལམ་གྱི་གཞོགས་གཉིས་སུ་གྲོང་ཚོའི་ཁྱིམ་དུད་མང་བོ་ཆགས་འདུག་ལ་ཐག་མི་རིང་བའི་ས་ནི་ལུང་བའི་ཕུ་ནས་མར་ལ་འཐེན་པའི་རི་བོའི་མུ་ཁྱུད་ཀྱིས་འབྲེལ་འདུག་ཅིང་། ང་ཚོའི་རླངས་འཁོར་ལུང་བའི་མདའ་ནས་ཕུ་ལ་སྤྱི་ལེ་སུམ་ཅུ་ཙམ་བསྒྱུར་བ་ན་བོད་རིགས་ཀྱི་གྲོང་ཚོ་གཞན་དག་དང་འདྲ་བར་མཆོད་རྟེན་ཞིག་མིག་ལམ་དུ་མངོན་འོངས་ཤིང་ཅང་མ་འགོར་བར་ང་ཚོ་དམིགས་སར་ཐོན་བྱུང་། ཁ་ལོ་བས་བཤད་པ་ལྟར་ན་ལུང་བའི་མདའ་ནི་རྒྱ་མིའི་སྡེ་བ་འགའ་ཡིན་པ་དང་། དེ་ནས་ཁ་ཆེ་བའི་སྡེ་བ་གཉིས་རེད་ལ་ལུང་བའི་ཕུ་ནི་བོད་སྡེ་རེད་ཟེར། སློབ་གྲྭ་དེ་ནི་སྒང་འབུར་ཞིག་གི་སྟེང་ན་ཆགས་འདུག་ལ་རླངས་འཁོར་གྱི་སྒེའུ་ཁུང་བརྒྱུད་ནས་བལྟས་པ་ན་ཆེ་རྒྱུ་ཆུང་རྒྱུ་མེད་པའི་སློབ་གྲྭའི་བབ་ཆགས་པའི་མདུན་སྒོ་སྟེང་དུ་རྒྱ་ཡིག་གི་ལམ་ནས་འབབ་གཙང་ཁོག་ཡུལ་ཚོ་གུར་སྡེ་བཞི་བོད་རིགས་དཀྱིལ་སྙིང་སློབ་ཆུང་ཞེས་བྲིས་འདུག སློབ་གྲྭའི་རྭ་སྐོར་ནང་ཐོན་ནས་རླངས་འཁོར་ལས་བུད་པ་ན་སློབ་མ་འགའ་ནི་རྒྱུགས་འོངས་ཏེ་ཅི་ཞིག་མཐོང་བ་བཞིན་བདག་གི་ལུས་ཧྲིལ་བོར་ཡང་ལྟ་བསྐྱར་ལྟ་བྱེད་ཅིང་ཕན་ཚུན་ཤབ་ཤུབ་ཀྱིས་ཅི་ཞིག་ལབ་བཞིན་འདུག སློབ་མ་ཚོའི་ཀྲོག་ཀྲོག་གནང་བའི་ཤེས་འདོད་ཀྱི་ཨ་མཚར་དང་ལྷད་མེད་ཀྱི་འཛུམ་མདངས་སྐུང་བའི་འབག་བཙོག་གི་ངོ་གདོང་དེས་ང་རང་ལོ་ངོ་ཉི་ཤུ་ཡར་སྔོན་གྱི་བྱིས་དུས་ལ་ཁྲིད་འགྲོ་ཞིང་། ཚུལ་དེ་ནི་བདག་གི་སློབ་ཆུང་གི་འཚོ་བ་སྟེ་སློབ་གྲོགས་འགའ་ཞིག་དང་མཉམ་དུ་བསྐྱལ་བའི་ལོ་ངོ་ཉི་ཤུ་ཡར་སྔོན་གྱི་སློབ་ཆུང་གི་འཚོ་བའི་པར་མིག་རེ་རེ་བསྐྱར་དཔར་བརྒྱབ་པ་དང་ཀུན་ནས་མཚུངས། སློབ་གྲྭ་ནི་ཁ་ནུབ་ཕྱོགས་སུ་འཁོར་ཏེ་རི་བོ་མཐོན་པོ་ཞིག་གི་རྒྱབ་ལ་གཏད་ནས་འདུག་ཅིང་གཞུང་སྒྲུབ་ཁང་དང་སློབ་ཁང་། དགེ་རྒན་གྱི་མལ་ཁང་བཅས་གཅིག་ལྕོགས་ཡིན་པའི་སློབ་ཁྲིད་ཐོག་ཁང་ལས་གཞན་ལོགས་ཤིག་ཏུ་གྱོ་མོག་གིས་བཟོས་པའི་ཁང་ལེབ་ཤར་མ་གཉིས་དང་ད་སོ་མ་ལས་འདྲའི་སྤྱོད་ཁང་གཅིག་འདུག
བདག་གིས་ཉལ་ཆས་རྣམས་ཁང་བའི་ནང་འཁྱེར་གྲབས་བྱེད་སྐབས་དགེ་རྒན་ཞིག་གམ་ནས་བུད་དེ་བདག་གི་ལུས་ཐོག་གི་དངོས་པོ་རྣམས་བླངས་ཏེ་འཁྱེར་གྲོགས་བྱས་ཤིང་སློབ་མ་འགའ་བོས་ཏེ་ཉལ་ཆས་རྣམས་ཉི་མར་ལྡེ་དགོས་པར་བཤད་པ་ལ་སློབ་མ་འགས་འཕྲོག་རེས་བརྒྱབ་ཏེ་ཁྱེར་སོང་། ཚུལ་དེས་བདག་ལ་བྱིས་དུས་ཀྱི་ང་ཚོ་ནི་ཇི་འདྲའི་ཡ་རབས་སྤྱོད་བཟང་གི་ངང་དུ་བསྡད་མྱོང་བ་རེད་ཨང་སྙམ་པ་འཆར་དུ་འཇུག་ལ་ད་ལྟའི་ང་ཚོ་ནི་ཇི་འདྲའི་སྒྱིད་ལུག་དང་ལེ་ལོ་ཡི་དབང་དུ་གྱུར་ཡོད་པ་ཏག་ཏག་རེད་ཨང་ཞེས་ཀྱང་འདོད་དུ་འཇུག སྐབས་དེར་གཟུགས་པོ་ཕྲ་ལ་རིང་ཞིང་། གདོང་ལ་མིག་ཤེལ་གྱོན་པ། གོན་པ་གྲལ་དག་ཅིང་ཤེས་ཡོན་པའི་བཟོ་ལྟ་འདུག་པའི་མི་དར་མ་ཞིག་གིས་བདག་ལ་བདེ་འཚམས་དྲིས་པར་ཕ་ཡུལ་གྱི་སྐད་ཆ་དང་ཤིན་ཏུ་ཉེ་བས་སེམས་ཐག་ཉེ་བའི་ཚོར་བ་བྱུང་། མི་དེས་ཁང་མིག་ཅིག་བསྟན་ནས་བདག་གི་ཉལ་ཁང་ཡིན་པར་བསྟན་པ་ལ་ངས་དངོས་པོ་རྣམས་ནང་དུ་ཁྱེར་ནས་ཡར་འཇོག་མར་འཇོག་བྱས་ཏེ་གཞི་བཏིང་བ་ཡིན།
ལས་ཀ་ཙག་ཙིག་རྣམས་བསྒྲུབ་ཚར་རྗེས་དགེ་རྒན་དེས་ང་རང་ཁོའི་ཁང་བའི་ནང་དུ་བོས། ཡུན་རིང་ཞིག་ལ་གྲོང་ཁྱེར་ནས་བསྡད་པའི་དབང་གིས་གང་འདོད་དུ་གཡུག་པའི་དངོས་རྫས་རྣམས་དང་། འབག་བཙོག་ཆགས་འདུག་པའི་ཁང་བའི་གྱང་ལྡེབས་ཀྱིས་འདུག་མི་འདོད་པའི་ཉམས་ཤིག་སྐྱེས་རུ་འཇུག ཡིན་ནའང་དེ་འདྲ་ཞིག་ག་ལ་ཡིན་ཏེ་བདག་ཀྱང་སྔོན་ཆད་དུད་དྲེག་ཆགས་པའི་ཁང་བ་དེ་འདྲ་ནས་བསྡད་དེ་ཟ་མ་ངན་ངོན་དེ་འདྲ་ཟས་མྱོང་ཡོད་པ་ནི་བདག་སེམས་ན་ད་དུང་གསལ་ལེར་འདུག་པ་སུ་ཞིག་ལ་གསང་ཨང་། དགེ་རྒན་དེའི་མིང་ལ་མ་གཞིར་འཇིགས་མེད་ཟེར་ཞིང་ཕ་ཡུལ་དཔའ་ལུང་རྫོང་གི་གསེར་གཞུང་ཡུལ་ཚོ་ནས་རེད། སློབ་གྲྭ་འདི་གར་འོངས་ནས་ལོ་ངོ་ལྔ་ཏག་ཏག་འགོར་ཞིང་། ལོ་ངོ་ལྔ་བོའི་རིང་ལ་ཁོས་སློབ་གྲྭ་འདི་གའི་བོད་ཡིག་དགེ་རྒན་གྱི་འགན་འཁུར་བ་ཡིན་ཟེར། ངེད་གཉིས་ཀྱིས་སྟབས་བདེའི་མཚམས་སྦྱོར་རེ་བྱས་རྗེས་ཇ་འཐུང་ཞོར་སེམས་ལྷོད་ལྷོད་ཀྱིས་ཁ་བརྡ་བྱས་པ་ཡིན། ཁོས་བཤད་པ་ལྟར་ན་སློབ་གྲྭ་འདི་ནི་མིག་སྔར་བདེ་ཁམས་རྫོང་ཁོངས་ཀྱི་བོད་ཡིག་སློབ་ཁྲིད་བྱེད་བཞིན་པའི་སློབ་གྲྭ་གཅིག་པུ་དེ་ཡིན་ཞིང་ཁོ་མ་ཡོང་སྔོན་ལ་འདི་ག་ནས་བོད་ཡིག་ཁྲིད་མྱོང་མེད་ཟེར། 