བསོད་ནམས་རྡོ་རྗེ།
༄༅། །མདོ་རྒྱུད་རྒྱ་མཚོའི་མངའ་བདག་དཔལ་ལྡན་སྨད་རྒྱུད་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་བདེ་ལེགས་སམ་རྒན་དབུ་མ་འཇུག་པ་དཔལ་བཟང་པོ་མཆོག་གི་རྣམ་ཐར་སྙིང་བསྡུས་དད་པའི་པདྨོ་བཞད་པའི་ཉིན་བྱེད་ཞེས་བྱ་བ་བཞུགས་སོ།
༄༅། །རབ་འབྱམས་རྒྱལ་བའི་ཐུགས་རྗེ་རྒྱ་མཚོ་དང༌།།
རྟེན་འབྲེལ་ཟབ་མོ་ཟུང་དུ་འཇུག་པའི་ལམ།།
ཇི་བཞིན་གཟིགས་ཤིང་གཞན་ལ་འདོམས་མཛད་པ།།
སྐྱབས་གཅིག་གངས་ཅན་མགོན་པོས་དགེ་ལེགས་སྩོལ།།
དབུ་མའི་ལྟ་དང་གཞན་ཕན་སྙིང་རྗེའི་བློ།།
མ་བྲལ་ཟུང་འཇུག་ཐར་པའི་ལམ་མཆོག་བཟང༌།།
འཇུག་ངོགས་ཆེ་དེར་འདྲེན་པས་འགྲོ་ཀུན་བདེ།།
པ་ཊུ་ཁྱེད་ནི་བསྟན་འགྲོའི་གཙུག་ན་ལེགས།།
གང་གི་བློ་གྲོས་ཉིན་བྱེད་འོད་སྟོང་གིས།།
བདག་སོགས་བཟང་པོའི་ལས་ཅན་པདྨོའི་ཚལ།།
འདབ་སྟོང་བདེ་བར་འགྲོལ་བའི་ཐབས་མཁས་མཆོག།
འདི་ཕྱིའི་ལེགས་ཚོགས་སྤེལ་བའི་གཉེན་དུ་ཆེ།།
གང་གི་གསང་གསུམ་རྒྱན་གྱི་འཁོར་ལོའི་མཛོད།།
སོ་སྐྱེས་གཞལ་བར་རྩོམ་པར་གནམ་པོ་ཡང༌།།
མི་ཕྱེད་དད་བརྒྱས་རྣམ་ཐར་ཆ་ཤས་ཙམ།།
དཔྱོད་ལྡན་འདི་ཕྱིའི་གཟིགས་མོར་ཐགས་སུ་བསྐྲུན།།
༄༅། །དེ་ཡང་བདག་ཅག་རྣམས་ལ་བཀའ་དྲིན་མཚུངས་ཟླ་མ་མཆིས་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ངེས་པ་དོན་གྱི་མཁས་བཙུན་བཟང་པོའི་དཔལ་མངའ་རྒྱད་སྨད་མཁན་རིན་པོ་ཆེ་ཏྲེ་རྗེ་བཙུན་བློ་བཟང་བདེ་ལེགས་སམ་དབུ་མ་འཇུག་པ་དཔལ་བཟང་པོ་མཆོག་གི་རྣམ་ཐར་རྒྱ་མཚོ་ལྟ་བུ་ལས་ཆུ་ཐིགས་ཙམ་ཞིག་འགོད་པར་བྱ་ན།
འཕགས་མཆོག་སྤྱན་རས་གཟིགས་ཀྱི་གདུལ་ཞིང་བོད་གངས་ཅན་ལྗོངས་ཆོལ་ཁ་གསུམ་གྱི་ཡ་གྱལ་མདོ་སྟོད་མི་ཡི་ཆོལ་ཁའི་ཆར་གཏོགས་པ་དགེ་བཅུའི་དཔལ་གྱི་མངོན་པ་མཐོ་བ་དཀར་མཛེས་རྫོང༌། འདབ་མདོ་གྲོང་ཚོར་རིགས་རུས་ཕུན་སུམ་ཚོགས་པ་ཡབ་ཚེ་དབང་ཕུན་ཚོགས་དང༌། ཡུམ་དོན་གྲུབ་ལྷ་མོ་གཉིས་ཀྱི་སྲས་སུ་སྤྱི་ལོ་༡༩༣༩ཟླ་བ་༡ཚེས་༥ཉིན་སྐུ་བལྟམས་ཤིང་འཁྲུངས་གསར་རྡོ་རྗེ་འཆང་བློ་བཟང་དཔལ་ལྡན་ངག་གི་དབང་ཕྱུག་དཔལ་བཟང་པོ་མཆོག་གིས་མཚན་དུ་བློ་བཟང་བདེ་ལེགས་ཞེས་གསོལ།
རྗེ་འདི་ཉིད་སྐུ་ན་ཆུང་དུས་ནས་ལྟ་ན་སྡུག་ཅིང་སྔོན་བསགས་བག་ཆགས་ཀྱིས་ཐུགས་གཤིས་བཟང་བ་དང༌། རྟེན་ལ་དད་ཅིང༌། ཡི་གེ་འབྲི་ཀློག་གི་ཚུལ་ལ་ཐུགས་སྣང་ཆེ་བ་མ་ཟད། ལྷག་པར་རབ་བྱུང་གནང་རྒྱུར་ཐུགས་མོས་ཧ་ཅང་ཆེ་པས་ང་གྲྭ་པ་བྱེད་གི་ཡིན་ཞེས་ཨུ་ཚུགས་གནང་གི་ཡོད་སྟབས་ནམ་རྒྱུན་ཡབ་ཀྱིས་སྐྲ་གྲིས་དབུ་སྐྲ་བཞར་བའི་ཚེ་དབུ་ཚ་ནས་ངུ་བ་གནང་སྐབས་ཡབ་ཀྱིས་སྐུ་རྩེད་གནང་སྟེ་ད་གྲྭ་པ་ཡོང་བ་མི་འདུག་པས་སྐྱ་བོ་བཟོས་ཤོག་ཅེས་གསུང་དུས་སྐུ་ཚེ་རིང་ང་གྲྭ་པ་བྱེད་ཀྱི་ཡིན་གསུང་ནས་སྐྱ་བོ་བཟོ་དོགས་ཀྱིས་འཇིགས་ནས་ག་ཚོད་ཚ་ཡང་སྡུག་རུས་གནང་ནས་བཞུགས་པ་མ་ཟད། རྟེན་གྱི་དྲུང་དུ་གྲྭ་པ་ཡག་པོ་ཞིག་བྱེད་རྒྱུ་ཡོང་བ་ཤོག་ཅེས་སྨོན་ལམ་ཡང་ཡང་འདེབས་ཀྱི་ཡོད་ཀྱང་སྐུ་ན་ཕྲ་བས་ཁྱིམ་ལ་ཉར་སྟབས། དགུང་ན་བདུན་ལ་ཕེབས་དུས་རྒན་བཀྲ་རྒྱམ་མཆོག་གི་དྲུང་དུ་ཆོས་ཐོག་ཏུ་ཕེབས་ནས་ང་ལ་དཔེ་ཆ་སློབ་རོགས་ཅེས་དགྱེས་ཚོར་ཆེན་པོས་བཅར་གནང་བར་རྒན་མཆོག་ཀྱང་ཐུགས་ཤིན་ཏུ་མཉེས་ནས་ཞལ་བཞེས་གནང༌། དེ་ལྟར་ཡབ་ཀྱི་ཤེས་རྗེས་རྒན་མཆོག་གི་དྲུང་དུ་བཅར་ཏེ་ངའི་ཕྲུ་གུ་འདི་ལོ་ན་ཆུང་སྟབས་ད་བར་མ་བཏང་ཡང་དེ་རིང་ཆོས་ཐོག་ལ་ཕྱིན་འདུག་པས་རྒན་མཆོག་གིས་འདི་ལ་དཔེ་ཆ་སོགས་སློབ་གནང་ཡོང་བ་ཞེས་མར་རྩམ་སོགས་ཕུལ་ནས་སྐྱབས་འཇུག་ཞུ་སྐབས་རྒན་མཆོག་གིས་ཕྲུ་གུ་གཞན་རྣམས་ང་མཐོང་སྐབས་བྲོས་མཁན་མ་གཏོགས་མེད་ཀྱང༌། འདི་ཉིད་ང་ལ་དགའ་སྣང་ཆེན་པོ་འདི་འདྲ་བྱེད་པ་ནི་ངེད་གཉིས་ལས་འབྲེལ་ཟབ་མོ་ཡོད་པ་མ་ཟད།་ཁོ་རང་ཡག་པོ་ཞིག་ཀྱང་རེད་འདུག་པས་ཤིན་ཏུ་ལེགས་ཞེས་བསྔགས་བརྗོད་གནང་ཞིང་དགེ་ཕྲུག་མང་པོ་ཡོད་པའི་ནང་ནས་ཐུགས་བརྩེ་ཆེ་ཤོས་གནང༌།
རྗེ་འདི་ཉིད་སྐྱེ་སྟོབས་ཤེས་རབ་ཀྱི་དཔལ་འབར་བ་ཞིག་ཡོད་པར་བརྟེན་ཅང་མ་འགོར་བར་ཡི་གེ་འབྲི་ཀློག་མཁྱེན་སྟབས། རྒན་བཀྲ་རྒྱམ་མཆོག་ལ་དབུ་མ་འཇུག་པའི་ཕྱག་དཔེ་བྱིན་ཅན་ཞིག་ཡོད་པ་དེ་དབུར་བཏུག་ནས་ཐུགས་སྨོན་གནང་སྟེ་རྗེ་འདིར་བསྩལ་ནས་འདི་རྩ་ཆེན་པོ་ཞེ་དྲག་ཡིན་པས་ང་རྒད་པོ་མ་ཤི་གོང་འདི་སློབ་ཀྱི་ཡིན་ཞེས་རྟེན་འབྲེལ་འགྲིག་ནས་སློབ་ཁྲིད་གནང་བར་བརྟེན་ཡུན་རིང་མ་སོང་བར་དབུ་མ་འཇུག་པ་དང༌། མངོན་རྟོགས་རྒྱན། གདུགས་དཀར་བཅས་ཐུགས་འཛིན་གནང་ཞིང་དགེ་རྒན་དམ་པའི་བཀའ་ལྟར་ལོ་དེར་ཁང་གསར་སྐྱབས་མགོན་བླ་བྲང་དུ་རྒྱན་འཇུག་གཉིས་བློ་རྒྱུགས་ཕུལ། དེ་ནས་དཀར་དགོན་བཤད་སྒྲུབ་ནོར་བུའི་གླིང་དུ་ཕེབས་ཏེ། ཁག་ཐེག་དགེ་རྒན་རྒན་ངག་དབང་བསྟན་འཛིན་མཆོག་བསྟེན་ཅིང༌། མཚན་ཉིད་གྲྭ་ཚང་གི་མཁན་རིན་པོ་ཆེ་ཡོན་ཏན་དམ་པར་གསར་མཇལ་གྱིས་ཆོས་སྒོར་ཞུགས། སྐྱབས་མགོན་བླ་བྲང་ནས་བློ་རྒྱུགས་ཕུལ་བའི་ཐོ་གཞུང་དགོན་ཤགཕྱག་མཛོད་ཁང་ལ་ཕུལ་སྟབས་གྲྭ་ཚང་ནས་འདུས་ཚོགས་དབུས་སུ་གཟེངས་བསྟོད་ཀྱི་མཇལ་དར་གནང་བར་བརྟེན་རྒྱན་འཇུག་གཉིས་བློ་རྒྱུགས་ཕུལ་མཁན་ཕྲུ་གུ་ལོ་ཆུང་འདི་ལྟ་བུ་ཞེས་ཐམས་ཅད་ངོ་མཚར་སྐྱེས་ཤིང་མཚན་དངོས་མཁྱེན་མིན་གྱིས་ཚང་མས་དབུ་མ་འཇུག་པ་ཞེས་དགའ་འབོད་གནང་སྟབས་དེ་ནས་བཟུང་མཚན་ལ་དབུ་མ་འཇུག་པ་ཞེས་ཐོགས་ནས་ཡོངས་སུ་གྲགས།
དཀར་དགོན་གླིང་འདིར་གྲྭ་ཚང་གསུམ་ཡོད་པའི་ཡ་གྱལ་མཚན་ཉིད་གྲྭ་ཚང་གི་མཁན་རིན་པོ་ཆེ་རྒན་ཡོན་ཏན་མཆོག་ནས་དགོན་པར་སློབ་གྲྭ་འཛུག་རྒྱུའི་དགོངས་བཞེས་མངོན་དུ་འགྱུར་པའི་སྐབས་དང་ཁེལ་ནས་སློབ་གྲྭ་འགྲིམ་ཞིང་དེའི་སྐབས་ལོ་ལྟར་བློ་རྒྱུགས་འབུལ་མཁན་རྣམ་པར་གྲྭ་ཚང་གི་ཚོགས་དབུས་སུ་གྲྭ་རྒན་ཨང་དང་གཉིས་སོགས་ཀྱི་མཚན་གནས་འབུལ་སྲོལ་ཡོད་པས། ཐོག་མར་གྲྭ་རྒན་ཨང་གསུམ་པ་དང༌། དེ་ནས་གྲྭ་རྒན་ཨང་གཉིས་པ། རྗེས་སུ་གྲྭ་སར་མ་ཕེབས་གོང་གྲྭ་རྒན་ཨང་དང་པོའི་མཚན་གནས་ཐོབ་པས་སྐྱེ་བོ་ཀུན་་གྱི་ཡི་རང་བསྔགས་བརྗོད་ཀྱི་ཡུལ་དུ་གྱུར།
དགུང་གྲངས་༡༡ལ་སོན་སྐབས་འཁྲུངས་གསར་རྡོ་རྗེ་འཆང་བློ་བཟང་དཔལ་ལྡན་ངག་གི་དབང་ཕྱུག་དཔལ་བཟང་པོ་མཆོག་གི་ཞལ་སྔ་ནས་དགེ་ཚུལ་གྱི་སྡོམ་པ་མནོས་ནས་མཚན་ལ་ངག་དབང་བཟོད་པ་ཞེས་གསོལ་ཏེ་བསླབ་ཁྲིམས་མིག་འབྲས་ཇི་བཞིན་སྲུང་གནང་མཛད།
༡༩༥༦ལོར་དགུང་ལོ་བཅུ་བདུན་ལ་ཕེབས་སྐབས་བདེ་བར་གཤེགས་པའི་གསུང་རབ་དགོངས་འགྲེལ་དང་བཅས་པར་གསན་བསམ་མཛད་འདུན་སྐོམ་པ་ཆུ་འདོད་ལྟར་ཆེས་ཆེར་འཕེལ་ནས་དཀར་དགོན་བཀའ་བཅུ་དཀོན་མཆོག་དང་ལྷན་དུ་དབུས་འགྱུར་ཆོས་ཀྱི་ཞིང་སར་ཕེབས་ཞོར་གནས་ཆེན་ཁག་དང༌། ཁྱད་པར་སྐྱེ་འགྲོ་ཡོངས་ཀྱི་བསོད་ནམས་ཀྱི་བགོ་སྐལ་བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་འབར་བ་ཇོ་བོ་ཤཱཀྱ་མུ་ཎེའི་སྤྱན་སྔར་བསྟན་པ་རྒྱས་པ་དང་འགྲོ་བ་བདེ་བའི་ཐུགས་བསྐྱེད་སྨོན་ལམ་རྒྱ་གང་ཆེ་མཛད་དེ་མཁས་གྲུབ་བྱེ་བའི་འབྱུང་གནས་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་སྒོར་ཞུགས་ཏེ་ཏྲེ་ཧོར་རྒན་ཡ་མ་རྒྱ་མཚོ་ཁག་ཐེག་རྒན་དུ་བསྟེན་ནས་སེར་བྱེས་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་དབང་ཕྱུག་མཆོག་ལ་མཁན་པོ་གསར་མཇལ་ཞུས་ཏེ་རྒྱུད་སྨད་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་རྡོ་རྗེ་བཀྲིས་དཔལ་བཟང་པོའི་ཞབས་རྡུལ་སྤྱི་བོར་བླངས་ཏེ་གྲུབ་དོན་ས་གསུམ་དང་སྐབས་དང་པོའི་སྤྱི་དོན་སྟོད་ཆ་ཐུགས་འཛིན་སྐྱོར་སྦྱང་དང་བསྡུས་གྲྭ་གསུམ་དཔེ་ཁྲིད་ཞུས་ནས་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་པར་མཛད།
༡༩༥༩ལོར་བསྟན་དགྲ་རྒྱ་དམར་ནས་བོད་ཀྱི་སྣོད་བཅུད་ཡོངས་རྫོགས་ལ་བཙན་འཛུལ་བྱས་རྐྱེན་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མི་རིགས་རྒྱལ་བསྟན་ཆབ་སྲིད་དང་བཅས་པ་སྐྱོབས་ཐབས་ཐུགས་བསྐྱེད་སྨོན་ལམ་དང་བཅས་འཕགས་ཡུལ་དུ་ཆིབས་ཞལ་བསྒྱུར་བའི་ཞབས་མཇུག་ཏུ་ལས་ཅན་བོད་མི་ཁྲི་ཕྲག་མང་པོ་ཕེབས་པའི་གྲས་སུ་རྗེ་འདི་དང་མཁས་དབང་དགེ་བཤེས་ཀརྨ་བསོད་ནམས་སོགས་ལྷན་དུ་དམག་འཁྲུགས་ཀྱི་འཇིགས་སྣང་འོག་ཏུ་ལ་ལུང་དང་གཡང་གཟར་འཇིགས་རུང་གྲངས་མེད་བརྒལ་ནས་ཚ་གྲང་བཀྲེས་སྐོམ་དང་ངལ་དུབ་དུ་མའི་ཁྲོད་སྲོག་བློས་གཏོང་གིས་སྨར་སྒོ་ལ་བརྒྱུད་ཐོག་མར་མ་སུ་མ་རིར་འབྱོར་ཞིང་ཟླ་ཤས་རྗེས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཀའ་དགོངས་ལྟར་སྦག་སར་མཉམ་མེད་ཐུབ་པའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་ཐུབ་སླད་གདན་ས་ཆེན་པོ་གསུམ་དང་རིས་མེད་ཆོས་བརྒྱུད་ཁག་གི་སློབ་གཉེར་གསར་འཛུགས་གནང་པ་དེར་ཕེབས་ནས་རང་བྱུང་ཁོར་ཡུག་དང་འཚོ་བའི་མཐུན་རྐྱེན་སོགས་ཧ་ཅང་ཞན་ཡང་ཇི་མི་སྙམ་པར་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་གྱིས་མི་ཚེ་དོན་དང་ལྡན་པ་ཞིག་གནང་རྒྱུའི་འདུན་པས་སེར་བྱེས་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་དབང་ཕྱུག་དཔལ་བཟང་པོ་མཆོག་དང༌། རྒྱུད་སྨད་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་རྡོ་རྗེ་བཀྲིས་དཔལ་བཟང་པོ། རྒྱུད་སྨད་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་སྐལ་བཟང་རྣམ་རྒྱལ་དཔལ་བཟང་པོ་ལ་སོགས་རང་དང་གཞན་གྱི་གྲུབ་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་དུ་སོན་པ་དགེ་བའི་བཤེས་གཉེན་དུ་མའི་ཞབས་རྡུལ་སྤྱི་བོར་བླངས་ཤིང་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཚུལ་བཞིན་དུ་བསྟེན་ཏེ་ཚད་མ་དང༌། ཕར་ཕྱིན། དབུ་མ་འདུལ་མཛོད་སོགས་ལུང་ཆོས་སྡེ་སྣོད་གསུམ་ལ་གསན་བསམ་དང་འབྲེལ་མཛོད་རྩ་བ། རྣམ་འགྲེལ་རྩ་བ། སྐབས་དང་པོའི་སྤྱི་དོན། སྤྱོད་འཇུག་ཆེན་པོ། དྲང་ངེས་ལེགས་བཤད་སྙིང་པོ། འགྲེལ་བ་དོན་གསལ། དབུ་མ་རྩ་བ་ཤེས་རབ། ཚད་མ་ཀུན་བཏུས། དབུ་མ་རྒྱན། འདུལ་སྡོམ། དབུ་མའི་སྤྱི་དོན། ཀུན་གཞི་རྩ་འགྲེལ་སོགས་རིག་པའི་གནས་ལ་ཉེ་བར་མཁོ་བའི་དཔེ་ཚོགས་དུ་མ་རྗེ་བཙུན་བློ་བཟང་དབང་ཕྱུག་མཆོག་ནས་བློ་ལ་གང་ཟུངས་ཤིག་གསུངས་པ་ཐམས་ཅད་ཐུགས་འཛིན་གནང་སྟབས་རྗེ་བཙུན་མཆོག་ནས་སྐུ་རྩེད་དང་སྦྲགས་ད་ངས་ཁྱེད་ལ་དཔེ་ཆ་བཟུང་རྒྱུ་སྤྲོད་ཡས་བརྙེད་པ་མི་འདུག་ཅེས་དགྱེས་མཉེས་ཆེན་པོ་གནང༌། རྒྱུན་དུ་བོད་ཕྱི་ནང་གཉིས་སུ་ཐུགས་འཛིན་གནང་བ་ཐམས་ཅད་སྐྱོར་སྦྱོང་དང༌། ལྷག་པར་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་དབང་ཕྱུག་མཆོག་ནས་དེ་རིང་རེས་གཟའ་ལྷག་པ་རེད་སྐུ་འདུན་ཡིད་བཞིན་ནོར་བུའི་བླ་གཟའ་ཡིན་པས་ཁྱེད་ཀྱིས་དྲང་ངེས་ལེགས་བཤད་སྙིང་པོ་སྐྱོར་ཅིག་གསུངས་པ་ལྟར་དམ་པ་གང་གི་སྤྱན་སྔར་ཆ་ཚང་གཅིག་སྒྲ་དག་གསལ་གསུམ་ངང་སྐྱོར་གནང་བར་ཐུགས་རབ་ཏུ་དགྱེས་ཏེ་སྐུ་ཟན་གྱི་འོག་ནས་བཞེས་བག་བཞི་གནང་སྟེ་འདི་གཞན་ལ་མ་སྟོན་ཅིག་ང་ལ་སྤྲོད་ཡས་མེད་ཅེས་གསུང༌། དེ་ནས་བརྒྱ་ཚར་གཅིག་སྐྱོར་དགོས་པའི་བཀའ་དགོངས་ལྟར་དྲང་ངེས་ལེགས་བཤད་སྙིང་པོ་བརྒྱ་ཚར་དང༌། དེ་རྗེས་སྐུའི་ཡོངས་འཛིན་ཁྲི་བྱང་རྡོ་རྗེ་འཆང་གི་ཞབས་བརྟེན་ཆེད་བབས་པ་ཤར་རྩེ་གྲྭ་ཚང་གི་གནས་བརྟན་བགྲེས་སོང་དུ་མས་རང་གི་གསོག་མ་ཐུབ་པ་སྔ་ཕྱིར་རེ་བསྐུལ་གནང་པ་ལྟར་སླར་ཡང་ཚར་བརྒྱ་རྩ་བརྒལ་བ་བཅས་ཚར་ཉི་བརྒྱ་ལྷག་ཙམ་སྐྱོར་གནང་པ་སོགས་དཀའ་སྤྱད་སྙིང་རུས་ཀྱི་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོའི་སྐུ་ཚེ་མཛད་འཕྲིན་དང་སྤྱི་སྒོས་བསྟན་འགྲོར་སྨན་པའི་ཞབས་རིམས་ཆེད་ཚོགས་གཉིས་རླབས་པོ་ཆེ་བསགས་གནང་མཛད།
བར་སྐབས་ཤིག་ཏུ་དོལ་རྒྱལ་བསྟེན་གསོལ་ཧེབ་ལངས་པར་ཉིན་ཞིག་རྗེ་བཙུན་བློ་བཟང་དབང་ཕྱུག་དམ་པ་མཆོག་ནས་རྗེ་འདིར། ཁྱེད་དོལ་རྒྱལ་གྱི་སྲོག་གཏད་སོགས་ཞུས་མེད་དམ་ཞེས་བཀའ་དྲིས་གནང་བར། རྗེ་འདིས་ཞུས་མེད་རྗེ་བཙུན་དམ་པ་ཁྱེད་ཀྱང་སྲོག་གཏད་སོགས་གང་ཡང་ཞུས་མིན་འདུག་ཞུས་ནས། རྗེ་བཙུན་བློ་བཟང་དབང་ཕྱུག་དཔལ་བཟང་པོ་མཆོག་གི་རྣམ་པར་ཐར་པ་གཙང་མ་སྐྱོང་བཞེས་མཛད།
རྗེ་འདི་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོའི་ཞབས་རྗེས་སུ་རྒྱ་གར་དུ་ཐར་ཐུབ་པ་སྐལ་པ་ཤིན་ཏུ་བཟང་ཞིང་ྋགོང་ས་མཆོག་གི་སྐུ་འདུན་ནས་དགེ་སློང་སྒྲུབ་འདོད་སྐོམ་པས་ཆུ་འདོད་ལྟར་ཆེ་ན་ཡང་ལམ་གྲོན་གཏོང་རྒྱུ་མེད་སྟབས་ྋགོང་ས་མཆོག་གི་ཞལ་མཇལ་ཙམ་ཡང་ཞུ་མ་ཐུབ་པར་སེམས་པ་གཏིང་ནས་སྐྱོ་ཞིང་བློ་ཕམ་ཚད་མེད་ངང་ཉིན་སོང་ཟླ་སོང་གི་ལོ་ངོ་ཧྲིལ་པོ་དགུ་ཙམ་སོང་པར་དངོས་གནས་སེམས་པ་སྐྱོ་པོ་དཔེ་མི་སྲིད་པ་ཡོང་མྱོང་ཞེས་དུས་ད་ལྟ་གསུང་གནང་བའི་སྐབས་སུ་ཡང་ཐུགས་ཕམ་དང་སྐྱོ་སྣང་ཆེན་པོ་གནང་གི་ཡོད།