2009ལོར་ཞིང་ཆེན་མི་རིགས་ལས་དོན་ཨུ་ལྷན་གྱིས་སློབ་གྲྭ་འདི་ག་ནས་བོད་རྒྱ་སྐད་གཉིས་སློབ་གསོའི་ཞིབ་དཔྱོད་ལྟེ་གནས་བཙུགས་པས་ཁོ་ལས་གཞན་ད་དུང་བོད་ཡིག་དགེ་རྒན་ཞིག་བཀོད་སྒྲིག་བྱས་ཡོད་ཟེར་ལ། དགེ་རྒན་དེས་མིག་སྔར་བྱ་བ་རེག་བྱུང་བས་བུད་སོང་ཟེར། ང་ནི་སློབ་གྲྭ་འདི་གར་ཡོང་བའི་བོད་ཡིག་དགེ་རྒན་བརྒྱད་པ་རེད་ཟེར། སློབ་གྲྭ་ལ་ལོ་རྒྱུས་ཤིན་ཏུ་རིང་བོ་ཡོད་པ་སྟེ་སྤྱི་ལོ1927ལོར་བཙུགས་པ་ཞིག་ཡིན་འདུག་ལ་ད་ལྟ་དགེ་རྒན་བརྒྱད་དང་སློབ་མ་བརྒྱ་ལྷག་ལས་མི་འདུག སློབ་གྲྭའི་མཐའ་འཁོར་དུ་བོད་རིགས་རྐྱང་བ་སྡོད་པའི་སྡེ་བ་བཞི་ཡོད་ཅིང་། དེ་ཚོའི་མིང་ལ་སོ་སོར་གུར་གོང་མ་དང་། གུར་ཞོལ་མ། ཐང་གསར། མ་གཙང་མ་ཞེས་འབོད་ཀིན་འདུག་ཟེར་ལ་མདུན་ངོས་ཀྱི་རི་བོ་ནི་ཙོང་ཁའི་སྐྱེས་རི་ཡི་རི་རྒྱུད་ཅིག་ཡིན་པར་བཤད་ཅིང་མིང་ལ་ཨ་ཡེ་སངས་སྨན་ཞེས་འབོད་ཀི་འདུག་ཟེར། བཤད་རྒྱུན་དུ་ས་འདིའི་མི་རྣམས་ནི་ལྷ་སའི་ལྷོ་བྲག་རྫོང་ཁོངས་སུ་ཡོད་པའི་སྒྲ་བསྒྱུར་མར་བའི་གདན་ས་གྲོ་བོ་ལུང་ནས་ཆད་པར་གྲགས་ཤིང་མི་རབས་དུ་མ་ཞིག་བརྒྱུད་ཡོད་པར་བཤད་པ་དང་། དེ་སྔོན་སོག་པོའི་དབང་བསྒྱུར་འོག་ཏུ་ཚུད་མྱོང་བས་གུར་གོང་འོག་ཅེས་པའི་སྡེ་མིང་ཐོགས་ཚོད་རེད་ཅེས་ཐེ་ཚོམ་དང་བཅས་བཤད་བྱུང་ལ། དེར་མཐུད་ནས་ཁོས་སྡེ་བའི་གནས་ཚུལ་རགས་རིམ་དང་། བོད་ཡིག་སློབ་ཁྲིད་བྱས་པའི་ཉམས་མྱོང་དང་། བརྒྱུད་རིམ། དཀའ་ཁག་རྣམས་ཀྱང་ཞར་དང་ཞོར་ལ་བཤད།
༢ མཐའ་སྐོར་བོད་སྡེའི་གཏམ་རྒྱུད་སྣ་ཚོགས།
ང་རང་ཀྲོག་སེ་བཏང་བ་ནི་རུས་ལི་ཅན་གྱི་སློབ་གཙོ་དེས་གོང་རིམ་ནས་སློབ་གྲྭའི་བཟོ་སྐྲུན་ལ་བཏང་བའི་མ་དངུལ་རྣམས་ལྐོག་བཟའ་བྱས་ཏེ་གར་སོང་ཆ་མེད་དུ་བཏང་བ་དེ་མ་ཡིན་ཏེ། ད་ལྟའི་སྤྱི་ཚོགས་ནི་དཔོན་གྱི་ལྐོག་བཟའ་དང་གཡོག་གི་སྤྲེལ་ལད་ཤིན་ཏུ་རྒྱུགས་ཆེ་བའི་དུས་རབས་ཤིག་ཡིན་པ་བདག་གིས་སྔར་ནས་ཤེས་ཡོད་པས་ཡིན། ང་རང་ཧད་དེ་འདུག་དགོས་པ་ནི་སློབ་གྲྭའི་ཞིག་རལ་དུ་འགྱུར་ལ་ཉེ་བའི་གྱང་ལྡེབས་དང་ཆག་རོར་འགྱུར་ལ་ཉེ་བའི་ཅོག་ཙེ་དང་རྐུབ་སྟེགས་རྣམས་མ་ཡིན་ཏེ། དེ་ནི་གཅིག་ན་ངའི་ལས་ཀ་མིན་པ་དང་། གཉིས་ན་དེ་ནི་བཟོ་སྐྲུན་བྱ་རུང་བའི་ཕྱི་ངོས་ཀྱི་བཀོད་པ་ཙམ་ཡིན་པས་སོ། ། བདག་སེམས་ཡུན་རིང་ལ་ལྷིང་འཇགས་ལ་འབབ་མི་ཐུབ་པའི་རྒྱུ་རྐྱེན་འབའ་ཞིག་ནི་དེ་དག་གང་ཡང་མིན་པར་བྱིས་པ་ཚོའི་རྒྱ་འདྲེས་བོད་འདྲེས་ཀྱི་སྐད་ཆ་དང་སྡེ་མི་ཚོའི་ར་མིན་ལུག་མིན་གྱི་ཡུལ་སྲོལ་རེད། བདག་གིས་སློབ་ཁྲིད་སྐབས་སུ་སློབ་ཚན་སྦྱོར་ཀློག་ཁྲིད་པས་ཁོ་ཚོའི་སྐད་ཆ་ལ་དོ་སྣང་བྱེད་ལོང་མ་བྱུང་ཡང་། ཁོམ་ལོང་གི་སྐབས་སུ་སློབ་མ་རྣམས་དང་མཉམ་དུ་ཁ་བརྡ་བྱས་པ་ན་ཁོ་ཚོས་དགེ་རྒན། 第三节藏文课རེད། ཁྱོས་སློབ་ཁྲིད་བྱེད་ཀི་རེད吗ཟེར་ཞིང་།སློབ་གྲྭ་གྲོལ་ཏེ་ཡུལ་ལ་ལོག་ཁར་བདག་གི་རྩུབ་ལ་རྒྱུགས་འོངས་ནས་དགེ་རྒན། སློབ་གྲྭའི་ནང留དགོས་མ་རེད吗吗 作业འབྲི་དགོས་མ་རེད吗ཞེས་བོད་སྐད་ཏ་མ་ཏིག་ལ་རྒྱ་སྐད་ཀྱི་གདངས་འདྲེས་པ་ཞིག་ལབ་པས་ཧ་ལས་སུ་བཅུག་ལ། དོགས་མི་བདེ་བ་ཞིག་ཀྱང་ཡིན་པས་ངས་ཀྱང་འབྲི་དགོས་མ་རེད་ཅེས་ལྷ་སའི་སྐད་དང་འདྲ་བ་ཞིག་རྒྱག་དགོས་བྱུང་། རྗེས་སུ་མཉམ་བཞག་པ་ལ་སློབ་མ་ཚོས་ཅ་དངོས་མང་བོ་ཞིག་གི་མིང་རྒྱ་སྐད་ཀྱིས་མ་གཏོགས་མི་ཤེས་ཤིང་། སྐད་ཆ་གང་ཞིག་ལབ་པའི་ཚེ་ནའང་གདངས་ནི་རྒྱ་སྐད་ཡིན་ལ། འཁྲིད་བྱའི་བསླབ་ཚན་གྱི་ནང་དོན་རྣམས་ཀྱང་རྒྱ་སྐད་ཀྱིས་མ་ལབ་ན་གཏན་ནས་གོ་ཐབས་མི་འདུག
ནུབ་འཚལ་འཐུང་རྗེས་ཀྱི་དགོང་མོ་རེ་རེར་ངས་མཐའ་སྐོར་ཀྱི་བོད་སྡེའི་གནས་ཚུལ་ག་འདྲ་ཡིན་པའི་སྐོར་ནས་དགེ་རྒན་འཇིགས་མེད་ལགས་ལ་ཁ་བརྡ་བྱས་པ་ཡིན། ཁོས་བཤད་པ་ལྟར་ན་མཐའ་འཁོར་གྱི་བོད་སྡེ་གསུམ་པོའི་ནང་དུ་མཆོད་རྟེན་རེ་དང་། འབུམ་ཁང་རེ། བསང་ཁྲི་རེ་ཡོད་ནའང་ཁོ་རང་འདི་གར་འོངས་པའི་ལོ་ལྔ་དྲུག་གི་རིང་ལ་སྐོར་བ་བྱེད་མཁན་དང་བསང་མཆོད་བྱེད་མཁན་གཅིག་ཀྱང་མཐོང་མ་མྱོང་ལ། ཁྱིམ་ཚང་ནང་དུའང་དར་ལྕོག་བཙུགས་ཡོད་མཁན་དང་མཆོད་ཁང་ཡོད་མཁན་གཅིག་ཀྱང་མེད་པས་མི་ཚད། མ་ཎི་ཡིག་དྲུག་འདོན་ཤེས་པའི་སྡེ་མིའང་ཕལ་ཆེར་མེད་ཚོད་རེད་ཟེར་ཞིང་། དེ་དང་འབྲེལ་ནས་ཁོས་ང་ལ་གཏམ་རྒྱུད་ཅིག་ཀྱང་འཆད་བྱུང་སྟེ། མཐའ་སྐོར་གྱི་བོད་མི་རྣམས་ཀྱིས་ཁང་བ་གསར་བ་རྒྱག་དུས་ཁང་བའི་མདུན་དཔོག་གི་སྟེང་དུ་མ་ཎི་ཡིག་དྲུག་བརྐོ་བར་བཤད་ཅིང་ཤིང་བཟོས་བརྐོས་ཡོད་པའི་ཡིག་དྲུག་གི་ནང་དུ་ཡིག་ནོར་གཉིས་འདུག་ཟེར། ཉིན་ཞིག་ཁྱིམ་ཚང་ག་གེ་མོས་ཁང་བ་སློང་དུས་སྡེ་མི་ཞིག་གིས་ཁྱིམ་ཚང་དེ་གའི་མནའ་མ་སློབ་ཆེན་འགྲིམས་མྱོང་བ་ཞིག་ལ་མ་ཎི་ཡིག་དྲུག་བསྟན་ནས་དེའི་ནང་དོན་ག་རེ་རེད་ཅེས་དྲིས་པར་མནའ་མ་དེས་འཛེམ་དོགས་ཅི་ཡང་མེད་པར་ཅང་མ་རེད། 我把你混,你把我ཞེས་པའི་ནང་དོན་རེད་ཅེས་ལན་བཏབ་བྱུང་བས་སྡེ་མི་རྣམས་ཡིད་ཆད་དེ་དགོད་གཏམ་དུ་གྱུར་ཡོད་འདུག་ཟེར། ཡང་སྡེ་མི་རྣམས་ཀྱིས་མི་ཞིག་ཤི་བའི་ཚེ་ན་གྲོ་ཚང་དགོན་པའི་གྲྭ་བ་གཉིས་གསུམ་རེ་ཞུས་ནས་ཉིན་གསུམ་བཞི་ཙམ་ལ་རིམ་གྲོ་བསྒྲུབ་ཀི་རེད་ལ་གྲོ་ཚང་དགོན་པ་ནས་ཕེབས་པའི་གྲྭ་བ་རྣམས་ཀྱིས་རང་གིས་ཅི་ཞིག་འདོན་བཞིན་པ་མི་ཤེས་པའི་ཁར་འབུལ་བ་གྱ་ནོམ་པ་ཞིག་མེད་པ་ཤེས་ན་ཡོང་ཁ་མི་ཉན་ཟེར། ཆ་རྐྱེན་ཅུང་ཙམ་བཟང་བའི་ཁྱིམ་དུད་ཀྱིས་སྐུ་འབུམ་དགོན་པ་དང་དཔའ་ལུང་གི་དགོན་པ་གང་རུང་གི་གྲྭ་བ་ཞུས་ནས་རིམ་གྲོ་བསྒྲུབ་པ་ཡིན་ཡང་དེ་འདྲ་བྱེད་མཁན་ཧ་ཅང་ཉུང་ཉུང་རེད་ཟེར། དེ་ལས་ཀྱང་ཡ་མཚར་བ་ནི་འདས་པོར་སྐར་མ་བྱས་པའི་རྗེས་ལ་མྱ་ངན་ལ་ཡོང་མཁན་རྣམས་བོས་ཏེ་བདེ་ཁམས་རྫོང་ནས་ཟ་མ་རྒྱགས་ཆད་པ་ཞིག་ཟས་ཏེ་དགའ་སྐྱིད་དཔལ་ལ་རོལ་ངེས་རེད་ཟེར། འདི་དག་གོ་རྗེས་ང་རང་ཧ་ལས་པའི་དུས་མཚུངས་སུ་རྒྱུ་རྐྱེན་ལ་བསམ་བློ་གཏོང་དགོས་བྱུང་ཞིང་འདི་ནི་མི་རིགས་ཤིག་ལ་འཇིག་ཉེན་བྱུང་བའི་གོ་རིམ་ཡིན་ངེས་ཤིང་རང་གིས་བསྲན་མ་ཚུགས་པའི་མཇུག་འབྲས་ཁོ་ན་ལས་བསྐྱེད་པ་ལས་གཞན་ལ་ནི་ཁག་དཀྲི་རྒྱུ་གང་ཡང་མེད་པར་འདོད།
ཡང་དགེ་རྒན་འཇིགས་མེད་དང་ངེད་གཉིས་གཞན་ཁྱིམ་ལ་ཐེངས་གཉིས་ལ་མགྲོན་དུ་སོང་བར། དགའ་བ་སྐྱེས་པ་ཞིག་ལ་ཁྱིམ་ཚང་གཅིག་ཏུ་ཁང་བའི་ཕྱམ་མདར་དར་ལྕོག་བཀལ་འདུག་ལ་ལྷས་རའི་གྱང་སྟེང་དུ་གྱོ་མོག་གིས་བཟོས་པའི་བསང་ཁྲི་ཐབས་ཆག་ཅིག་ཀྱང་འདུག་པ་མཐོང་། དེ་ལས་ཀྱང་ཡིད་སེམས་དྲོ་བ་ནི་ཁྱིམ་ཚང་གཉིས་ཀའི་མགྲོན་བྱེད་སྟངས་གཅིག་འདྲ་སྟེ།ཐོག་མར་མར་ཆུར་རྩམ་གསུམ་དྲངས་འོངས་ནས་རྩམ་པ་བརྫིས་པར་བསྐུལ་ཞིང་། དེ་ནས་ཐུག་པ་བསྐོལ་ལ་མཐའ་མར་ཤ་དང་ཆང་དྲངས་འོངས་ནས་ཁ་བརྡ་བྱེད་མགོ་བརྩམས་པ་རེད། ཁོ་ཚོས་བཤད་པ་ལྟར་ན་སྔོན་ཆད་རྨོ་བསྐྱུར་ནགས་འཛུགས་ཀྱི་སྲིད་ཇུས་ཟེར་བ་ཞིག་ཐོན་པས་ད་ལྟ་སྡེ་བ་ནང་དུ་ཕྱུགས་ཟོག་ཅི་ཡང་མེད་ཅིང་། སྡེ་བ་གསུམ་པོའི་སྡེ་མི་རྣམས་ཀྱིས་ལོ་རེར་ལོ་ཏོག་ཐེངས་གཅིག་ལ་འདེབས་པ་ལས་གཞན། སྒོ་ཕྱིར་སོང་ནས་ལས་ཀ་སྣ་ཚོགས་ལས་ཏེ་སྒོར་མོ་འཚོལ་ཐབས་བྱེད་དགོས་ཟེར། ངས་ལོ་ཏོག་བཏབ་ན་ཡོང་སྒོ་ཅི་འདྲ་རེད་ཅེས་དྲིས་པར། ལོ་ན་ལྔ་བཅུ་ལྷག་ལ་སོན་པའི་ཨ་ནེ་ལགས་ཀྱིས་འབྲུ་རིགས་བཏབ་ན་ལན་ཆགས་རེད། ཕག་ལེ་དང་བྱ་ཕོ་ལ་སྟེར་རྒྱུ་ཙམ་ལས་མིའི་ཟ་ཚུལ་མི་འདུག་ཟེར་ལ། དེར་མཐུད་ནས་མོས་ངེད་ཚང(དགེ་རྒན་འཇིགས་མེད་ཀྱིས་བཤད་ན་མོའི་སྐྱེས་པ་སྔོན་ཞིག་ལ་མགོ་ལོག་ཏུ་སོང་ནས་ཞོར་ལས་བྱེད་དུས་སྟབས་མ་ལེགས་པར་རླངས་འཁོར་ཆག་སྒོ་བྱུང་ནས་འདས་ཟིན་ཟེར། བུ་ཆེ་བ་སྐུ་འབུམ་དགོན་དུ་གྲྭ་བ་བྱས་ཡོད་པས་ཤུལ་དུ་མོ་དང་མོའི་ལོ་ན་ཉེར་གཉིས་ལ་སོན་པའི་བུ་གཉིས་ལས་མེད།)གིས་ཀྱང་མུའུ་ཉེར་བཞི་ལྷག་བཏབ་ཡོད། ད་འབྲེག་རྒྱུ་ཡང་ཁག་པོ་རེད། མནའ་མ་ཞིག་འཚོལ་བསམ་ཡང་ང་ཚོའི་ས་ཆ་ནས་སྒོར་ཁྲི་བཅུ་ལྷག་མེད་ན་ལེན་དཀའ་མོ་རེད། དེའི་ཁར་གཙང་དང་མི་གཙང་ཡང་བཤད་རྒྱུ་མང་བས་སུན་ནི་ཞིག་རེད། ལོ་ཏོག་འབྲེག་རན་ཐོན་དུས་ཕལ་ཆེར་ཟླ་བཅུ་བ་ཚར་ནས་ཟླ་བཅུ་གཅིག་པ་ཐོན་ཡོང་། ལོ་རེ་རེ་བཞིན་དུ་ལོ་ཏོག་བསྡུ་རན་དུས་ཆར་བ་བབས་ནས་མགོ་ཚེས་ཐུབ་ཀི་མེད། ད་ལོ་ཡང་ཞེས་མོས་ང་ཚོས་བལྟས་ན་བསྲེས་སྐད་ཤ་སྟག་ཅིག་ཡིན་ཞིང་། ཁོ་རྣམས་ཀྱིས་གྲོ་ཚང་བོད་སྐད་ཅེས་འབོད་བཞིན་པའི་སྐད་ཆ་བཤད་བཞིན་ཡུན་རིང་བོ་ཞིག་ལ་ཁོ་ཚོའི་དཀའ་ཁག་དང་སྡུག་ལས་བཤད། །