༡༩༦༨ལོར་རྗེ་བཙུན་བློ་བཟང་དབང་ཕྱུག་དམ་པ་རྒྱང་རིང་དུ་བཞུགས་ཡོད་སྟབས། ཕྱག་བྲིས་ཕུལ་ནས་ལམ་གྲོན་གཏོང་རྒྱུ་ཞིག་ཐབས་ཤེས་ཐུབ་སོང་བས་བཞུགས་སྒར་དུ་དགེ་སློང་སྒྲུབ་ཏུ་ཕྱིན་ཆོག་པའི་གནང་བ་ཞུས་ཏེ་དགུང་ལོ་ཉེར་བརྒྱད་ལ་ཕེབས་སྐབས་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་ྋགོང་ས་ྋསྐབས་མགོན་ཆེན་པོ་མཆོག་ནས་མཁན་སློབ་སྦྲགས་མ་དང་རྣམ་གྲྭ་མཁན་རིན་པོ་ཆེ་བློ་བཟང་དོན་གྲུབ་མཆོག་གི་གསང་སྟོན་སློབ་དཔོན་གནང་སྟེ་བསྙེན་རྫོགས་ཀྱི་སྡོམ་པ་ཡང་དག་པར་མནོས་ཤིང་བརྗོད་དུ་མེད་པའི་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་བསླབ་སྡོམ་མིག་འབྲས་བཞིན་དུ་སྲུང་གནང་མཛད། དེ་ནས་རྗེ་བཙུན་བློ་བཟང་དབང་ཕྱུག་དམ་པ་ཚུར་ཕེབས་པ་ན་ཧ་ལས་པའི་ཐུགས་དགྱེས་མཉེས་ཆེན་པོ་མཛད་ནས་བློ་བཟང་བདེ་ལེགས་འཛིན་གྲྭ་འདི་མ་གཏོགས་མ་སླེབས་ཀྱང་འདུལ་བ་ལས་གནས་པའི་གནས་ལ་མ་ཞུས་པར་བྱ་བ་རྣམས་མི་བྱའོ་ཞེས་གསུངས་པ་ལྟར་ང་ལ་བསྙེན་རྫོགས་སྒྲུབ་ཆོག་པའི་གནང་བ་ཞུས་པ་ནི་འདུལ་ཁྲིམས་དང་མཐུན་པས་ཤིན་ཏུ་ལེགས་ཏེ། འདི་ཉིད་མ་འོངས་པར་སྐྱེས་བུ་མི་འདྲ་བ་ཞིག་འབྱུང་ངེས་སོ་ཞེས་དགེ་ཕྲུག་གཞན་རྣམས་ཀྱི་ཁྲོད་དུ་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་འཐོར་བ་མ་ཟད། རྒྱུན་གཏན་ནས་རྗེ་བཙུན་དམ་པ་འདིས་རྗེ་འདིར་ཐུགས་དགྱེས་མཉེས་ཧ་ཅང་ཆེ་བས་དབུ་ཕར་ནས་འདུལ་མཛོད་བར་ཉིན་ལྟར་དཔེ་འཁྲིད་ཐམས་ཅད་ཆད་མེད་ཕེབས་དགོས་པའི་བཀའ་གནང་ཡང༌། འདུལ་མཛོད་དཔེ་ཁྲིད་ཞུ་མཁན་འཛིན་གྲྭ་རྒན་པ་ཤ་སྟག་ཡིན་སྟབས་རྗེ་འདི་ལྷན་དུ་་ཕེབས་བདེ་བྱུང་མིན་གྱིས་ང་དཔེ་ཆ་བཟུང་དགོས་ཚུལ་ཞུས་པར། ཁྱེད་ཀྱིས་ངའི་མི་ཚེར་གོང་མ་རྒྱབ་པ་ཅི་ཡིན། ཁྱེད་འདུལ་མཛོད་ལ་སླེབས་དུས་ང་སྡོད་ཀྱི་ཡོད་མེད་མི་ཤེས་པས་དཔེ་ཁྲིད་ལ་མ་ཡོང་ན་སྡིག་པ་མི་འགྲིག་ཅེས་བཀའ་ནན་གནང་བར་བརྟེན་དཔེ་ཁྲིད་ཆད་མེད་ཕེབས་ཏེ་རྗེ་བཙུན་དམ་པ་འདི་ཉིད་ལ་གདམས་ངག་ཅི་མཆིས་ཐམས་ཅད་བུམ་པ་གང་འཇོའི་ཚུལ་དུ་གསན་བསམ་སྒོམ་པ་རྒྱ་ཆེར་མཛད།
༡༩༦༩ཟླ་༡༢པར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་ཐུགས་སྐྱེད་སྨོན་ལམ་དང་དབུ་ཁྲིད་ལམ་སྟོན་ལྟར་རང་གཞུང་བཀའ་དྲིན་ཅན་གྱི་མཛད་ཕྱོགས་འོག་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ཉམས་པ་སླར་གསོ་དང་མི་ཉམས་གོང་སྤེལ་ཚགས་ཚུད་སླད་སྦག་སར་ཡོད་པའི་གྲྭ་བཙུན་རྣམས་རྒྱ་གར་ལྷོ་ཕྱོགས་སོགས་སུ་གཏོང་གནང་མཛད་པ་ལྟར་འདུས་མང་དང་ལྷན་དུ་མའེ་སོར་སྦེལ་ཀོབ་ཏུ་གནས་སྤོས་གནང་སྟེ་རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་བསྟི་གནས་དགེ་འདུན་གྱི་སྡེ་སེ་ར་ཐེག་པ་ཆེན་པོའི་གླིང་འདི་ཉིད་ཀྱི་རྨང་གཞི་གསར་འཛུགས་སླད་ལོ་ཤས་རིང་ཤིང་ནགས་གཅོད་བྲེག་གིས་ཞིང་ལས་ཐོན་སྐྱེད་དང༌། གཙུག་ལག་ཁང་རྟེན་བརྟེན་པ་དང་དགེ་འདུན་གྱི་བཞུགས་ཤག་བཅས་འཛུགས་བསྐྲུན་གྱིས་བྱ་གཞག་ནང་ལྷགས་བསམ་རྣམ་དག་ངང་བཞུགས་ཤིང་དཀའ་སྤྱད་སྙིང་རུས་ཀྱིས། ཞོར་དུ་ཕྱག་དཔེ་སྐྱོར་སྦྱོང་སོགས་ལ་ཡང་འབད་བརྩོན་བཅས་སྤྱི་སྒོས་བསྟན་འགྲོར་སྨན་པའི་ཚོགས་གསོག་སྒྲིབ་སྦྱོང་དཔག་ཏུ་མེད་པ་མཛད།
དེ་ནས་༧གོང་ས་མཆོག་དང་ཡོངས་འཛིན་རྣམ་གཉིས་ནས་སྦྱིན་བདག་གནང་སྟེ་དགོན་སྡེ་ཁག་གི་སློབ་གཉེར་ཡང་རྩེར་སོན་པ་རྣམས་བསྟན་པའི་སྲོག་ཤིང་ལྟ་བུར་དྲག་འདེམས་ཀྱིས་སློབ་གཉེར་གསར་འཛུགས་བཀའ་དྲིན་སྐྱོང་གནང་མཛད་པའི་གྲས་སུ་ཚུད་ནས་གཞུང་ལུགས་ལ་གསན་བསམ་རྟག་འགྲུས་མཛད་མུར་གློ་ཚད་ཀྱི་སྙུན་གཞི་བཞེས་ཏེ་བྷོམ་བྷེལ་སྨན་ཁང་དུ་ལོ་གཅིག་ཙམ་ལུས་སྐབས་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་དབང་ཕྱུག་དམ་པའི་སྐུ་ཕྱྭར་འཚུབ་ལྟས་ཆེ་ལུགས་ཀྱིས་གྲྭ་ཚང་དང་ཁང་ཚན་གྱི་འདུས་མང་ཡོངས་ནས་ཞབས་རིམས་ཡང་ཡང་སྒྲུབ་པའི་སྐབས་རྗེ་བཙུན་བློ་བཟང་དབང་ཕྱུག་མཆོག་ནས་རྗེ་འདི་ཉིད་ལ་སྨན་ཁང་ནས་ཚུར་ལོག་དགོས་པའི་བཀའ་གནང་བ་ལྟར་ཕྱིར་ཕེབས་ནས་མཇལ་སྐབས་རྗེ་བཙུན་དམ་པའི་ཞལ་སྔ་ནས་ང་རང་ལ་ཡང་འཚུབ་ཆ་འདུག་ཟེར་གྱི་འདུག་པས་ཁྱེད་ཉིད་ད་སྨན་ཁང་ལ་བསྐྱར་དུ་འགྲོ་མི་དགོས། དེ་སྔ་ཕན་ཆད་ཆོས་ཀྱི་དོན་དུ་སྲོག་གཏོང་མྱོང་མེད་ན་ད་ལན་དཔེ་ཆ་ཁྲིད་དེ་ཆོས་ཀྱི་དོན་དུ་སྲོག་ཐེངས་གཅིག་གཏོང་ཐུབ་ན་སྐལ་བ་བཟང་པོ་རེད། དེ་ངའི་རེ་བ་ཡིན་པས་ཁྱེད་ཀྱི་དེ་ལྟར་བྱེད་ནུས་སམ་ཞེས་བཀའ་འདྲི་གནང་བར། རྗེ་ཁྱེད་ཀྱི་བཀའ་དགོངས་གང་ལགས་པ་དེ་དག་ངས་ཀྱང་སྒྲུབ་ངེས་ཡིན་ཞེས་དམ་བཅའ་མཛད་དེ་གློ་ཚད་ཀྱི་སྙུན་གཞི་དྲག་སྐྱེས་བྱུང་མིན་ཡང་སྨན་ཁང་དུ་ཕྱིར་མ་ཕེབས་པར་བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པར་མཛད། རྗེ་འདི་བོད་དུ་འཛིན་གྲྭ་རིགས་ཆུང་བཞེངས་མཚམས་སུ་ཕེབས་ཡོད་ཀྱང་༥༩དུས་ཟིང་གི་རྐྱེན་བྱས་ཏེ་བཞེངས་རྒྱུ་མ་བྱུང་ཡང༌། བྱེས་འཁོད་སེ་ར་ཆོས་སྒར་དུ་རིགས་ཆུང་ཚོགས་ལངས་རྗེ་འདིའི་འཛིན་གྲྭ་ནས་དབུ་འཛུགས་གནང་ཡང་ལོ་གཅིག་སྨན་ཁང་དུ་བཞུགས་དགོས་བྱུང་རྐྱེན་ཕྱི་ལོ་དེར་སྐྱབས་གསུམ་རིགས་ཆུང་ཚོགས་ལངས་བཞེངས་པ་གནང་ཞིང་དེ་ནས་བཟུང་བར་མ་ཆད་པར་གཞུང་ཆེན་བཀའ་པོད་ལྔའི་དགོངས་འགྲེལ་དང་བཅས་པར་གསན་བསམ་སྒོམ་པ་རྒྱ་ཆེར་མཛད་པས་མཁས་པ་དང༌། ཞི་དུལ་བག་དང་ལྡན་པས་བཙུན་པ། ཐུགས་རྒྱུད་སྲོང་ཞིང་འཇམ་པ་ཀུན་ལ་ཉེ་རིང་མེད་པར་བྱམས་བརྩེ་ཆེ་བ་སོགས་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་པད་དཀར་ཆུན་པོའི་འདབ་སྟོང་མངོན་པར་བཞད་ཅིང་མཚན་སྙན་གྱི་གྲགས་པའི་དྲི་བསུང་ཕྱོགས་ཀུན་ཏུ་འཐུལ་བས་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་དབང་ཕྱུག་མཆོག་ནས་རྗེ་འདི་ཉིད་བསྟན་འགྲོའི་དོན་ཆེན་མཛད་པའི་དུས་ལ་བབ་པར་གཟིགས་ནས་བསྟན་པའི་རྒྱུན་འཛིན་དད་ལྡན་སློབ་མ་བུང་བའི་ཚོགས་ལ་ཟབ་གསལ་ལེགས་བཤད་ཀྱི་སྦྲང་རྩི་ཟད་པ་མེད་པར་རྟག་ཏུ་འཇོ་བའི་གཏེར་ཆེན་པོར་དགོངས་ཏེ་ཁྱེད་ཀྱིས་སློབ་མ་རྣམས་ལ་ཕྱག་དཔེ་ཁྲིད་ནས་རྗེས་སུ་ཟུངས་ཤིག་ཅེས་རྗེ་བཙུན་དམ་པ་གང་ཉིའད་ཀྱི་གདུང་ཚོབ་ལྟ་བུར་ཕྱག་དཔེའི་དགེ་རྒན་དུ་མངའ་གསོལ་མཛད་པའི་བཀའ་རྒྱའི་ཅོད་པན་སྤྱི་བོའི་མཛེས་རྒྱན་དུ་འཆང་ཞིང་བསྟན་འགྲོར་སྨན་པའི་ཁུར་བོ་ཆེ་མཁྱེན་བརྩེ་ནུས་པའི་ཕྲག་པར་བསྣམས་ནས། བསྡུས་གྲ་གསུམ་གྱི་གཙོ་གྱུར་འཛིན་གྲྭ་འོག་མ་ནས་རིག་པའི་འགྲོས་ཡག་པོ་ཞིག་ཆགས་ཐབས་ཧ་ཅང་གལ་ཆེན་ཡིན་ལུགས་སོགས་དང༌། ལྷག་པར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དད་པ་དང་དམ་ཚིག་ཟབ་པ་ནི་ཤིན་ཏུ་ནས་སྐལ་བ་བཟང་བས་བཀའ་དགོངས་བསྒྲུབ་རྒྱུ་གལ་ཆེན་པོ་ཡིན་པའི་བླང་དོར་བཀའ་སློབ་ཟབ་མོ་གནང་བ་དང་ཆབས་ཅིག་རྗེ་གང་གི་དགོངས་པར་ཕྱག་དཔེ་མ་ཤེས་མཁན་རིགས་ཀྱིས་ཏོག་ཙམ་ཤེས་ན་སྙམ་པ་དང༌། ཏོག་ཙམ་ཤེས་མཁན་རིགས་ཀྱི་དེ་ལས་དྲག་ཙམ་ཤེས་ན་དྲན་པ། ཕྲན་བུ་དྲག་པ་རྣམས་ཀྱིས་མ་མཐར་ཡང་ངོས་དང་འདྲ་བ་ཞིག་ཤེས་ན་འགྲིག་གི་འདུག། དེ་ནས་སོ་སོའི་རིག་སྟོབས་དང་དགེ་རྒན་གཞན་བསྟེན་ནས་ཡག་པོ་ཆགས་གི་རེད་སྙམ་གྱི་འདུག་ཅེས་ཁེངས་པ་སྐྱུངས་ཏེ་ཀུན་སློང་རྣམ་དག་དང་ཐུགས་བརྩེ་ཆེན་པོའི་སྒོ་ནས་ཕྱག་དཔེ་ཁྲིད་གནང་སྐབས་ཐོག་མར་སློབ་མ་རྣམས་ཚང་མིན་ཞིབ་བཤེར་གནང་སྟེ་དོན་མེད་དཔེ་ཁྲིད་ཆད་དུ་མི་འཇུག་པར་དེ་ནས་ཕྱག་དཔེ་ཁྲིད་གནང་སྐབས་རྗེ་ཉིད་ནས་གསུང་ཤུགས་ཆེན་པོ་བསྐྱོན་ནས་སློབ་མ་རྣམས་རྗེས་ཟློས་གནང་བཅུག་སྟེ་རིག་པ་ཐ་འབྲིང་གཉིས་ཀྱི་ངག་ཐོག་ཏུ་མ་བྱང་བར་མུ་མཐུད་དེ་ལྟར་གནང་པ་སོགས་དབང་པོ་རབ་འབྲིང་ཐ་གསུམ་ཀར་དགོངས་ཏེ་ཕྱག་དཔེ་ཁྲིད་ཐབས་ཧ་ཅང་མཁས་པོ་གནང་གི་ཡོད་སྟབས་རིམ་བཞིན་སེ་ར་བྱེས་སྨད་གྲྭ་ཚང་གཉིས་དང༌། དཔལ་ལྡན་སྨད་རྒྱུད་གྲྭ་ཚང༌། རྫོང་ཀ་ཆོས་སྡེ་བཅས་ནས་སློབ་མ་རྒྱལ་སྲས་བླ་སྤྲུལ་ཁག་ཉི་ཤུ་ལྷག་བཅས་སློབ་མ་ཇེ་མང་ཇེ་འཕེལ་གྱིས་སེར་བྱེས་གྲྭ་ཚང་ནང་དགེ་ཕྲུག་མང་ཤོས་ཀྱི་གྲས་སུ་འགྱུར། དེ་ལྟར་ཡང་རྗེ་འདིས་གཅིག་ནས་ང་རང་གང་དུ་ཡང་མི་འགྲོ་བར་དཔེ་འཁྲིད་བྱེད་ཀྱི་ཡོད་པ་དང༌། གཉིས་སུ་རྗེ་བཙུན་བློ་བཟང་དབང་ཕྱུག་དམ་པའི་ཐུགས་བསྐྱེད་སྨོན་ལམ་དང་ཁྲིད་རྒྱུན་ལ་བརྟེན་ནས་ཡོང་གི་ཡོད་ཀྱི་རེད་སྙམ་པ་མ་གཏོགས། ང་རང་མཁས་པ་ཡིན་པའི་རྒྱུ་མཚན་གྱི་དགེ་ཕྲུག་མང་པོ་འདི་འདྲར་འགྱུར་བ་རེད་སྙམ་པ་དུས་ནམ་ཡང་དྲན་གྱི་མེད་ཅེས་ཁེངས་པ་ཡེ་ནས་མི་མཛད་པར་སློབ་མ་ཚང་མས་རིག་པའི་འགྲོས་དང་ཕྱག་དཔེ་ཡག་པོ་ཤེས་ཐབས་ཀྱི་ཐུགས་ཚབ་ཁོ་ནས་རྟག་ཏུ་སྐུ་ངལ་བ་མ་ཟད། གསུང་འཛེར་བ་སོགས་ཇི་ལྟར་ཡང་ཇི་མི་སྙམ་པར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་རྗེ་བཙུན་བློ་བཟང་དབང་ཕྱུག་དམ་པའི་བཀའ་དགོངས་སྙིང་བཅངས་ཀྱིས་ཉིན་ལྟར་འབད་བརྩོན་ལྷོད་མེད་དང་སྐུ་ངལ་ཚད་མེད་བསྐྱོན་ནས་ཆོས་མཚམས་སྐབས་ཉིན་རེར་དཔེ་ཁྲིད་ཐེངས་བདུན་རེ་དང་ཆོས་ཐོག་སྐབས་ཉིན་རེར་ཐེངས་དྲུག་རེ་བཅས་བསྡུས་གྲྭ་ནས་འདུལ་མཛོད་བར་འཛིན་གྲྭ་བཅུ་དྲུག་གི་སློབ་མ་བརྒྱ་ཕྲག་དུ་མར་དཔེ་ཁྲིད་ཆད་མེད་གནང་ཞིང། སེར་བྱེས་གྲྭ་ཚང་དུ་སློབ་གཉེར་བ་ཤུགས་ཆེ་འཕེལ་འགོ་ཚུགས་པའི་སྐབས་ཐུགས་ཤིན་ཏུ་དགྱེས་མཉེས་ཆེན་པོས་ལོ་མང་རིང་ཆོས་རྭ་སྒོར་ཚོགས་གྲོལ་མ་ཐག་སློབ་གཉེར་བ་སྤྱི་ཡོངས་ཀྱི་རྩོད་པ་གང་འདྲ་འགྲོ་མིན་དང༌། རྟགས་གསལ་གང་འདྲ་གཏོང་གི་ཡོད་མེད་སོགས་ལ་གཟིགས་ཞིབ་དང་འབྲེལ་བློ་གསལ་བ་རྣམས་ཀྱིས་བློ་སྒོ་ཡངས་པོར་འབྱེད་ཐབས་བློ་སྐྱེད་གནང་བ་སོགས་སློབ་གཉེར་ཡར་རྒྱས་གཏོང་ཐབས་ལ་ཐུགས་འཁུར་ཧ་ཅང་ཆེན་པོ་བཞེས་གནང་གིས་ཁམས་གསུམ་འགྲོ་བ་ཀུན་ལ་ཕན་བདེའི་འབྱུང་གནས་གཅིག་ཉིད་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་ལ་རྨད་དུ་བྱུང་བའི་འཕྲིན་ལས་དུས་ལས་མི་འདའ་བར་བསྟན་པའི་རྒྱལ་མཚན་བླ་ནས་བླར་སྒྲེང་འཛུགས་མཛད་བཞིན་མཆིས་སོ།
ཕྱི་ལོ་༡༩༨༢ནས་ལོ་བདུན་རིང་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་གི་རྒྱུགས་སྤྲོད་ཆེན་མོའི་སྐབས་གཞུང་ཆེན་ཁག་གི་དགག་བཞག་སྤོངས་གསུམ་གྱི་འཛིན་མཚམས་ཟབ་པས་མཁས་པའི་མཚན་སྙན་གང་སར་ཁྱབ་པ་མ་ཟད། གདན་ས་གསུམ་གྱི་ནང་ནས་བཀའ་རམས་དང་སློབ་དཔོན་ལྷ་རམས་བཅས་ཀྱི་མཚན་གནས་ཨང་དང་པོའི་དང་པོ་ཤ་སྟག་ཐོབ་བཞེས་ལ་ལེགས་སྐྱེས་སུ་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ། རྫོགས་རིམ་རིགས་ལྔ་གསལ་སྒྲོན། རྗེ་ཤེས་རབ་སེང་གེས་མཛད་པའི་ཊིའཀ་ཆེན་བཅས་འབུལ་བཞེས་མཛད།
དེ་ནས་གྲྭ་ཚང་གི་གཙུག་ལག་སློབ་གཉེར་ཁང་ཆེན་པོའི་འཛིན་གྲྭ་ཐམས་ཅད་ཀྱི་གཙུག་ཕུད་ལྷ་རམས་འཛིན་གྲྭའི་ལོ་འཁོར་རྒན་པ་ལོ་གཅིག་གནང༌།
ཕྱི་ལོ་༡༩༨༥ལོར་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྐབས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དབུས་རིས་མེད་དགེ་འདུན་གྱི་སྡེ་ཆེན་པོའི་སྤྱན་སྔར་དགེ་བཤེས་ལྷ་རམས་པའི་སྔོན་འགྲོ་ལྟ་བུའི་དམ་འཇོག་གནང་སྟེ་གཞུང་ལུགས་རབ་འབྱམས་ལ་གཞན་དྲིང་མི་འཇོག་པའི་གདེང་སྤོབས་ཐོབ་པའི་ངང་གསུང་ལེན་བསྐྱོན་པས་ྋརྒྱལ་བ་དགྱེས་པའི་མཆོད་སྤྲིན་དང༌། བསྟན་པའི་མིག་རྒྱན་དུ་གྱུར་ཅིང་མཁས་པའི་སྙན་གྲགས་ཕྱོགས་ཀུན་དུ་ཁྱབ།
ཕྱི་ལོ་༡༩༨༨ལོ་སྤྱི་ཟླ་༡༠པའི་ནང་གནས་མཆོག་ཝཱ་ར་ནཱ་སིར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དབུས་གདན་ས་གསུམ་གྱི་དགེ་འདུན་འདུས་པ་རྒྱ་མཚོའི་དྲུང་དུ་དེ་སྔ་ལོ་བདུན་རིང་དགེ་ལུགས་རྒྱུགས་སྤྲོད་ཨང་དང་པོའི་དང་པོ་ཤ་སྟག་ཐོབ་བཞེས་ཀྱི་མཐའ་མའི་རྒྱུགས་སྤྲོད་དང་ཆབས་ཅིག་དགེ་བཤེས་ལྷ་རམས་པའི་དམ་བཅའ་ཉིན་གཉིས་འཇོག་སྐབས་ལུང་རིགས་ལ་ནང་བྱན་ཆུབ་པས་གཞུང་ཆེན་ཁག་གི་དཀའ་གནད་སོགས་ཁོག་འབིགས་པ་གནང་ནས་བསྟན་པའི་གསལ་བྱེད་དམ་པར་འགྱུར་པས་མཛད་ནས་སྒྲུབ་པའི་མཆོད་སྤྲིན་གྱིས་ྋརྒྱལ་བ་རབ་ཏུ་དགྱེས་པར་མཛདཅིང་མཁས་པའི་མཚན་སྙན་གྱི་གྲགས་པ་ཆེས་ཆེར་ཁྱབ་པར་མཛད།
༡༩༨༩ལོར་གསང་ཆེན་རྒྱ་མཚོའི་འཇུག་ངོགས་དཔལ་ལྡན་སྨད་རྒྱུ་གྲྭ་ཚང་དུ་ཕེབས་ནས་རྗེ་ཡབ་སྲས་ཀྱི་ལེགས་བཤད་དང༌། ཊཱི་ཀ་ཆེ་ཆུང་སོགས་རྒྱུད་སྡེ་བཞིའི་གཞུང་ལུགས་རབ་འབྱམས་ལ་གསན་བསམ་སྒོམ་པ་རྒྱ་ཆེར་གནང་ཞོར་རྒྱུད་པའི་སློབ་གཉེར་བ་རྣམས་ལ་དཔེ་ཁྲིད་ཆད་མེད་གནང་ནས་བསྟན་ལ་སྲི་ཞུ་ཕུལ་དུ་ཕྱིན་པ་སྒྲུབ་གནང་མཛད།
ཕྱི་ལོ་༡༩༨༩ལོའི་ཟླ་༡༠ཚེས་༡༨ཉིན་སེ་ར་ཆོས་སྒར་དུ་ྋསྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྤྱན་སྔར་འདུས་ཚོགས་དབུས་སུ་སྔགས་ཀྱི་རྒྱུགས་སྤྲོད་མཛད་དེ་རྒྱུད་སྡེ་རྒྱ་མཚོའི་ཕ་མཐར་སོན་པའི་འབྲས་རྟགས་སུ་ཨང་དང་པོའི་དང་པོ་ཐོབ་བཞེས་ཀྱིས་ྋརྒྱལ་བ་སྲས་དང་བཅས་པ་སྒྲུབ་པའི་མཆོད་པས་མཉེས་པར་མཛད་ཅིང་མཚན་སྙན་གྱི་བ་དན་དཀར་པོ་ཕྱོགས་ཀུན་དུ་གཡོ་བར་མཛད།
སེར་བྱེས་གཙུག་ལག་སློབ་གཉེར་ཁང་ཆེན་མོའི་སློབ་གཉེར་དགེ་རྒན་ཐེངས་གཉིས་བསྟུད་མར་འདེམས་ཐོན་བྱུང་བ་ལྟར་ལྷག་བསམ་རྣམ་དག་གིས་འགན་ཁྲི་ཕྲག་ཏུ་ཁུར་ནས་སློབ་གཉེར་ཚགས་ཚུད་དང་ཡར་རྒྱས་གོང་འཕེལ་ཡོང་ཆེད་འབད་བརྩོན་ལྷོད་མེད་གནང༌།
ཕྱི་ལོ་༡༩༩༥ལོར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་དགེ་བསྐོས་དང༌། དེ་རྗེས་སེར་བྱེས་མཁས་སྙན་གྲྭ་ཚང་གི་དགེ་བསྐོས་བཞེངས་ཏེ། གྲྭ་ཚང་གཉིས་ཀྱི་སྒྲིག་ལམ་ཀུན་སྤྱོད་གང་ཅིར་གཟིགས་རྟོགས་ཚགས་ཚུད་གནང༌།
ཕྱི་ལོ་༡༩༩༧ལོར་བོད་མདོ་ཁམས་སྨད་ཕྱོགས་ཏྲེ་ཤེད་ཡུལ་དུ་ཕེབས་ཏེ་རིག་གནས་གསར་བརྗེ་ཟེར་བའི་འདྲེ་རླུང་འཚུབ་ནས་བོད་ཡུལ་མུན་པར་བཏང་བ་ནས་བཟུང་བཀའ་ཆོས་ཀྱི་སྲོལ་རྒྱུན་ཉམས་ཆད་སོང་བའི་གཤོང་གཉེར་གྲོང་ཚོ་དང༌། འབྲང་ཆུ་གཤོད། འདབ་མདོ། ཡུལ་བ་ཁག་སོགས་ཀྱི་དད་ལྡན་མི་མང་རྣམས་ལ་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་ཡོན་ཏན་གཞི་འགྱུར་མ་དང་འབྲེལ་ལམ་རིམ་སོགས་ཀྱི་བཀའ་ཆོས་གནང་བ་དང༌། བཙུན་དགོན་དགེ་རྩེ་དགོན་ལ་སྡོམ་གསུམ་གི་བསླབ་བྱ་དང་དགེ་ཚུལ་གི་བསླབ་བྱ་གཉིས་ཁྲིད་གནང་བ་མ་ཟད།
དཀར་དགོན་བཤད་སྒྲུབ་ནོར་བུའི་གླིང་དུ་སྦྱོར་ཆོས་སྐལ་བཟང་མགྲིན་རྒྱན་དང༌། དྲང་ངེས་རྒོལ་ངན་ཚར་གཅོད། དབུ་མའི་སྤྱི་དོན་སྐལ་བཟང་འགུལ་རྒྱན། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་མཛད་པའི་བླ་མ་མཆོད་པའི་ཁྲིད་སོགས་བཤད་ལུང་དང་བཀའ་ཁྲིད་མང་པོ་རྒྱུན་བསྲིང་གནང་ནས་ྋརྒྱལ་བསྟན་ཉམས་པ་སླར་གསོ་དང་མི་ཉམས་གོང་སྤེལ་གནང་ཞིང༌། སྐལ་ལྡན་གྱི་འདུལ་བྱ་རྣམས་གནས་སྐབས་དང་མཐར་ཐུག་གི་བདེ་དགེའི་དཔལ་ལ་འགོད་གནང་མཛད།
ཕྱི་ལོ་༡༩༩༨ལོར་རྒྱུད་སྨད་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་རྡོ་རྗེ་བཀྲིས་མཆོག་གི་བཀའ་དགོངས་ལྟར་འཕགས་ཡུལ་གྱི་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ་ཕྱིར་ཕེབས་ཏེ། སྔར་བཞིན་ཕྱག་དཔེ་ཁྲིད་གནང་བ་སོགས་སྤྱི་སྒོས་བསྟན་འགྲོར་སྨན་པའི་མཛད་པའི་རླབས་ཕྲེང་དུས་ལས་མི་འདའ་བར་གཡོ་བཞིན་མཆིས་སོ།
ཕྱི་ལོ་༢༠༠༢ལོ་འགོར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་རྒྱུད་སྨད་ཀྱི་བླ་མ་དབུ་མཛད་དུ་ཕྱག་རྟགས་སྤྱི་བོར་ཕེབས་ཏེ། ཕྱི་ལོ་༢༠༠༢ལོའི་བོད་ཟླ་༡༠ཚེས་༡༨ཉིན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་བླ་མ་དབུ་མཛད་ཀྱི་ཁྲི་སྟོན་མཛད།
ཕྱི་ལོ་༢༠༠༥བོད་ཟླ་༩ཚེས་༦ཉིན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་མི་འཇིགས་སེང་གེ་ཁྲི་ལ་མངའ་གསོལ་ཞིང༌། ཕ་རྒྱུད་གསང་བ་འདུས་པ་དང་མ་རྒྱུད་འཁོར་ལོ་སྡོམ་པ་སོགས་བསྐྱེད་རྫོགས་ཀྱི་རྒྱུད་འགྲེལ་དང་བཅས་ནམ་རྒྱུན་གྱི་སློབ་ཚན་ཐོག ལོ་གཅིག་དབྱར་གནས་རིང་བྱང་ཆུབ་ལམ་རིམ་ཆེན་མོ་ཆ་ཚང་དང༌། ལོ་གཅིག་ལམ་རིམ་རྣམ་གྲོལ་ལག་བཅངས་ཆ་ཚང་ཁྲིད་ནས་བསྟན་པར་སྲི་ཞུ་རླབས་པོ་ཆེ་སྒྲུབ་གནང་མཛད།
ཕྱི་ལོ་༢༠༠༥ལོར་བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་འབར་བ་གནས་མཆོག་དཔལ་ལྡན་འབྲས་སྤུངས་སམ་ཨ་མར་ཝ་ཏིར་དུས་འཁོར་བཀའ་དབང་སྐབས་ཞིང་མཆོག་འདུས་པ་རྒྱ་མཚོའི་སྤྱན་སྔར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་མཎ་ཌལ་རྟེན་གསུམ་འདེགས་འབུལ་གྱིས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་མཁན་པོའི་གསར་མཇལ་ཞུས། མཁན་པོའི་ལས་འཁུར་ཞུ་རིང་དགེ་བཤེས་ལྷ་རམས་པ་རྣམས་དང་བསྐྱེད་རིམ་པ་བཅས་ལ་འགྲེལ་བ་བཞི་སྦྲགས།
ཊིའ་ཀ། སྦས་དོན་ཀུན་གསལ། བསྐྱེད་རྫོགས། བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ། རྫོགས་རིམ་རིགས་ལྔ་གསལ་སྒྲོན། གསང་བདེ་འཇིགས་གསུམ་གྱི་བསྐྱེད་རིམ་ཁྲིད་ཆེན་བརྒྱད། ཁྲིད་ཁར་བརྩི་བཞག་བཅས་འཆད་ཉན་ཡོངས་རྫོགས་ཆད་ལྷག་མེད་པར་མཛད། ཁྱད་པར་དུ་སོ་སོར་ཐར་པའི་མདོ་རྒྱས་པ་ཆད་ལུས་མེད་པར་སྐྱོར་བཞིན་མཆིས།
ཞོར་དུ་ཨི་ཀྲ་ལི་དང༌། སིང་གྷ་པུར། ཐའེ་ཝན་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཕེབས་ནས་བསྟན་དང་འགྲོ་ལ་ཕན་བདེའི་བྱིན་ཆར་བསྙིལ།
ཕྱི་ལོ་༢༠༠༦ལོའི་བོད་ཟླ་༦ཚེས་༡༠ཉིན་སེ་ར་ཆོས་སྒར་དུ་དད་ལྡན་རྒྱལ་སྲས་བླ་སྤྲུལ་ཁག་དང་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་དང་བཅས་སློབ་ཚོགས་བརྒྱ་ཕྲག་དུ་མར་སྔོན་འགྲོའི་ཆོས་བཤད་ངེས་འབྱུང་བྱང་སེམས་ཡང་དག་ལྟ་བར་འགྲེལ་བཤད་ཟབ་རྒྱས་དང་འབྲེལ་དཔལ་ཆེན་རྟ་མགྲིན་ཡང་གསང་གི་བཀའ་དབང་བསྩལ་ནས་བསྐལ་ལྡན་འདུལ་བྱའི་རྒྱུད་ལ་བླ་མེད་རྫོགས་བྱང་གི་ས་བོན་གྲུང་པོར་བསྐྲུན།།
༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་གིས་བཀའ་ཡི་ཕྱག་རྟགས་རིན་པོ་ཆེ་བསྩལ་དོན་བཞིན། ཕྱི་ལོ་༢༠༡༡ ཕྱི་ཟླ་༡༡ ཆེས་ ༢ ཉིན་དཔལ་ལྡན་སྲད་རྒྱུད་གྲྭ་ཚང་གི་མཁན་ཁྲིར་ཕེབས་པ་སོགས་མདོར་ན་དགེ་བའི་བཤེས་གཉེན་ཆེན་པོ་གང་ཉིད་ནི་སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་དུས་སུ་སྨིན་ཅིང་ཆུང་བྱིས་པའི་དུས་ནས་རིགས་སད་དེ་གཟུར་གནས་སོགས་སློབ་མའི་མཚན་ཉིད་ཡོངས་སུ་ཚང་ཞིང༌། ཡོངས་རྫོགས་དགེ་བའི་བཤེས་གཉེན་དུ་མ་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཚུལ་བཞིན་བསྟེན་པ་གནང་སྟེ་དཀའ་སྤྱད་སྙིང་རུས་ཀྱིས་མདོ་སྔགས་གཞུང་ལུགས་རྒྱ་མཚོརཐོས་པས་ཕ་མཐར་སོན་ཅིང༌། བསམ་པས་འགལ་མེད་གྲོགས་དང་གདམས་པར་ཤར་པ༌། སྒོམ་པས་ཐུགས་རྒྱུད་དང་འདྲེས་པ་བཅས་མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་ཡོངས་སུ་རྫོགས་པར་མངའ་དབང་འབྱོར་ཞིང༌། མཁས་བཙུན་བཟང་པའི་འཕྲིན་ལས་ཀྱི་འཇུག་པ་ཡངས་པས། ཇི་སྐད་དུ་མདོ་སྡེ་རྒྱན་ལས་བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ།། །ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་ལ་སྨྲ་མཁས་ལྡན།། །བརྩེ་བའི་བདག་ཉིད་སྐྱོ་ངལ་སྤངས་ལ་བསྟེན།། ཅེས་གསུངས་པ་ལྟར་ཡོངས་རྫོགས་དགེ་བའི་བཤེས་གཉེན་ཆེན་པོར་འགྱུར་ནས། རྒྱལ་བསྟན་ཤིན་ཏུ་ཉག་ཕྲ་ཞིང་ཆེར་སྙིགས་ཀྱི་དུས་འདིར་བསྟན་པ་འབའ་ཞིག་ཐུགས་ལ་བརྣག་ཏེ་སྣོད་ལྡན་གྱི་སློབ་མ་རྒྱ་ཕྲག་དུ་མར་མདོ་སྔགས་གཞུང་ལུགས་རྒྱ་མཚོ་ལྟ་བུའི་ཆོས་ཆར་ཆད་མེད་དུ་འབེབས་པར་མཛད་དེ་འཇམ་མགོན་ཆོས་ཀྱི་རྒྱལ་པོའི་རིང་ལུགས་གསེར་སྦྱང་བཙོ་མ་ལྟ་བུའི་བསྟན་པ་འདི་ཉིད་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་ཡང་དག་པར་འཛིན་སྐྱོང་སྤེལ་བས་འཕྲིན་ལས་རྨད་དུ་བྱུང་བ་ཡར་ངོའི་ཟླ་ལྟར་གོང་ནས་གོང་དུ་འཕེལ་བཞིན་སྤྱི་སྒོས་བསྟན་འགྲོའི་ཆོས་སྡོང་ཆེན་པོར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་མི་འཇིགས་སེང་གེའི་ཁྲི་ལ་ཞབས་སེན་འཁོད་དེ་འཚོ་བཞིན་བཞུགས་པ་འདི་ལགས་སོ།།
སླར་སྨྲས་པ།།
དེ་ལྟར་མདོ་ཙམ་དཔལ་ལྡན་བླ་མ་ཡི།
རྣམ་ཐར་ཆུ་གཏེར་ཆེ་ལས་ཟེགས་མ་ཙམ།
རབ་དཀར་ཡིད་ཀྱི་ཀུ་ཤས་བླངས་པའི་དགེས།
སྲིད་པའི་ཚ་གདུང་ཞི་བའི་རྒྱུར་གྱུར་ཅིག།
སརྦ་མངྒ་ལཾ།།
༼སྐུ་པར་དང་རྩོམ་ཡིག་མཁོ་འདོན་གནང་མཁན་བསོད་ནམས་རྡོ་རྗེ།༽
not intersting sorry
ཀླུ་སྒྲུབ་དགོངས་དོན་ཇི་བཞིན་མིག་འབྱེད་པའི། །
ཞྭ་སེར་སྲོག་ཤིང་གྲུ་གཟིངས་ལེགས་ཞུགས་ཏེ། །
འདུལ་ཁྲིམས་མིག་བཞིན་སྲུང་བའི་ལེགས་བྱས་ཀྱིས། །
རྒྱ་མཚོ་ཕ་རོལ་བགྲོད་པའི་རྣམ་ཐར་རྨད། །
གྲོངས་དུས་འཕོ་བ་མི་དགོས་པའི་གྲྭ་རྐྱང་ཞིག་རེད་དོ།།
ཟླ་བ་གྲགས་པས་དབུ་མ་འཇུག་པ་མཛད་པ་དེ། །
དིང་གི་གཞོན་ནུས་དབུ་མ་འཇུག་པ་བློ་ལ་སྐྱོར། །
དགེ་བཤེས་བློ་བཟང་བདེ་ལེགས་ཀྱིས་ནི་དབུ་འཇུག་འཆད། །
དབུ་མ་འཇུག་པ་དཔལ་བཟང་པོ་ཞེས་མཚན་སྙན་ཐོབ། །