༣ དགེ་རྒན་གྱི་དཀའ་ཚེགས་དང་འོ་བརྒྱལ།
སློབ་གྲྭ་ཆགས་སའི་ས་ཆ་དེ་གའི་ནངས་དགོང་གི་གནམ་གཤིས་ལ་ཧེ་བག་ཅུང་ཟད་མཆིས་པའི་ཁར་ཉིན་མང་བོར་ཐད་ཀར་ཆར་བ་ཏག་ཏག་བབས་པས་ངས་ས་ཆ་འདིའི་མི་རྣམས་ཀྱིས་ལོ་ཏོག་ཡག་པོ་བསྡུ་ཐུབ་རྒྱུ་མ་རེད་སྙམ་ནས་རང་དང་འབྲེལ་བ་ཡོད་ཡོད་འདྲ་ལ་མེད་མེད་འདྲ་བའི་ཡུལ་མི་དེ་ཚོར་སེམས་ཁུར་བྱས། ཡིན་ཡང་གནམ་གཤིས་ཇེ་འཁྱག་ལ་ཕྱིན་པ་དང་བདག་གིས་ལྭ་བ་མཐུག་པོ་འཁྱེར་མེད་པའི་དབང་གིས་ཉིན་འགའ་འགོར་བའི་རྗེས་ལ་ང་རང་ལ་ཆམ་ནད་ཅིག་ཕོག སློབ་ཁྲིད་མེད་པའི་ཕྱི་དྲོ་ཞིག་ལ་སྨན་འཐུང་རྗེས་མལ་ནང་དུ་ཉལ་ནས་གཉིད་དུ་ཡུར་སྡོད་པའི་སྐབས་ལ། སློབ་མ་མང་བོ་ཞིག་གིས་དུས་གཅིག་ཏུ་རྒྱ་སྐད་ཀྱི་ལམ་ནས་ཡར་ཞུ་དང་ཡར་ཞུ་ཞེས་འབོད་བཞིན་པ་ཐོས། ངས་ཅི་ཞིག་ཡིན་ནམ་བསམ་ཏེ་གཉིད་ལས་སད་དེ་ཡར་བཙོག་པ་ན་སློབ་མ་འགའི་གདོང་ལ་ངོ་མཚར་བ་དང་ཁ་སྐྱེངས་པའི་མདོག་ཅིག་ཤར་ཏེ་རྒན་ལགས་ང་ཚོར་དབྱིན་ཡིག་འཁྲིད་རོགས་ཞེས་མིག་ཟུང་ལ་རེ་སྒུག་གིས་ཁེངས་ནས་བལྟས་འདུག མ་གཞི་ཁོ་ཚོས་ཉིན་སྔོན་མར་ངས་ལོ་རིམ་དང་བོའི་སློབ་གྲོགས་ཚོརABCDཁྲིད་བཞིན་པ་གོ་སོང་བ་རེད་འདུག ངས་སློབ་ཁང་ནང་དུ་སོང་དང་ང་ཐོན་ཡོང་ཞེས་བཤད་པ་ན་སློབ་མ་ཚོ་ནི་དགའ་ཏེ་འུར་སྒྲ་སྒྲོག་བཞིན་ཞོགས་སོང་། སློབ་ཁང་ནང་དུ་འཛིན་གྲྭ་གཅིག་ཁོ་ན་མ་ཡིན་པར་འཛིན་གྲྭ་གསུམ་ཙམ་གྱི་སློབ་མ་རྣམས་འཚངས་ནས་སྒུག་འདུག་པ་རེད། ངསABCDརྣམས་གྲལ་དག་པོར་ནག་པང་སྟེང་ཕབ་པ་ན་སློབ་མ་འགའ་རེས་སྔ་གཞུག་བརྩད་དེ་ཀློག་ཨེ་ཤེས་བལྟ་ཞིང་གཅིག་གཅིག་གཉིས་གཉིས་བྱས་ཏེ་ཁྲིད་པ་ན་ཁོ་ཚོ་ནི་སྐོམ་པས་ཆུ་འདོད་པ་ལྟར་སྐད་མགོ་སུ་མཐོ་འགྲན་ཞོར་བཀླགས་འགྲོ བདག་གིས་དགེ་རྒན་མེད་པའི་སློབ་མ་ནི་ཆུ་ལུད་མ་འཛོམས་པའི་སྡོང་ཕྲུག་རེ་རེ་དང་འདྲ་བོ་རེད་སྙམ་ཞིང་། བྱིས་པ་རྣམས་ལ་དགེ་རྒན་བཀོད་སྒྲིག་མི་བྱེད་པའི་སྲིད་གཞུང་ནི་སྤྱི་ཚོགས་ཀྱི་མ་འོངས་པ་ལ་འགན་མི་འཁུར་བའི་གཏེ་བོ་འབབ་ཞིག་རེད་འདོད་བྱུང་།
ཁོ་ཚོའི་ཤེས་འདོད་ཀྱི་ཨ་མཚར་དང་། རེ་སྒུག་གི་མིག་ཟུང་། ལྷད་མེད་ཀྱི་མི་གཤིས་སོགས་ལ་རྐྱེན་བྱས་ང་རང་ནངས་སྔ་ལངས་ཀྱིས་ཁོ་ཚོའི་ཞོགས་སྦྱངས་ལ་ལྟ་རྟོག་བྱས་པ་དང་། ཁོམ་ལོང་ཞིག་བྱུང་བའི་ཚེ་ན་སློབ་ཁང་ནང་དུ་སོང་ནས་སློབ་མ་ཚོར་བོད་ཡིག་ཁྲིད་པ་དང་། ཁོ་ཚོ་སྦྱངས་དགའ་ཆེ་བའི་དབྱིན་ཡིག་ཁྲིད་པ། ཡང་ན་ངལ་གསོའི་གསོལ་ཇ་ལྟ་བུར་གློག་ཀླད་ཁྱེར་ནས་རང་གིས་སྐྱེ་བ་འདིར་མི་འཇོན་པའི་གླུ་དབྱངས་ཁྲིད་པ། ཡང་མཚམས་རེར་སློབ་མ་ཚོ་རྩེད་འཇོ་ལ་རོལ་བའི་སྐབས་དང་བསྟུན་ནས་བོད་སྐད་ཁྲིད་པ་སོགས་བྱས་པ་ཡིན། ཡང་ཕྱི་དྲོའི་སློབ་མཚམས་འཇོག་སྔ་སྟབས་ཡུལ་ལ་འགྲོ་རུ་མ་བཅུག་པར་སློབ་གྲྭའི་ནང་ནས་བོད་ཡིག་སྦྱོར་ཀློག་བྱེད་པ་སོགས་བཀོད་སྒྲིག་བྱས་པ་ཡིན། དེ་ལྟར་བྱས་པས་མཚམས་རེར་ཉིན་གཅིག་ལ་སློབ་ཐུན་ལྔ་ནས་དྲུག་ལ་འགྲོ་དགོས་རྒྱུའང་ཡོད་ཅིང་ལས་ཀ་ལྗིད་མོ་ཞིག་ལས་མ་མྱོང་བའི་བདག་ནི་མཚན་མོ་རེ་རེར་སྔ་མོ་ནས་གཉིད་དུ་ཡུར་འགྲོ ཉིན་ཞིག་གི་དགོང་འཚལ་འཐུང་རྗེས་དགེ་རྒན་འཇིགས་མེད་དང་ངེད་གཉིས་ཀྱིས་དགེ་རྒན་ནི་རླབས་ཆེན་ཡིན་ཚུལ་དང་དཀའ་ལས་ཆེ་ཚུལ་ལབ་ནས་སྡོད་སྐབས་སྡེ་མི་ཆང་འཐུང་ཞིག་གིས་ར་མའི་འོ་མ་ཡིན་ཟེར་བའི་འོ་མ་འགྱིག་སྣོད་གང་དང་བྱ་ཕོ་ད་སོ་མ་བསད་པ་ཞིག་བཟུང་ནས་ཐོན་བྱུང་། ཆང་འཐུང་དང་ཁོའི་རོགས་པ་གཉིས་ཀྱིས་ད་སོ་མ་ཁྱིམ་ཚང་ཞིག་ནས་ཁང་བ་ཕུབ་ཚར་བ་ཡིན་ཟེར་ལ། ཁོས་རྒྱ་མ་བོད་ཀྱི་སྐད་ཆས་ཁོ་ཚོ་ལས་ཀ་པ་རྣམས་ལ་དཀའ་ཁག་ཆེ་ཚུལ་ལབ་པས་བདག་གིས་ལོས་བདེན་ཟེར་ཞོར་ཁོ་ཚོ་དང་ཁོ་ཚོ་དང་འདྲ་བའི་རང་གི་ཕ་ཡུལ་ན་ས་ལས་རྡོ་ལས་ལ་འབད་པའི་ཡུལ་མི་ཚོ་ནི་ཇི་འདྲ་སྙིང་རྗེ་ཞིང་རླབས་ཆེ་བ་ཞིག་རེད་ཨང་སྙམ། དར་ཅིག་འགོར་རྗེས་ཆང་འཐུང་གིས་འོ་མ་བསྐོལ། ཤ་བརྔོས་ཞེས་བཀའ་བསྒོས་པས་དགེ་རྒན་འཇིགས་མེད་ཀྱིས་དེ་བཞིན་སྒྲུབ་ཅིང་ངེད་ཅག་གིས་མུ་མཐུད་སྦི་རག་འཐུང་། མཚམས་ཤིག་ཁོ་ལ་རྒྱ་མི་ཞིག་གིས་ཕོག་ཐུག་བཏང་ཚུལ་ལབ་ནས་རྒྱ་མི་རྣམས་གཡོ་ཆེ་ཚུལ་ལབ་པར་བདག་གིས་ཀུ་རེ་དང་བདེན་གཏམ་འདྲེས་མས་ཁྱོད་ཀྱིས་ཀྱང་བོད་སྐད་ཡག་པོ་མི་ཤེས་པས་རྒྱ་རེད་ཅེས་པར་ཁོས་དེ་འདྲ་ཞིག་གཏན་ནས་མིན་པའི་རྒྱུ་མཚན་ལུང་བ་གང་བཤད་བྱུང་། དངོས་ནས་བསམ་ན་རང་ཉིད་དང་རང་གི་ཕ་ཡུལ་ཐེ་བའི་མདོ་དབུས་ཁམས་གསུམ་གྱི་བོད་མི་རྣམས་ལ་རིན་ཐང་ལྟ་ཚུལ་དང་དགའ་མོས་འདོད་ཕྱོགས་སྣ་ཚོགས་ཡོད་ཅིང་། ལུག་སྤང་འདོད་ཀྱིས་སྤང་དང་ར་བྲག་འདོད་ཀྱིས་བྲག་ལྟར་བྱེད་བཞིན་ཡོད་ནའང་་རང་ཉིད་ཁོ་ནས་རང་ཉིད་ནི་བོད་པ་དངོས་མ་ཞིག་ལ་བསམ་བཞིན་ཡོད་པ་ནི་དགོད་བྲོ་ཞིང་བསམ་དགོས་པ་ཞིག་ཀྱང་མ་ཡིན་ནམ། རྗེས་སུ་དགེ་རྒན་འཇིགས་མེད་ཀྱིས་བཤད་པ་ལྟར་ན་ཁོ་རྣམས་ནི་བྱ་ཕོ་དང་ཉ་སོགས་གསོད་པ་ལ་ཐེ་ཚོམ་ཅི་ཡང་མེད་ཅིང་ཁྱིམ་ཚང་ལ་མགྲོན་དུ་སོང་ན་དེ་ནི་རྒྱུན་ལྡན་ལས་ཀྱང་རྒྱུན་ལྡན་ཞིག་རེད་ཟེར། ཆང་འཐུང་གཉིས་དང་ངེད་ཚོས་ཆང་འཐུང་ནས་ཅུང་ཟད་འགོར་བའི་མཚམས་དེར་ང་རང་ཆམ་ནད་དང་ངལ་དུབ་ཀྱི་རྐྱེན་པས་ཡང་དང་ཡང་དུ་གཉིད་ལྕོག་བརྒྱབ་ཏེ་ཁ་སྐྱེངས་པ་ཞིག་བྱུང་བས་གཉིད་དུ་ཡུར་དགོས་བྱུང་།
ངོ་མ། དགེ་རྒན་གྱི་ལས་ཀ་ནི་ཇི་འདྲའི་རླབས་ཆེ་ཞིང་དགེ་རྒན་གྱི་ལྷག་བསམ་ནི་ཇི་འདྲའི་བསྔགས་འོས་པ་ཞིག་རེད་ཨང་། བདག་གིས་རང་ལ་ཀ་ཁ་འཁྲིད་པའི་སློབ་ཆུང་དགེ་རྒན་དང་། སྐད་ཆ་ཁྲིད་པའི་སློབ་འབྲིང་དགེ་རྒན། བསམ་གཞིག་ཁྲིད་པའི་སློབ་ཆེན་དགེ་རྒན་རྣམས་ནི་ཇི་འདྲའི་བཀའ་དྲིན་ཆེ་བ་ཞིག་རེད་ཨང་སྙམ་ལ་གོ་སྐབས་འདི་དང་བསྟུན་ནས་ཁོང་རྣམས་ལ་སེམས་དང་བསམ་པའི་གཏིང་ནས་བཀའ་དྲིན་ཡང་ཡང་ཞུས་འདོད་བྱུང་།
༥ མིག་ཆུའི་སྐྱེལ་མ།
སྤྱི་ཟླ་དགུ་བའི་ཚེས་སུམ་ཅུ་ཉིན་ནི་ངས་ད་ཐེངས་ཀྱི་ལས་ཀ་རྫོགས་པའི་ཉིན་མོ་ཡིན། ཚེས་ཉེར་དགུ་ཉིན་གྱི་དགོང་མོར། དགེ་རྒན་འཇིགས་མེད་དང་ངེད་གཉིས་ཀྱིས་ནུབ་འཚལ་འཐུང་རྗེས་སྤི་རག་གི་སྐེ་ལ་འཇུས་ནས་ཡང་བསྐྱར་ཁ་བརྡ་གློད་པ་ཡིན། ཁོས་དེ་སྔོན་ཡང་ང་རང་མུ་མཐུད་དུ་འདུག་ཨེ་ཐུབ་ལྟོས་ཞེས་ཞུ་བ་བྱས་མྱོང་བ་བཞིན་ཉིན་འདིའི་དགོང་མོར་ཡང་ཁོ་ལ་རེ་བ་ཞིག་ཡོད་པ་ནི་ང་རང་མུ་མཐུད་དུ་འདུག་ཐུབ་ན་བསམ་པ་དེ་རེད། ཡིན་ནའང་ང་རང་གིས་མཐར་ཕྱིན་དཔྱད་རྩོམ་ལ་གྲ་སྒྲིག་བྱེད་རན་པས་ལས་མཚམས་མི་འཇོག་ག་མེད་བྱུང་། དེ་གར་སློབ་ཁྲིད་བྱས་པའི་ཉིན་བཅོ་བརྒྱད་ཀྱི་རིང་ལ། ང་རང་ཆེས་སེམས་འགུལ་ཐེབས་པ་ནི་དགེ་རྒན་འཇིགས་མེད་ཀྱི་ཀ་མད་སུམ་ཅུ་ལ་བཅངས་པའི་ལྷག་བསམ་དང་། དུས་རྒྱུན་ཆགས་པ་མེད་པའི་བརྩོན་འགྲུས། མུ་མཐུད་ལས་གནས་སྲུང་བའི་ཨུ་ཚུགས་བཅས་རེད། མིང་བཏགས་ཀྱི་ཆ་ནས་བཤད་ན་དགེ་རྒན་འཇིགས་མེད་ལ་སློབ་སྟོན་ཀྲུའུ་རིན་ལས་མེད་ཀྱང་། ཁོས་སྒོར་མོ་སྟོང་གཅིག་ཙམ་ལ་བལྟས་ནས་སློབ་གྲྭའི་བོད་ཡིག་དགེ་རྒན་དང་། དོ་དམ་པ། སྒོ་སྲུང་སོགས་ཀྱི་འགན་ཁུར་འདུག་པས་མི་ཚད། གཟའ་འཁོར་རེ་རེའི་ལས་རེས་པའི་འགན་དེ་ཡང་ཁོས་མ་འཁུར་ན་དགེ་རྒན་རྒྱ་མི་ཚོས་སྣང་དོགས་ཅི་ཡང་བྱེད་ཀི་མེད། ཁོའི་བཟའ་ཟླ་སྒོར་རྡོག་འགའ་འཚོལ་བའི་ཆེད་དུ་ཟི་ལིང་སོགས་སུ་ཞོར་ལས་ལ་སོང་བ་དང་། ཁོ་དབྱར་དགུན་གནང་གི་སྐབས་སུའང་དཔའ་རིས་དང་། རྟ་ཐང་། གྲོ་ཚང་སོགས་ས་ཆ་སོ་སོར་བོད་ཡིག་སློབ་ཁྲིད་བྱེད་པར་ཕྱིན་པ་ཡིན་ཟེར་ལ་ཁོ་ཚོ་བཟའ་མི་གང་བོ་ལོ་གཅིག་གི་ནང་དུ་ཉིན་ཁ་ཤས་ལས་ངོ་འཕྲད་ཐུབ་ཀི་མེད་ཟེར། ཁོ་རང་གིས་ད་དུང་ལོ་བཅུ་ཅན་གྱི་བྱིས་པ་ལ་བདག་སྐྱོང་བྱེད་དགོས་ཤིང་ཁོ་གཉིས་མཉམ་དུ་སློབ་གྲྭ་གཞུང་གི་ཁང་བ་ཞིག་གི་ནང་དུ་གཏན་སྡོད་བྱས་ཡོད་པས་སྒོ་ཕྱིའི་སློབ་ཁྲིད་དང་ནང་གི་ཁྱིམ་ལས་ཙག་ཙིག་ཡོད་ཚད་ཁོའི་ཕྲག་ཏུ་བབས་ཡོད། མཚན་མོ་དེར་ངས་ཁོ་ལ་ཁྱོད་རང་ད་དུང་ལོ་དུ་ལ་འདུག་རྩིས་ཡོད་ཅེས་དྲིས་པར་ཁོས་བོད་ཡིག་དགེ་རྒན་མི་དགོས་ཟེར་རག་བར་དུ་འདུག་རྒྱུ་ཡིན་ཟེར། ངས་ཟླ་ཕོགས་ཀྱང་མང་བོ་མི་འདུག་པས་ལས་ཀ་གཞན་ཞིག་བཙལ་ན་མི་བཟང་ངམ་དྲིས་པར་ད་ལྟ་སློབ་གྲྭ་དང་སློབ་མ་རྣམས་ལ་བརྩེ་དུང་ཆགས་ཟིན་པས་མི་ཚད་མཐའ་སྐོར་སྡེ་བའི་སྡེ་མི་རྣམས་ལའང་བརྩེ་དུང་ཆགས་འདུག ས་ཆ་འདིའི་མི་རྣམས་ཀྱིས་བོད་སྐད་གཙང་མ་ཞིག་དང་བོད་ཡིག་དག་མོ་ཞིག་ཤེས་འགྲོ་རྒྱུ་ན་དེ་འདྲ་སྐྱོན་མི་འདུག་ཟེར། ངས་འོ་ན་ཁྱོད་ཀྱིས་དཀའ་ལས་ཆེ་གི་མི་བསམ་མམ་དྲིས་པར་ཁོས་ངའི་ལས་ཀ་འདི་ལ་མཇུག་འབྲས་ཤིག་ཡོད་ན་དྲག་ནི་རེད། འོན་ཀྱང་མཇུག་འབྲས་ཤིག་ལོན་དཀའ་རྒྱུ་རེད་ཅེས་ལྷག་བསམ་གྱི་ཀློང་ལ་སེམས་ཁུར་ཅིག་འདྲེས་ནས་ལན་བཏབ་བྱུང་། ངེད་གཉིས་ཀྱིས་སྤི་རག་ཞབས་བཏགས་རྒྱག་ཞོར་ཡུན་རིང་ཞིག་ལ་སེམས་གཏམ་བརྗོད་པར་ཁོས་མིག་མཐར་མཆི་མ་ཞིག་འཁོར་ནས་ཁྱོད་རང་རྗེས་མར་བསྐོར་བ་ཐེངས་འགའ་བྱེད་རྒྱུ་བརྗེད་མི་ཉན། ཐེངས་རྗེས་མར་ཡོང་ན་ད་ལྟ་ལས་བོད་ཡིག་གི་ཆུ་ཚད་ཇེ་མཐོར་སོང་ཡོད་ངེས་ཟེར་བས་ང་རང་ཁོའི་ཡིད་ཆེས་བརྟན་པོས་ཅིག་ཅར་འཕྲོག་ནས་སེམས་པ་འཁྱག་སིབ་སིབ་བྱེད་ཅིང་། རང་གིས་དུས་རྒྱུན་དུ་འདིའི་ཕྱོགས་ལ་བསམ་བློ་ཕྲན་ཙམ་གཏོང་གི་མེད་པ་དང་བྱ་བ་ཏོག་ཙམ་རེའང་བསྒྲུབ་ཀི་མེད་པར་ནོངས་འགྱོད་སྐྱེས།
ཕྱི་ཉིན་དྲོས་ཇར་ངས་དངོས་པོ་རྣམས་བསྡུ་གསོག་རྒྱག་བཞིན་པའི་སྐབས་སུ་སློབ་མ་རྣམས་འཚང་ཁ་ཤིག་ཤིག་གིས་འོངས་ཏེ་དགེ་རྒན་ལགས་བདེ་མོ་བྱོས་ཟེར། མཚམས་ཤིག་ལོ་རིམ་ལྔ་བའི་སློབ་མ་ཞིག་འོངས་ནས་དགེ་རྒན་ལགས་ང་ཚོའི་སློབ་ཁང་ནང་དུ་ཐེངས་གཅིག་འགྲོ་རོགས་ཟེར་བར་ངས་ཅི་ཞིག་ཡིན་ནམ་སྙམ་ནས་སོང་བ་ཡིན། དེ་རིང་གི་སློབ་ཁང་ནི་ནམ་རྒྱུན་ལྟར་འུར་འུར་ཟིང་ཟིང་གི་ཁེངས་པ་དེ་མ་ཡིན་པར་ལྷིང་ཞིང་འཇགས་ལ་དབུགས་ཀྱི་གཏོང་ལེན་ལས་མི་ཚོར་བས་དངོས་ནས་འདུག་བཟོད་མི་བདེ་བ་ཞིག་རེད། ཡུན་རིང་ཞིག་འགོར་ནའང་སུས་ཀྱང་ཁ་གྲགས་མ་བྱུང་བས་ད་ནི་ངའི་སྐད་ཆ་ལ་སྒུག་ཡོད་པ་ཁོ་ཐག་རེད་བསམ་ནས་སློབ་གྲོགས་ཚོ། དེ་རིང་ང་ཚོ་གནས་སྐབས་ཀྱིས་ཁ་འབྲལ་དགོས་པ་རེད། མཇུག་མཐར་བཤད་རྒྱུ་ཞིག་ཡོད་པ་ནི་ང་ཚོ་ཚང་མ་བོད་པ་རེད། བོད་པ་ཡོད་ཚད་ཁྱིམ་ཚང་གཅིག་གི་མི་ལྟ་བུ་རེད། ང་ཚོར་རང་གི་སྐད་ཆ་དང་ཡི་གེ་ཡོད་པས་ཁྱོད་ཚོས་ཀྱང་རང་གི་སྐད་ཆ་གཙང་མ་ཞིག་བཤད། རང་གི་ཡི་གེ་ཡག་པོ་ཞིག་སྦྱངས་ན་ང་ཚོར་མདུན་ལམ་ཡག་པོ་ཡོད་པ་ཁོ་ཐག་ཡིན། འདི་ནི་ངའི་རེ་བ་ཡིན་ལ་ང་ཚོ་མི་རིགས་འདིའི་མི་རབས་རྗེས་མ་རྣམས་ཀྱི་འགན་ཁུར་ཡང་རེད་ཅེས་བཤད་བཞིན་པའི་སྐབས་ལ་སློབ་མ་རྣམས་ཀྱིས་མིག་ཆུ་ཤུམ་ཤུམ་གཏོང་ཞོར་རྒྱུགས་འོངས་ནས་བདག་ལ་ཁ་བཏགས་དྲངས་བྱུང་། དེ་ནི་བདག་ལ་མཚོན་ན་དངོས་ནས་ཡིད་སེམས་འགུལ་ལ་སྦོབས་པ་བསྩོལ་བའི་བྱ་སྤྱོད་ཅིག་རེད། ངས་ཁ་བཏགས་རྣམས་རེ་རེ་བཞིན་ཕྱིར་དྲངས་ཞོར་སློབ་གྲོགས་ཚོ། ཁྱོད་ཚོས་སློབ་སྦྱོང་ལ་ཤི་རེ་བྱོས་དང་། ང་ཚོ་རྗེས་མར་ཡང་ས་ཆ་གང་རུང་ཞིག་ནས་མཇལ་ཡོང་ངེས་རེད་ཅེས་བཤད་མཚམས་མི་འཇོག་ག་མེད་བྱུང་ཞིང་ཁོ་ཚོར་ཡང་ཡང་བཀའ་དྲིན་ཞུ་ཞོར་སློབ་ཁང་ལས་བུད་པ་ཡིན། ཁོ་ཚོ་ཐུན་མོང་གིས་བདག་ལ་སྐྱེལ་མ་གནང་བའི་སྐབས་འདི་ལྟ་བུ་ཞིག་ལ་ངས་སྐད་ཆ་འདི་འདྲ་འདི་ལས་བཤད་རྒྱུ་མ་རྙེད་ལ་བསམ་ཞིང་བསམ་ན་འདི་ལས་ལྷག་པའི་རེ་བ་ཞིག་བདག་ལ་གཞར་ཡང་མེད་དོ། །
ཕྱིར་ལོག་པའི་ལམ་བར་དུ། ངས་ཁོ་ཚོའི་རྒྱུས་ཡོད་རྒྱུས་མེད་ཀྱི་ངོ་གདོང་རེ་རེ་ཡིད་ལ་སྒོམ་ཞིང་། ངས་ཁོ་ཚོའི་ལྷད་མེད་རྣམ་དག་གི་བསམ་སྦྱོར་ཡོད་ཚད་སེམས་ལ་ཉར། བདག་གི་སེམས་སུ་ཡང་དང་ཡང་དུ་འབའ་གཙང་ཁོག་ཡུལ་ཚོར་ཀ་མད་སུམ་ཅུའི་ཚེ་སྲོག་རྒྱས་ཤིང་འབའ་གཙང་ཁོག་ཡུལ་ཚོའི་བྱིས་པ་ཚོའི་ལང་ཚོའི་ཁོ་ལག་བདེ་ཐང་གིས་འབུས་ན་ང་དང་ཁྱོད་ཀྱི་བསམ་འདུན་ཡོད་ཚད་རེད་དོ་བསམ་བྱུང་།