དཔལ་ལྡན་ཟླ་བའི་རྟེན་འབྲེལ་འོད་དཀར་རྟག་བརྟན་ཤོག །
བཀའ་དྲིན་གཞལ་ཐབས་བྲལ་པའི་རྒན་དམ་པ་ཁོངགི་སྐུ་ཚེ་སྐལ་བ་རྒྱ་མཚོའི་བར་ཏུ་བརྟན་ཅིང་ཐུགས་བཞེད་ལྷུན་གྱི་འགྲིབ་པའི་སྨོན་འདུན་ཞུ་་་་་་་་་་་་་་་་་་་་་་
༡བློ་གྲོས་དཀྱིལ་འཁོར་རབ་ཡངས་ངོས།།
༢བཟང་གསུམ་མཛད་པའི་ཉི་ཟླ་སྐར།།
༣བདེ་སྟོང་ཟུང་གིས་འཁྱུད་པས་ན།།
༤ལེགས་བཤད་འོད་དཀར་ཟེར་བརྒྱ་འཔྲོ།།
ཞེས་ཐོག་མ་བཞི་ལ་ཡོད་པའི་བྱ་དཀའ་བའི་རྩོམ་ལུས་ཀྱིས་བརྒྱན་ཏེ་བསྟན་འགྲོའི་དོན་ཆེན་གསང་གསུམ་གྱི་མཛད་འཔྲིན་གོང་ནས་གོང་དུ་འཕེལ་བར་རྟག་ཏུ་སྨོན།།
མ་འོང་པ་དགའ་ཁྲི་བ་ཐོབ་པ་དང་ཡང་བྱ་བ་གཞན་པ་ཞིག་རྩོམ་སྲིད་པ་རེད་།
་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་བདེ་ལེགས་ཞབས། སྐུ་གཞོན་ནུ་ནས་སྔོན་གྱི་ཐུགས་བསྐྱེད་ཀྱིས་དམ་པའི་ཆོས་ཀྱི་སྒོར་ཞུགས། བཀའ་བསྟན་གཞུང་ལུགས་ལ་གསན་བསམ་ཚུལ་བཞིན་མཛད། སྐལ་ལྡན་གྱི་སློབ་མ་རྣམས་ལ་སྐུ་ངལ་འཛེམས་མེད་ཀྱིས་དཔེ་འཁྲིད་ཀྱི་ཁུར་རླབས་པོ་བཞེས་ཏེ། བོད་ཀྱི་རིག་གཞུང་མི་ཉམས་པར་འཛིན་སྐྱོང་མཛད་བཞིན་ཞབས་པད་ཡུན་རིང་དུ་བརྟན་པར་གསོལ་འདེབས་ཞུའོ། །
རྟོགས་བརྗོད་འབྲི་བ་པོ་གང་གིས་ཚིག་རྗོད་གསལ་ལ་འཇེབས་པར་ཡང་རྗེས་སུ་ཡི་རང་། འོན་ཀྱང་ཚིག་མང་པོ་ནོར་ཡོད་པ་དེ་དག་ལ་དག་བཅོས་མཛད་ན། བོད་སྤྱིའི་སྐད་ལ་ཞབས་འདེགས་སུ་འགྱུར་བས། ཞུ་དགོས་པ་མཐོང་། དེ་ཡང་།
གང་ལ་གནོད་པ་བྱས་ཀྱང་བདེར་འབྲེལ་བ། ཞེས་གསུངས་པ་ལྟར་དུ་རེ་བས་ཞུས་པ་ལགས།
རྡོ་རྗེ་འཆང་གི་ཞབས་བརྟེན་ཞེས་པར་བརྟན་ཞེས་དགོས། འདི་ལྟར་གཞན་དུ་ཨ་ཡིག་ཨེ་ཡིག་ཏུ་འདོན་པའི་སྐྱོན་ཡིན་པ་དྲ་རྒྱར་ལན་དུ་མར་བྲིས།
རྗེ་བཙུན་རྡོ་རྗེ་བཀྲིས་ བཀྲ་ཤིས་ཞེས་བསྡུས་ཡིག་མེད་ན་རྟེན་འབྲེལ་ལ་ཕན།
་བཀའ་དབང་བསྩལ་ནས། བཀའ་བསྟན་གསུང་འབུམ་རྣམས་དང་དག་ཡིག་ཟ་མ་ཏོག་སོགས་དང་མི་མཐུན་པ་བོད་རྒྱ་ཚིག་མཛོད་སོགས་ན་ཡོད་ཀྱང་། གཞུང་ལུགས་དང་མཐུན་པར་སྩལ་ནས་ཞེས་བ་སྔོན་འཇུག་མེད་པ་ཤེས་རབ་སྙིང་པོ་སོགས་བཀའ་བསྟན་ཀུན་ན་ཡོད།
ཆེ་བ་མ་ཟད། ཅེས་པར་ཆེ་བར་མ་ཟད། མ་ཟད་ཀྱི་སྔོན་དུ་ལ་དོན་ར་ཡིག་ཡོད་ན་དག་ཆ་ལེགས། མང་པོས་ར་ཡིག་མི་འབྲི་ཡང་དཔེ་དག་པ་རྣམས་དང་འགལ་ལོ།
ཡོན་ཏན་གཞི་འགྱུར་མ་ཞེས་པར་བཀྲ་ཤིས་ལྷུན་པོའི་ཆོས་སྤྱོད་ན། ཡོན་ཏན་གཞིར་གྱུར་མ། ཞེས་གསལ། དཔྱད་པར་མཛད་གྲོགས།
པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་མཛད་པའི་བླ་མ་མཆོད་པའི་ཁྲིད། འདི་ཉིད་བདག་གིས་ད་ལྟ་འདིར་མ་གཏོགས་མ་ཤེས། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་མཛད་པའི་བླ་མ་མཆོད་པ་ཞིག་ཡོད་པ་ཡིན་ནམ།
ནམ་རྒྱུན་རང་རེས་འདོན་པའི་བླ་མ་མཆོད་པ་དེ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པ་ལ་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་འགྲེལ་པ་མཆིས།
ངས་རྟག་པར་བོད་བརྒྱུད་ནང་བསྟན་གྱི་ངོ་ཚབ་ནི་གྲོང་ཁྱེར་ཉུལ་བའི་བླ་གྲྭ་ཁ་ཤས་དང་ཁྲོམ་རའི་སྒང་གི་ཆོས་ཆས། གཤམ་སྟོན་ཁང་གི་རྣ་རྫས་ཁ་ཤས་བཅས་མ་རེད། མཚན་ཉིད་ཀྱི་གྲྭ་ས་དང་བཤད་སྒྲུབ་ཀྱི་བསྟི་གནས་ཁག་ན་ལྟོ་སྐྱ་གོས་ཧྲུལ་གྱིས་མི་ཚེ་བཤད་སྒྲུབ་ལ་སྙོམ་བཞིན་པའི་སྐྱེས་བུ་དེ་དག་རེད་ཅེས་ཤོད་ཀྱི་ཡོད།
ཕྲན་རང་ངོས་ནས་ཀྱང་། རི་འབུར་སྤྲུལ་སྐུའི་བྲིས་པའི་དགེ་སྡིག་ལས་ཀྱི་མྱོང་བ་ཞེས་པའི་སྨད་ཆར་འཁོད་པའི་སྒོ་མང་གི་དགེ་བཤེས་ཡེ་ཤེས་རྒྱ་མཚོ་ཞུ་བས་བླ་མ་ལ་མཚན་སྨོད་ཞུ་བ་ལས་རང་གི་སྲོག་འདོར་བ་བདམས་པ་སོགས་ཀྱི་སྐོར་གྱི་ཁོང་གི་ལོ་རྒྱུས་དང་། རྗེ་ལམ་རིམ་པ་ཆེན་པོའི་རྣམ་ཐར་སོགས་མཇལ་བ་ལས་སེམས་ལ་བརྗོད་དུ་མེད་པའི་དད་པ་སྐྱེས་མྱོང་ཞིང་། གདན་ས་ཁག་གི་བཀའ་གདམས་ཀྱི་རྣམ་ཐར་གཙང་མ་སྐྱོང་བའི་དོན་གྱི་ཆོས་པ་དེ་དག་གི་རྣམ་ཐར་ལ་བཅོས་མ་མིན་པའི་དད་གུས་གཞན་གྱི་དྲང་ལ་མི་འཇོག་པ་ཞུ་གིན་ཡོད། དེའི་ཕྱིར་གདན་སའི་དགེ་བའི་བཤེས་གཉེན་ཆེན་པོ་དེ་དག་གི་མཛད་པ་དང་རྣམ་ཐར་དངོས་གང་ཡིན་པ་མཚོན་པའི་རྣམ་ཐར་འདི་འདྲ་དྲ་ཐོག་ཏུ་བཞག་པ་ཤིན་ཏུ་བཟང་།
མ་གཞི་དེང་སང་བོད་བརྒྱུད་ནང་བསྟན་གྱི་བསམ་བློ་དང་ཀུན་སྤྱོད་ཀྱི་སྤུས་ཚད་ལ་དུས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཟིན་ན་ཡང་། ད་དུང་ཡང་ལྟོས་བཅས་ཀྱི་ཆ་ནས་བཤད་སྒྲུབ་ལག་ལེན་གྱི་ཚད་དེ་འཛམ་བུ་གླིང་གི་ནང་བ་དག་གི་ཨང་དང་པོར་འདུག་ཐུབ་ཀྱི་རེད།
རབ་བྱུང་ན་དོན་གྱིས་བཤད་སྒྲུབ་ཁོ་ནར་མི་ཚེ་སྐྱེལ་བའི་གདན་སའི་དགེ་བའི་བཤེས་གཉེན་ཆེན་པོ་དག་གི་ཉི་མ་གཅིག་དང་སྐུ་ཚེ་གང་འདྲ་བར་སྙོམ་པའི་མཛད་སྤྱོད་དང་། ས་མཐོའི་གངས་རི་དང་སྦས་པའི་བྲག་སྐྱིབ་སོགས་སུ་སྒྲུབ་པ་ཉམས་ལེན་བྱེད་པའི་རྟོགས་ལྡན་དེ་དག་གི་ཉིན་རེའི་འཚོ་བ་ཐད་ཀར་ཡི་གེ་དང་བརྙན་པར་སོགས་ཀྱི་ངོ་བོར་ཕབ་ནས་འཛམ་བུ་གླིང་ལ་ཤེས་སུ་འཇུག་རྒྱུ་ཡིན་ན་ངེས་པར་ཁོང་ཚོ་ལ་གླིང་རྙེད་པ་ལྟ་བུའི་བློ་སྐྱེད་འབྱུང་བར་ངེས།
ཚུལ་འདི་ནི་སྔ་འགྱུར་མཁས་པའི་གཙུག་རྒྱན་འཇུ་མི་ཕམ་བློ་བཟང་ཉི་མ་༼འཇུ་མི་ཕམ་གྱི་མཚན་གཞན༽ས་མཛད་པའི་རྗེ་བདག་ཉིད་ཆེན་པོའི་བསྟོད་པ་ལས།
བློ་བཟང་མཁྱེན་པའི་ཉི་མ་གཅིག་གིས་ནི། །
ས་སྟེང་གནས་པའི་རབ་རིབ་རྣམ་བཅོམ་པས། །
ཡང་དག་རིགས་པའི་ལམ་ནས་ཟབ་རྒྱས་ཆོས། །
སྨྲ་བའི་སེང་གེས་ས་ཆེན་རྣམ་པར་བཀང་། །
ཞེས་དང་། །
ཁྱོད་ཀྱི་བརྒྱུད་འཛིན་དམ་པའི་སྐྱེ་བོ་རྣམས། །
ཀུན་སྤྱོད་སྨད་དུ་མེད་པའི་ཚུལ་ཁྲིམས་དང་། །
སྐྱོན་བྲལ་རྣམ་དཔྱོད་བཟང་པོའི་ངང་ཚུལ་གྱིས། །
ཕྱོགས་ཀྱི་སྐྱེ་བོ་ཀུན་གྱི་གཙུག་ན་མཐོ། །
ཞེས་གསུངས་པ་ལྟར་ལགས་ན།
དགེ་བའི་བཤེས་གཉེན་ཁོང་གི་རྣམ་པར་ཐར་པ་ལ་གུས་པས་རྗེས་སུ་ཡི་རང་བཅས།
གྲཱ་གྲོགས་བློ་བཟང་འཇམ་དཔལ་ལགས་ཞིབ་ཆ་དང་དག་སེལ་ལ་བསྔགས་པའི་ཉིང་ཁུ།
བློ་༽གསལ་འོད་ཀྱི་གོང་བུ་ཞིག་གིས་གངས་ཅན་རིག་བརྒྱའི་པད་ཚལ་བསྐྱངས།།
བཟང༽གསུམ་བཀའ་བསྟན་དྲོད་ཀྱིས་འཁྱུད་པའི་མཛད་བཟང་ཀུན་ཕན་ནམ་མཁའི་ནོར།།
འཇམ་༽མཉེན་ཕྱག་གིས་བདག་གིར་མཛད་པ་འཕགས་བོད་ཡངས་པའི་དཀྱིལ་འཁོར་གྱི།།
དཔལ་༽ལྡན་ངོ་མཚར་རྒྱ་མཚོའི་དབུས་ན་རི་དབང་བཞིན་དུ་མངོན་པར་བརྗིད།།
ནོར་བཅོས།
དྲཱ་གྲོགས་བློ་བཟང་འཇམ་དཔལ་ལགས་ཀྱི་ཞིབ་ཆ་དང་དག་སེལ་གནང་བར་བསྔགས་པའི་ཉིང་ཁུ།
ཞེས་པར་བཅོས་གནང་མཁྱེན།
མགོན་པོ་༸གོང་ཉིད་སྐུ་ཚེ་ཡུན་དུ་བརྟན་པ་དང་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་རྗེས་སུ་འཛིན་པའི་སྨོན་འདུན་ཤུགས་དྲག་ཞུ།
ཞབས་བརྟན་ལ་ཞབས་བརྟེན་ནོར་སྟངས་འདི། ལོ་མང་པོའི་སྔོན་ལ་ངས་བོད་རིགས་སྤྱི་སྐད་ནང་ལ་འདི་ལྟར་བྲིས་ཡོད།