དོ་རྒྱ་བསོད་ནམས་རྡོ་རྗེ་མཆོག ཁྱེད་ཀྱིས་བོད་ཡིག་ལེགས་པར་སྦྱངས་པའི་འབྲས་བུར་གོ་དོན་ཡོད་པ་ཞིག་བྲིས་པར་བཀའ་དྲིན་ཆེ། བོད་སྐད་གནས་སྟངས་དེ་ཤིན་ཏུ་ཉམ་ཐག་པ་ཆགས། མ་འོངས་རང་རང་གི་དམིགས་ཡུལ་ལས་ཀ་ལ་བལྟས་ཏེ། ལ་དྭགས་སོགས་རི་བོ་གངས་ཅན་པའི་སློབ་གྲྭའི་སློབ་མ་ཕོ་མོ་ཕྲུ་གུ་སུ་ཡིན་ཕལ་ཆེ་བས་བོད་ཡིག་མི་སྦྱང་། དེ་བཞིན་ཕྱི་རྒྱལ་དུ་ཡོད་པའི་བོད་ཀྱི་ཕྲུ་གུ་རྣམས་ཀྱང་དེ་འདྲ་རང་ཡིན་འདུག ངའི་ངོ་ཤེས་པ་ཁྱོ་ག་ནག་ཆུ་ཁ་དང། སྐྱེས་མ་དེ་གཙང་གཞིས་ཀ་རྩེ་ནས་ཡིན་པ་དག་ལ་བུ་གཉིས་ཡོད་པས་བོད་སྐད་རྒྱབ་མི་ཤེས། གོ་ཐུབ་པར་བཤད། ངས་ཁྱེད་ཕ་མ་གཉིས་ཀྱིས་ཨིན་སྐད་ཤེས་མདོག་གིས་ནང་དུ་བུ་དེ་དག་དང་མཉམ་དུ་བོད་སྐད་མ་རྒྱབ་པའི་སྐྱོན་ཡིན་འདུག་ཅེས་བཤདཔ་ཡིན།
སྤྱི་ལོ་༢༠༠༦ ང་སྟག་འཚེར་སོགས་ལ་ལྟ་བསྐོར་དུ་ཕྱིན། དེ་ཀའི་བོད་རིགས་དག་གིས་བོད་སྐད་མི་ཤེས་པ་ཐོས བདག་གིས་བོད་སྐད་མ་ཤེས་པ་ཀུན་རྒྱ་མི་ཡིན་པ་རྩིས་ཀྱང་། ང་ཅག་གི་རླངས་འཁོར་གྱི་ཁ་ལོ་སྒྱུར་མཁན་དེ་བོད་རིགས་ཡིན་ཟེར། བོད་སྐད་རྒྱབ་མི་ཤེས། མིང་ལ་བཀྲ་ཤིས་ཟེར་བསམ།
་དགེ་རྒན་འཇིགས་མེད་སོགས་ལྷག་བསམ་ཆེན་པ་ཡོད་པ་དག་གིས་བོད་ཀྱི་སྐད་དང་རིག་གཞུང་སྐྱོབ་ཐུབ་པར་ཡིད་སྨོན་ཡོད། ཁྱེད་ཀྱི་བྲིས་ན་ཚིག་མང་པོ་ཞིག་བདག་གིས་གོ་བ་མི་འདུག དེ་བཞིན་བདག་གིས་རང་གི་ལུང་སྐད་མ་འདྲེས་པར་འབྲི་བར་བརྩོན་ཡང་ཁ་རྒྱུན་གྱི་ཤུགས་ཀྱིས་འདྲེས་པར་ངེས། སྔར་གྱི་མདོ་སྨད་པའི་མཁས་པ་ཐུའུ་བཀྭན་ཆོས་ཀྱི་ཉི་མ་སོགས་དང་། ཕྱིས་ཀྱི་དགེ་བཤེས་རབ་རྒྱ་མཚོ། དགེ་འདུན་ཆོས་འཕེལ་སོགས་ལ་མིག་ཡར་བལྟས་ཀྱིས་འབྲི་དགོས་ཀྱང་། སོ་སོའི་ཁ་ནས་གང་འཐོན་པ་དེ་གཙོ་ཆེ་བར་བྱས་ཏེ། བོད་སྤྱིའི་སྐད་དང་དག་ཆ་རྣམས་ཇེ་ངན་ཇེ་ངན་དུ་འགྱུར་བའི་དུས་ལ་སླེབས་འདུག ཁྱེད་ང་ལས་ལོ་ངོ་ལྔ་བཅུ་དྲུག་ཅུ་གཞོན་པ་ཞིག་ཡིན་ངེས། བོད་སྤྱིའི་སྐད་ཤེས་པའི་ཕྱིར་དུ། བསྟན་པ་སྔ་དར་གྱི་སྐབས་སུ་བསམ་སུ་བསྒྱུར་པའི་བཀའ་འགྱུར་གྱི་དཔེ་ཆ་ཀུན་ན་ལ་དྭགས་ཀྱི་གྲོང་ཡུལ་པ་རྣམས་ཀྱིས་གཏམ་འཆད་པ་ལྟ་བུ་མང་དུ་འདུག དེ་བཞིན་དུ་མདོ་སྨད་ཀྱི་གྲོང་ཡུལ་སྐད་དང་མཐུན་པ་མང་དུ་ཡོད་པ་ཐག་ཆོད། དུས་ཡོད་སྐབས་སུ་དེ་དག་ལ་ཀློག་གྲོགས། ཁྱེད་ཀྱི་སློབ་སྦྱོང་དང་། སྐུ་ཚེ་དོན་ལྡན་འབྱུང་བར་ཡིད་སྨོན་བཅས།
རྒྱུ་མཚན་གང་ཡིན་མ་ཤེས་ཐ། རྩོམ་ཡིག་འདི་བཀླགས་ཚར་དུས་ངའི་མིག་མཐའ་མཆི་མའི་འཁྱིལ་ནས་མཐར་ག་ལེར་གཅིག་རྗེས་གནིས་མཐུད་དུ་ས་རུ་ཟགས་སོང་།
རྩོམ་ཡིག་འདིས་བདག་གི་མིག་མཐའ་མཆི་མས་བརླན་བྱུང་།
ལ་དྭགས་པའི་མཆན་མཐོང་དུས་སྐྱུག་མེར་ལངས་བྱུང་།
སྐད་ཡིག་རྟག་པ་མ་མིན་པས་དེ་ལ་འགྱུར་བ་ལོས་ཐེབས།
སྔོན་གྱི་བཀའ་བསྟན་འགྱུར་གྱི་སྐད་ཡིག་དེས་དེ་ལྟའི་སེམས་ཚོར་དག་བརྗོད་ཐུབ་པ་མ་ཡིན་ནོ
གོ་ན་རྣ་བའི་བདུད་རྩི་ཡིན
གནས་ཚུལ་སྤེལ་མཁན་དང་བསམ་བློ་པ་ལ་དྭགས་བློ་བཟང་འཇམ་དཔལ་གཉིས་ལ་ཐུགས་རྗེ་ཆེ། གནས་ཚུལ་བྲིས་བ་ཧ་ཅང་ལེགས་ཀྱང་ཨམ་སྐད་བསྲེས་སླད་མང་དྲག་པས་ཨམ་སྐད་མི་ཤེས་མཁན་ཚོར་གོ་དོན་བརྒྱ་ཆ་བརྒྱ་གོ་བ་དཀའ།
འདི་འདྲའི་གནས་ཚུལ་སྤེལ་རྒྱུ་ཧ་ཅང་གལ་ཆེ་ཞིང་འབྲི་བ་བོས་དེ་ལྟར་བྲིས་བ་ཧ་ཅང་ལེགས་ཤིང་ང་ཚོ་ཀུན་གྱིས་ཁ་མིག་ཡ་རྟ་བྱེད་འོས།
སྐྱེས་བུ་དང་པོའི་དུས་གསུམ་འབྲི་སྟངས།
ངས་རྒྱུས་ལོན་ཏོག་ཙམ་བྱས་པ་ཡིན། ༼སྐྱེས་བུ་དང་པོའི་དུས་འདས་པ་༽
ང་ནུས་ཤུགས་གང་ཡོད་གདོན་བགྱིད་ཡོད། ༼སྐྱེས་བུ་དང་པོའི་དུས་ད་ལྟ་བ་༽
ང་ཕ་ཡུལ་ལ་ལོག་རྩིས་བྱ་བགྱི་ཡིན། ༼སྐྱེས་བུ་དང་པོའི་དུས་མ་འོངས་པ་༽
དངོས་གནས་ཡག་པོ་བྲིས་འདུག སེམས་འགུལ་ཐེབས་སོང་།ཐུགས་རྗེ་ཆེ།
དེ་ཉིད་ལ་སྤྲིངས་པ།