དབྱངས་ཨ་ཨི་ཨུ་ཨེ་ཨོ་ལས། །
མ་སྐྱེས་ཡེ་གེ་མིང་ཚིག་བོད་ལ་མེད། །
ཀི་ཀོ་ཀེ་ཀོ་ཀ་ལྔར་ངེས་པས་ཤེས། །
ཀད་ཀན་ཀལ་ཀལ་དབྱངས་ཨར་ཉམས་གསོ་དགོས། །
ཅིའི་ཕྱིར་ཞེས་ན་ཅུང་ཟད་གླེང་བར་སྤྲོ། །
ཧིན་སྐད་སང་ཉིན་ཀལ་ལ་བོད་གཟུགས་ཀལ། །
ཨ་མེད་ཀེལ་རུ་བཀླགས་ན་ཨ་ཀལ་སྒྲ། །
རྩ་ཆད་འགྲོ་བ་ཅུང་ཟད་དཔྱད་ན་ཤེས། །
ཀེལ་རུའི་རུ་འདི་ཡུལ་སྐད་འདི་སུམ་རྟགས་ལྟར་ད་ཞབས་ཀྱུ་དུའི་ཀལ་དུ་ལ་བཅོས།
ལ་དྭགས་རྒན་ལགས་ཐུགས་རྗེ་ཆེ། བློ་བསྐྱེད་་ཡག་པོ་གནང་འདུག དངོས་གནས་རེད་ཞབས་བརྟན་གྱི་བརྟན་ལ་འགྲེང་བུ་བྲིས་པ་མ་དག་ཅིང་།
བཀྲིས་ཚིག་བསྡུ་བྱས་པས་རྟེན་འབྲེལ་ལ་ཕན་གནོད་ནི་གྲོང་ཆོག་རྒན་པོའི་ཁ་རྒྱུན་ཞིག་ལས་དོན་གནད་ཅིག་མི་འདུག
བཀའ་དབང་བསྩལ་ནས་ཞེས་པར་སྔོན་འཇུག་བ་མེད་པ་བཀའ་བསྟན་གསུང་འབུམ་རྣམས་དང་དག་ཡིག་ཟ་མ་ཏོག་སོགས་དང་མི་མཐུན་ཡང་དུས་གསུམ་རྣམ་དབྱེའི་ཡི་གེ་སྤྱིའི་སྒྲིག་གཞི་དང་ཧ་ཅང་མཐུན་པས་འདི་འདྲའི་རིགས་ལ་རྒྱུ་མཚན་མེད་པའི་རྙིང་བཤད་ལ་དགོས་པ་ཞིག་མ་མཐོང་།
(ཆེ་བ་མ་ཟད། ཅེས་པར་ཆེ་བར་མ་ཟད། མ་ཟད་ཀྱི་སྔོན་དུ་ལ་དོན་ར་ཡིག་ཡོད་ན་དག་ཆ་ལེགས། མང་པོས་ར་ཡིག་མི་འབྲི་ཡང་དཔེ་དག་པ་རྣམས་དང་འགལ་ལོ། །)ཞེས་པ་འདི་ཡང་སྤྲོས་བཤད་མང་པོ་དེ་ལ་དོན་སྙིང་བརླགས་འདུག དེ་ལས་ཆེ་བར་མ་ཟད་ཅེས་པའི་ར་ཡིག་དེ་ཉིད་རེད་ཅེས་སྨྲོས་ན་དགེ་མཚན་ཆེ་བ་སྣང་། སྤྱིར་བཏང་གསར་རྙིང་ཡིག་མཁན་སོ་སོའི་འདོད་པར་མི་འདྲ་ཁག་གཉིས་ཡོད་པས་མཐའ་གཅིག་ཏུ་ནོར་སྐྱོན་བགྲང་ན་མི་འགྲིག་སྙམ།
(ཡོན་ཏན་གཞི་འགྱུར་མ་ཞེས་པར་བཀྲ་ཤིས་ལྷུན་པོའི་ཆོས་སྤྱོད་ན། ཡོན་ཏན་གཞིར་གྱུར་མ། ཞེས་གསལ། དཔྱད་པར་མཛད་གྲོགས། ) འདི་བཀྲས་ལྷུན་ཆོས་སྤྱོད་དུ་ཡོད་མེད་ཀྱི་རྣམ་དབྱེ་འབྱེད་མི་དགོས་པ་གྱུར་འདས་ཚིག་འབྲི་དགོས།
(པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་མཛད་པའི་བླ་མ་མཆོད་པའི་ཁྲིད། འདི་ཉིད་བདག་གིས་ད་ལྟ་འདིར་མ་གཏོགས་མ་ཤེས། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་མཛད་པའི་བླ་མ་མཆོད་པ་ཞིག་ཡོད་པ་ཡིན་ནམ།) རྒན་ལགས། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་མཛད་པའི་བླ་མ་མཆོད་པའི་ཁྲིད་ཡོད་ན་བླ་མ་མཆོད་པ་ཡོད་དགོས་དོན་ཡོད་དམ།
འདི་དག་མཁས་པས་མཉམ་པར་མ་བཞག་པའི་ཚིག་ཏུ་མཐོང་ནས་གསལ་བཤད་ཅུང་ཕུལ་བ་ལགས་སོ། །
འདི་ཡང་རྒན་ལགས་ཀྱིས་དྲངས་པའི་རྒྱལ་སྲས་ཞི་བ་ལས་གསུང་། གང་ལ་གནོད་པ་བྱས་ཀྱང་བདེར་འབྲེལ་བ། །བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི། །ཞེས་པའི་ཀུན་སློང་གིས་མཚམས་སྦྱོར་ནས།
ཞི་བ་ལྷ་རུ་བཅོས་རོགས།
ང་ནི་གསར་གཏོད་ལ་དགའ་མཁན་ཞིག་ཡིན་ན་ཡང་། རྒན་འཇམ་དཔལ་ལགས་ཀྱིས། ཡིག་རྙིང་འབྲི་སྟངས་དག་བཅོས་ཞུ་དག་མུ་མཐུད་ནས་གནང་བ་ལ་བཀའ་དྲིན་ཤིན་ཏུ་ཆེ་ཞིང་། རྗེས་སུ་ཡི་རང་ཆེན་པོ་ཡོད་ལགས།
རྒན་ལགས་ནི་ཆེས་སྤྱིར་བཏང་སྤྱོད་ཚུལ་ལས་དམིགས་གསལ་ཚུལ་འཆོས་ཀྱི་སྤྱོད་པ་ཅི་ཡང་མི་མཛད །རིག་པས་གཞུང་ལུགས་བརྡར་བའི་ལྷག་བསམ་གྱི་ཀླུང་ནས་བསྟན་པའི་རྒྱལ་མཚན་བསྒྲེང་བའི་མདོ་སྔགས་དབྱེར་མེད་ཀྱི་དེད་དཔོན་དུ་གྱུར་ཡོད ། རྒན་ལགས་ཀྱི་རྣམ་ཐར་འདི་ཙམ་གྱི་ལ་ག་འཐུས་ཏེ་གཞལ་པར་དཀའ་བའི་མཛད་གཤིས་ཀྱི་རི་མོ་བཞིན་དང་དགོད་པར་སྤྲོ་བའི་མཚར་སྡུག་གི་རོ་མངར་མཆིས་སོ །
བསོད་ནམས་རྡོ་རྗེ་ལེགས། ལན་བྲིས་པར་ཐུགས་རྗེ། རང་གཞན་ལ་བློ་བསྐྱེད་ཕྱིར་འབྲི་བ་ལ་ཕན་ཐོགས། བཀྲ་ཤིས་ལ་བཀྲིས་འབྲི་བ་ནི། རྟེན་འབྲེལ་ཙམ་མ་ཡིན་པར་གནོད་སྐྱོན་ཆེན་པོ་གཞན་ཡང་ཡོད་དེ། རང་གི་བརྗེད་ཐོ་ཚམ་ལ་འགྲིག་ཀྱང་། འདིར་མི་མངས་ལ་ཀློག་པའི་དོན་དུ། བཀྲིས་ཞེས་པ་བཀྲ་ཤིས་ཀྱི་བསྡུས་ཚིག་མ་ཤེས་པ་དག་གིས་བཀྲ་ཤིས་པའི་དོན་དུ་མི་འཛིན་པར་བཀྲིས་ཞེས་པ་གང་ཡིན་ནམ་སྙམ་པའི་དོགས་པ་སྐྱེ་བ་དང་། བཀྲི་ བཀྲིས་ བཀྲི་ བཀྲིས་ རིམ་བཞིན་ད་ལྟ་འདས་མ་འོངས་བསྐུལ་ཚིག་རྣམས་ལས་གང་ཡིན་སྙམ་པའི་ཐེ་ཚོམ་མི་འབྱུང་ངམ། སྩལ་ཞེས་པར་་དུས་གསུམ་རྣམ་དབྱེའི་ཡི་གེ་སྤྱིའི་སྒྲིག་གཞི་དང་ཧ་ཅང་མཐུན་པས། ཞེས་པར་དུས་གསུམ་གྱི་སྐོར་བཤད་པ་ལ་རྣམདབྱེ་བཀོད་པ་གཞན་ལ་འཁྲུལ་གཞི་ཆེ་བས། རྣམ་དབྱེ་ཞེས་མ་གླེང་ན་གོ་བདེ། འོན་ཀྱང་དུས་གསུམ་རྣམ་གཞག་གིས་རིགས་འགྲེ་བྱས་པ་ནི། བསྩལ་ཅེས་པ་སེལ་བའི་འདས་ཚིག་ཡོད་པ་སྡེ་དགེ་བཀའ་འགྱུར་ན་བདག་གིས་ཁག་མང་པོར་མཐོང་། བདག་ནི་བསྟན་བཅོས་ཀྱི་ཐ་སྙད་དང་ཆོས་སྐད་ལ་ཆ་འཇོག་བྱེད་པས། དེ་སྐད་དུ་འདོད། དེ་དག་ལ་མི་རྩི་ན། སོ་སོའི་ཁ་ནས་འཐོན་པ་བཞིན་དུ་ཞབས་བརྟན་ལ་ཞབས་བརྟེན་ཞེས་འབྲི་ན་མི་འགྲིག་པ་ཅི་ཞིག་ཡོད་དམ། བཀའ་བསྟན་གསུང་འབུམ་དག་གི་སྐད་ཡིག་དེ་དག་ད་ལྟ་རང་རེས་སྤྱོད་བཞིན་པའི་བོད་སྤྱིའི་སྐད་ཡང་རྩེར་སོན་པ་ཡོད་བཞིན་དུ་དེ་དག་མེད་པར་བཟོས་ཏེ། རང་གི་ཁ་ནས་འཐོན་པ་གཙོ་བོར་བྱེད་ན། བོད་གཅིག་སྒྲིལ་དང་རིག་གཞུང་སྟོན་བྱེད་ཀྱི་ཡི་གེ་འཆལ་འཆོལ་དུ་གཏོང་བ་མ་ཡིན་ནམ། དེ་ཡང་གཞན་དུ་འདི་ལྟར་བྲིས་པ་འདིར་ཡང་དགོད་པར་བྱ་སྟེ།
རང་རེའི་བོད་ཀྱི་ཆོས་དང་སྲིད་གཉིས་ཀ་ལེགས་པར་འབྱུང་བ་ལ། ཡི་གེ་དག་པ་མེད་དུ་མི་རུང་བ་ཡིན་འདུག བསྟན་དར་ལྷ་རམས་པས། “དེ་ཡང་རྒྱལ་དབང་བརྒྱད་པའི་ཡོངས་འཛིན་རིན་པོ་ཆེ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས། གང་དུ་བསྟན་པ་དར་བ་དེ་ན་ཡི་གེ་ཤིན་ཏུ་དག་པ་བྱུང་ཞིང་བསྟན་པ་འཕང་དམའ་བ་ན་ཡི་གེ་ཡང་ཅལ་ཅོལ་དུ་འགྲོ་བ་ཡིན་ཞེས་གསུང་ཆོས་ཀྱི་སྐབས་ཁྲོམ་བཤད་དུ་སྩོལ་ཀྱིན་འདུག་པ་བདག་གིས་དངོས་སུ་ཐོས།” བསྟན་དར་ལྷ་རམས་པའི་གསུང་འབུམ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་༢༠༠༨ལ་སྤར་པ་དེབ་་གཟུགས་ཤོག་གྲངས་་༥༧༥ན། དེ་ཡང་དང་པོ་རང་རེས་ཡི་གེ་སྒྲ་གདངས་གསལ་པོར་འདོན་པ་ལ་འབད་དགོས།
ཡོན་ཏན་གཞི་འགྱུར་མ་ཞེས་པར་འགྱུར་ལ་གྱུར་ཅེས་འདས་ཚིག་ཙམ་མ་ཡིན་པར་གཞི་ལ་ར་ཡིག་ཡོད་པ་ཡང་ཆད་འདུག་པས། དག་པར་འདོད་ན། ཡོན་ཏན་གཞིར་གྱུར་མ་ཞེས་འབྲི་དགོས་སོ།
རྒན་ལགས། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་མཛད་པའི་བླ་མ་མཆོད་པའི་ཁྲིད་ཡོད་ན་བླ་མ་མཆོད་པ་ཡོད་དགོས་དོན་ཡོད་དམ། འདི་དག་མཁས་པས་མཉམ་པར་མ་བཞག་པའི་ཚིག་ཏུ་མཐོང་ནས་གསལ་བཤད་ཅུང་ཕུལ་བ་ལགས་སོ། །འདིར་བདེན་ནམ་སྙམ། ངས་པཎ་ཆེན་ཡེ་ཤེས་ཀྱིས་མཛད་པའི་བླ་མ་མཆོད་པའི་ཁྲིད་དེ་ཉིད་པཎ་ཆེན་ཆོས་རྒྱན་གྱིས་མཛད་པའི་བླ་མ་མཆོད་པ་ལ་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་ཁྲིད་ཡོད་དམ། ཡང་ན་བླ་མ་མཆོད་པ་མང་པོ་ཞིག་པཎ་ཆེ་ཆོས་རྒྱན་གྱིས་གཟིགས་འདུག་པ་ན། བླ་མ་མཆོད་པ་སུས་མཛད་པ་ལ་དཔལ་ལྡན་ཡེ་ཤེས་ཀྱི་ཁྲིད་ཡོད་གསལ་ཀ་ཞིག་ད་ལྟ་ཡང་མི་འདུག ཁྱེད་ཀྱིས་གཟིགས་གྲོགས། ངས་ཀྱང་བརྩད་གཅོད་ངེས། བདག་མ་ཁོམས་པས་ལན་འབུལ་འགྱངས་སོང་། དགོངས་དག།