ལ་དྭགས་ཀྱི་གསར་ཤོག་ཅིག་ཏུ་བོད་སྤྱིའི་སྐད་ལ་དོན་གཉེར་མེད་པ་ཁྱོད་ལྟ་བུ་ལ། སྐྱུག་བྲོ་ནའང་ཨ་མའི་ཕོར་པ་ཡིན། ཞེས་བྲིས་པ་ཁོ་བོས་མཐོང་མྱོང་། གཞན་ཡང་བོད་ཀྱི་གཏམ་དཔེར། དྲང་པོ་ཟེར་ན་མི་མི་དགའ། དབྱུག་པ་གཏང་ན་ཁྱི་མི་དགའ། ཞེས་པའི་གཏམ་དཔེ་ལྟར་ཡིན། བོད་སྐྱབ་པར་འདོད་ན། བོད་གཅིག་སྒྲིལ་དགོས། དེ་ལྟར་འབྱུང་བ་ལ་བོད་སྤྱིའི་སྐད་བཀོལ་དགོས། བོད་སྤྱིའི་སྐད་དེ། བཀའ་བསྟན་གསུང་འབུམ་བཅས་ནས་ལེན་དགོས། འདི་ལ་བསམ་བློ་ཐོངས།
རྒན་བློ་བཟང་འཇམ་དཔལ་ལགས་ཤིན་ཏུ་བདེན་ན་ཡང་། བཀའ་བསྟན་གསུང་འབུམ་གྱི་སྐད་ཡིག་འདི་དིང་དུས་ཉིན་རེའི་ཟ་སྐད་འཐུང་སྐད་དུ་བཀོལ་སྟངས་ཅིག་གསུངས་ན་ཕན་ཐོགས་ཆེ་བ་འདུག་ལགས།
སྔོན་མའི་ལེགས་སྦྱར་དང་ཞང་སྐད་སོགས་ནས་རིམ་པས་འགྱུར་བ་བཞིན་ད་རྒྱ་བོད་ར་མ་ལུག་
སྐད་དེ་ལྟར་མང་ནི་རེད།
བརྡ་སྤྲོད་གསེར་གྱི་མེ་ཏོག དགུན་ཁ་ཐོན་ན་འཐོར་དགོས་པ་རེད།
ད་སེམས་འཁྲལ་མ་བྱེད།
བཀའ་བསྟན་གྱི་བརྡ་ཆད་རྩ་ཆེན་པོ་དག་ཟ་འཐུང་ཉལ་ལུགས་ཚུན་ཆད་དུ་བཀོལ་སྤྱོད་བྱས་ནས་བསོད་ནམས་ཟད་འགྲོ་གི་མ་རེད་པས།
བསོད་ནམས་དེ་ཟད་ཆོག་ཆོག་གི་རྒྱ་མའི་ཅ་ལག་འདྲ་ཞིག་འེ་ཡིན་ན
འདི་སྐད་བདག་གིས་ཁ་བརྡར་ཉུལ་བའི་དུས་ཅིག་ན། སོ་རྡོར་གྱིས་རྩོམ་ཡིག་བཀའ་སྪལ་པ་ན། ཚེ་དང་ལྡན་པ་དེ་ཉིད་ཀྱིས། ལ་དྭགས་པའི་མཆན་བུ་ལ་སྐྱུག་མེར་ལངས་སོ་ཞེས་དྲིས་སོ། ཚེ་དང་ལྡན་པ་ལ་ལགས་པ་འཇམ་དཔལ་ལགས་ཀྱིས། ལན་འདེབས་སུ། བོད་སྤྱིའི་སྐད་དེ། བཀའ་བསྟན་གསུང་འབུམ་བཅས་ནས་ལེན་དགོས། འདི་ལ་བསམ་བློ་ཐོངས། ཞེས་པ་ལ། བདག་གིས་ཇི་ལྟར་ལེན་དགོས་སམ་འདྲི་བའི་རྗེས་སུ། རིགས་ཀྱི་བུ་ཀླུ་སྨྱོན་ལགས་ཀྱིས། བཀའ་བསྟན་གྱི་བརྡ་ཆད་རྩ་ཆེན་པོ་དག་ཟ་འཐུང་ཉལ་ལུགས་ཚུན་ཆད་དུ་བཀོལ་སྤྱོད་བྱས་ནས་བསོད་ནམས་ཟད་འགྲོ་གི་མ་རེད་པས། ཅེས་སྐད་པོ་ཆེ་ཡང་བསྒྲགས་ནས། རིགས་བུ། ལེགས་སོ། ལེགས་སོ། དེ་དེ་བཞིན་ནོ། དེ་དེ་བཞིན་ཡིན་ན་ཡང་། ང་ཚོ་སྤྱི་ལ་ཁྱབ་པའི་ཟ་སྐད་འཐུང་སྐད་ཅིག་ཡིག་ཐོག་ལ་མེད་པ་འདི་སུས་ལན་ནམ་ཞེས་འདྲི་འདོད་བྱུང་ལགས།
ཀུན་སློང་བཟང་པོ་ཞིག་གིས་སྒོ་ནས་བཀའ་བསྟན་གསུང་འབུམ་བཅས་ཀྱི་ཚིག་བཀོལ་ན་དགེ་བར་འགྱུར་བ་ཐེ་ཚོམ་མེད། ཀུན་སློང་ངན་པ་ཞིག་གི་སྒོ་ནས་དེ་ལྟར་བྱེད་ན། མི་དགེ་བར་འགྱུར་ཏེ། ཀླུ་སྒྲུབ་ཀྱིས།
ཆགས་དང་ཞེ་སྡང་གཏི་མུག་དང་།
དེས་བསྐྱེད་ལས་ནི་མི་དགེ་བ།
མ་ཆགས་ཞེ་སྡང་གཏི་མུག་མེད།
དེས་བསྐྱེད་ལས་ནི་དགེ་བ་ཡིན།། དབུ་མ་རིན་འཕྲེང་། ལེ་ ༡ ཚིགས་ ༢༠
དེ་ཡང་བཀའ་བསྟན་གསུང་འབུམ་སྐད་ལ་སྦྱངས་ན། དེ་དག་ན་གསུངས་པ་བཞིན་དུ། རང་རེས་དེ་དག་གི་ཚིག་བླངས་ཏེ། རང་གི་བརྗོད་པར་བཀོལ་ཐུབ། མ་སྦྱངས་པ་བདག་ལྟ་བུ་སྙོམ་ལས་ཅན་གྱིས་དེ་ལྟར་བྱེད་མི་ཐུབ། བཀའ་བསྟན་གསུང་འབུམ་བཅས་ཀྱི་སྐད་དེ་བོད་གངས་ཅན་པ་གཅིག་འགྱུར་འབྱུང་བ་ལ་བོད་ཡུལ་ལ་ཐུགས་གཅེས་པ་དགེ་འདུན་ཆོས་འཕེལ་གྱིས་རང་རེ་ལ་མ་འོངས་རྒྱང་གཟིགས་ཀྱིས་འདི་ལྟར་བསླབ་བྱ་མཛད་དེ། དེབ་ཐེར་དཀར་པོ། ལྷ་ས་སྤར་མ་ཤོག་༣༢་པ་དང་། དཧ་ས་སྤར་མ་དེབ་ཤོག་གྲངས་༡༠༧ནས་༡༠༨བར་དང། ཨིན་འགྱུར་p.7་ལ་གཟིགས་ངེས་པར་གཟིགས་དགོས། གལ་ཏེ་གང་གསུངས་པ་དེ་འགོད་དགོས་ན། རྗེས་མར་སླག་ཡང་འགོད་ངེས། སྔར་ལན་མང་དུ་བཀོད་པ་ཡིན།
ཞིབ་མོར་བཀླགས་ན་འདུལ་བའི་གླེང་གཞི་ཚང་མ་ཟ་སྐད་འཐུང་སྐད་རྐྱང་རྐྱང་འདྲ་བོ་རེད། ད་དུང་བོད་ནང་གི་བཀའ་གདམས་ཕ་ཆོས་བུ་ཆོས་དང་། རྗེ་མི་ལས་རྣམ་ཐར་དང་རྒྱལ་མཆོག་དྲུག་པའི་གསུང་སོགས་ལས་དེང་དུས་ཁ་སྐད་སྤྱི་ཁྱབ་ཅིག་འོང་མི་ཐུབ་པ་མི་འདུག་སྙམ་ཡང་། དྲང་པོ་ བཤད་ན་ མི་ མི་དགའ་བས་ ད་ ཅི་བྱར་ ཡོད།
རྒྱ་ནག་གིས་ཆབ་སྲིད་དྲིལ་སྒྲགས་དང་རྒྱ་གཞུང་བོད་དམ་མི་མང་ལ་བཀའ་དྲིན་ཆེ་ཚུལ་སོགས་དངུལ་སྒོར་ཁྲི་ཕྲག་མང་པོ་འགྲོ་སོངབཏང་ཞིང་ལུང་པ་ཁུག་ཀྱོག་ཀུན་ལ་བཀའ་ཆོས་རྩལ་དུ་སླེབས་ཀྱང་། མི་མང་གི་འཕྲོད་བསྟེན་དང་ཤེས་རིག་ཡར་རྒྱས་སླད་གྲོང་གསེབ་ཁག་ཏུ་ཆོགས་འདུ་སྣ་གཅིག་ཀྱང་མི་གནང་བ་ནི་དོན་ངོས་ཁོང་ཁྲོ་སླང་བའི་གནས་རེད། དེ་ནི་ཆེད་གཙུགས་ནས་མི་རྣམས་དུད་འགྲོ་སྒྱུར་བའི་སྲིད་ཇིས་རེད།