སྐཡ་གཟུགས་བཟང་པོ
རྒན་ལགས། བློ་བསྐྱེད་གནང་བར་ཐུགས་རྗེ་ཆེ། (བཀྲིས་ཞེས་པ་བཀྲ་ཤིས་ཀྱི་བསྡུས་ཚིག་མ་ཤེས་པ་དག་གིས་བཀྲ་ཤིས་པའི་དོན་དུ་མི་འཛིན་པར་བཀྲིས་ཞེས་པ་གང་ཡིན་ནམ་སྙམ་པའི་དོགས་པ་སྐྱེ་བ་དང་། བཀྲི་ བཀྲིས་ བཀྲི་ བཀྲིས་ རིམ་བཞིན་ད་ལྟ་འདས་མ་འོངས་བསྐུལ་ཚིག་རྣམས་ལས་གང་ཡིན་སྙམ་པའི་ཐེ་ཚོམ་མི་འབྱུང་ངམ། ) ཞེས་སྐྱེ་བོ་མི་ཤེས་པར་རྒྱུ་མཚན་དུ་བྱས་ནས་གསུངས་པ་ནི་དོན་སྙིང་ཆེན་པོ་དང་མི་ལྡན་ལ། རྒན་ཁོག་ཀྱོག་ནས་འགྲོ་སྟངས་ཤིག་རེད།
(བསྩལ་ཅེས་པ་སེལ་བའི་འདས་ཚིག་ཡོད་པ་སྡེ་དགེ་བཀའ་འགྱུར་ན་བདག་གིས་ཁག་མང་པོར་མཐོང་། བདག་ནི་བསྟན་བཅོས་ཀྱི་ཐ་སྙད་དང་ཆོས་སྐད་ལ་ཆ་འཇོག་བྱེད་པས། དེ་སྐད་དུ་འདོད། ) ཅེས་གསུངས་འདུག ལགས་སོ། །རྗེས་སུ་ཡི་རངས་ཞུ། འོ་ན་བསྩལ་ཞེས་པ་སྩོལ་བའི་འདས་ཚིག་ཏུ་བཀའ་བསྟན་གང་གི་ནང་དུ་མེད་པར་རྒན་ལགས་ཀྱིས་ཞལ་བཞེས་གནང་གི་ཡོད་དམ། ཡོད་ན་བསྟན་བཅོས་ཀྱི་ཐ་སྙད་དང་ཆོས་སྐད་ལ་ཆ་འཇོག་དེ་ཡང་ཟུར་ཞིག་ནས་བྲོས་སོང་བ་མིན་ནམ།
ཡང་རྒན་ལགས་ཀྱིས་(བཀའ་བསྟན་གསུང་འབུམ་རྣམས་དང་དག་ཡིག་ཟ་མ་ཏོག་སོགས་དང་མི་མཐུན་པ་བོད་རྒྱ་ཚིག་མཛོད་སོགས་ན་ཡོད་ཀྱང་། གཞུང་ལུགས་དང་མཐུན་པར་སྩལ་ནས་ཞེས་བ་སྔོན་འཇུག་མེད་པ་ཤེས་རབ་སྙིང་པོ་སོགས་བཀའ་བསྟན་ཀུན་ན་ཡོད།) ཅེས་གསུངས་འདུག
འོ་ན། ( བསྟན་དར་ལྷ་རམས་པས། “དེ་ཡང་རྒྱལ་དབང་བརྒྱད་པའི་ཡོངས་འཛིན་རིན་པོ་ཆེ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས། གང་དུ་བསྟན་པ་དར་བ་དེ་ན་ཡི་གེ་ཤིན་ཏུ་དག་པ་བྱུང་ཞིང་བསྟན་པ་འཕང་དམའ་བ་ན་ཡི་གེ་ཡང་ཅལ་ཅོལ་དུ་འགྲོ་བ་ཡིན་ཞེས་གསུང་ཆོས་ཀྱི་སྐབས་ཁྲོམ་བཤད་དུ་སྩོལ་ཀྱིན་འདུག་པ་བདག་གིས་དངོས་སུ་ཐོས།” )ཞེས་གསུངས་འདུག་པས་རྒན་ལགས་ཀྱིས་སྩོལ་ཞེས་ན་རོ་ཡོད་པ་འདི་ད་ལྟ། འདས་ཚིག་གང་གི་ཁོངས་སུ་འཇོག འདི་དག་བཀའ་བསྟན་གང་དང་མཐུན་ཚུལ་སོགས་གསུངས་རོགས་ཞུ། གསལ་བཤད་ཞུ་རྒྱུ་ཞིག་ལ། གུས་པ་ཡང་བགྲང་བྱ་བདུན་ལ་སོན་པ་ནས་བོད་ཡིག་འདི་ལ་སྦྱོང་ཞིང་། རྒྱལ་བའི་བཀའ་བསྟན་ཁག་མཇལ་རྒྱུའི་གོ་སྐལ་བཟང་པོ་ཐོབ་པ་ཞིག་ཡིན་ཀྱང་། ཁུངས་ལུང་རྒྱུ་མཚན་གཞན་མི་རྙེད་པ་འདི་ཚོར་གུས་འདུད་བྱ་འདོད་མི་འདུག དོགས་པ་སྐྱེ་ན་འདི་དག་ལ་སྐྱེ་ངེས་སྙམ། མཁས་མིང་འཛིན་པ་དག་ཀྱང་འདི་དག་གི་རྣམ་དབྱེ་ལ་འཁྲུལ་བ་མང་ངོ་།།
ཡང་ (ཡོན་ཏན་གཞི་འགྱུར་མ་ཞེས་པར་འགྱུར་ལ་གྱུར་ཅེས་འདས་ཚིག་ཙམ་མ་ཡིན་པར་གཞི་ལ་ར་ཡིག་ཡོད་པ་ཡང་ཆད་འདུག་པས། དག་པར་འདོད་ན། ཡོན་ཏན་གཞིར་གྱུར་མ་ཞེས་འབྲི་དགོས་སོ།།) ཞེས་བཤད་པ་ནི་ཁོ་བོར་བདེན་ཁ་སྦྱིན་པ་ཙམ་ལས་གནོད་བྱེད་ཅིག་མི་འདུག
རྒན་ལགས་ཐུགས་རྗེ་ཆེ། བློ་བསྐྱེད་གནང་རོགས་ཞུ།
གསང་འདུས་རྩ་རྒྱུད་ལས། དེ་ནས་དཔལ་ལྡན་རྡོ་རྗེ་འཛིན།།དེ་བཞིན་གཤེགས་པ་ཀུན་གྱིས་མཆོད།།སངས་རྒྱས་ཀུན་མཆོག་ཀུན་མཁྱེན་གྱིས།།སྒོམ་པའི་མཆོག་ནི་བཀའ་སྩལ་ཏོ།།ཞེས་བཀའ་སྩལ་ཞེས་པའི་སྩལ་ལ་སྔོན་འཇུག་མེད་པ་དང་། དམིགས་བསལ་བསྩལ་ཞེས་པ་བསལ་བའི་དོན་ལ་འཇུག་པ་དག་ཡིག་ཕལ་མོ་མཐུན་ཀྱང་བོད་རྒྱ་ཚིག་མཛོད་ན་དུས་གསུམ་ལ་སྦྱར་འདུག་པ་དོན་ལ་སེལ་བའི་དབང་དུ་བྱས་ནས་བཤད་པ་ཡིན་རྒྱུ་རེད། དེ་མིན་གལ་ཏེ་བཀའ་སྩལ་ཞེས་པ་ལ་བཀའ་བསྩལ་ཞེས་འདས་ཚིག་དང་མ་འོངས་བའི་དོན་ཅན་དུ་སྦྱར་ན་འཁྲུལ་གཞི་ནི་བཀའ་བསལ་ཞེས་པའི་དོན་ཅན་དུ་འཇུག་པས་ཧ་ཅང་སྐྱོན་ཆེ་བ་སྨོས་མ་དགོས། དེའི་ཕྱིར་སྔོན་བྱོན་ལོ་ཙཱ་བ་རྣམས་ཀྱིས་བརྡ་སྦྱོར་ཚུན་ཆད་ནས་དེ་ལྟ་བུ་ལ་ཐུགས་དགོངས་ཞིབ་མོར་གཟིགས་པ་ལོས་ཡིན་སྙམ། དཔེར་ན། རྩ་ཀུ་ཤ་ལ་རྩ་མཆོག་ཅེས་བསྒྱུར་བ་དང་། པདྨ་ལྟ་བུ་བོད་སྐད་ལ་བསྒྱུར་ན་དཔལ་གོས་ཞེས་པ་ཡིན་པས་དེ་ལྟར་བསྒྱུར་ན་འཁྲུལ་གཞི་ཆེ་བའི་དབང་གིས་མ་བསྒྱུར་བར་རང་འཇགས་བཞག་པ་དང་། རཊྣ་ཞེས་པ་བསྒྱུར་ན་རིན་ཆེན་ཞེས་པ་ཡིན་པས་དེ་ལྟར་བསྒྱུར་ན་གཞན་ལ་འཁྲུལ་གཞི་ཆེ་བའི་དབང་གིས་རྒྱུད་བླ་མའི་གཞུང་དང་བསྟུན་ནས་དཀོན་མཆོག་ཅེས་དོན་ཐོབ་གཙོ་བོ་བྱས་ནས་བསྒྱུར་བ་ལྟ་བུ་རེད།
བསོད་ནམས་རྡོ་རྗེ་ལེགས
ལན་བྲིས་པར་དགའ་བ་ཆེ། གཤམ་གསལ་གྱི་བརྗོད་ཚིག་གི་བྱ་བ་དག་ལ་ད་ལྟ་འདས་མ་འོངས་བསྐུལ་ཚིག་བཅས་གང་ཡིན་པ་བདག་གིས་ངོས་འཛིན་ལྟར་ཞུ་བར་བྱ་སྟེ།
གང་དུ་བསྟན་པ་དར་བ་དེ་ན་ཡི་གེ་ཤིན་ཏུ་དག་པ་བྱུང་ཞིང་བསྟན་པ་འཕང་དམའ་བ་ན་ཡི་གེ་ཡང་ཅལ་ཅོལ་དུ་འགྲོ་བ་ཡིན་ཞེས་གསུང་ཆོས་ཀྱི་སྐབས་ཁྲོམ་བཤད་དུ་སྩོལ་ཀྱིན་འདུག་པ་བདག་གིས་དངོས་སུ་ཐོས། དེ་དག་ན། བྱུང་། ཞེས་པ་འདས་པ་དང་། འགྲོ་བ་ཡིན། ཞེས་དང་། སྩོལ་ཀྱིན་འདུག ཅེས་པ་དག་ད་ལྟ་བ་དང་། ཐོས། ཞེས་པ་འདས་ཚིག་ཏུ་ངོས་འཛིན། ཁྱེད་ཀྱིས་དགུང་ལོ་བདུན་ནས་གཞུང་དཔེ་ཀློག་པའི་སྐབས་བྱུང་བར་ལེགས་གསོལ། སྔོན་བསོད་ནམས་བསགས་པའི་འབྲས་བུ་སྟེ། སྔོན་མ་གང་ཡིན་ད་ལྟའི་ལུས་ལ་ལྟོས། ཕྱི་མ་གང་འོང་ད་ལྟའི་སེམས་ལ་ལྟོས། ཞེས་བོད་ཀྱི་ཁ་རྒྱུན་ལ་ཡོད་པ་ལྟར་ལགས།
མིག་བརྒྱད་པ་ལེགས་ཀྱིས་ཀྱང་། གཞུང་ལུགས་གཟིགས་པའི་འབྲས་བུར་བསྩལ་ཅེས་པའི་ཚིག་ལ་གསལ་བཤད་མཛད་པ་དེ་བོད་སྤྱིའི་སྐད་སྦྱོང་བར་འདོད་པ་བདག་ལྟ་བུ་དག་གིས་གུས་བཀུར་ཞུ་འོས་པ་ལགས་སོ།།
བསྩལ་ཞེས་པ་བསལ་བའི་བརྡ་རྙིང་། སྩེལ་ཞེས་པ་སེལ་བའི་བརྡ་རྙིང་། བོད་ཀྱི་ཁམས་དང་ཨ་མདོའི་ལུང་ཁུལ་ཁ་ཤས་ལ་སྐད་དེ་རང་འཇགས་སྤྱོད་པ་དང་། དེ་བཞིན་དུ། ལ་སྩོགས་ཞེས་པ་ནི་ལ་སོགས། མྱིག་ཅེས་པ་མིག །མྱི་ཞེས་པ་མི། མྱེད་ཅེས་པ་མེད་ཅེས་པ་སོགས་སྡེ་དགེའི་མཚལ་པར་བཀའ་བསྟན་དག་ལས་དེ་ལྟར་མཐོང་ལ། ཨ་མདོའི་སྐད་དུའང་མི་ལ་མྱི་དང་མིག་ལ་མྱིག་ཟེར་གི་རེད། ལུང་ཁུལ་ཁ་ཤས་ལ་མིག་ལ་ནིག་ཟེར་བ་དང་། ཨ་མཆོག་རྒད་པ་ཞིག་གིས། སྐྱེ་བ་ཕྱི་མ་སྤྱན་རས་གཟིགས་ཀྱི་ནིག་གི་ནང་དུ་སྐྱེ་བར་ཤོག་ཅེས་དགོད་བྲོ་བའི་གནས་ཚུལ་དེ་འདྲ་ཡང་བྱུང་ཡོད་པ་རེད།
རྒན་ལགས་བློ་བསྐྱེད་གནང་བར་ཐུགས་རྗེ་ཆེ།
(གང་དུ་བསྟན་པ་དར་བ་དེ་ན་ཡི་གེ་ཤིན་ཏུ་དག་པ་བྱུང་ཞིང་བསྟན་པ་འཕང་དམའ་བ་ན་ཡི་གེ་ཡང་ཅལ་ཅོལ་དུ་འགྲོ་བ་ཡིན་ཞེས་གསུང་ཆོས་ཀྱི་སྐབས་ཁྲོམ་བཤད་དུ་སྩོལ་ཀྱིན་འདུག་པ་བདག་གིས་དངོས་སུ་ཐོས། དེ་དག་ན། བྱུང་། ཞེས་པ་འདས་པ་དང་། འགྲོ་བ་ཡིན། ཞེས་དང་། སྩོལ་ཀྱིན་འདུག ཅེས་པ་དག་ད་ལྟ་བ་དང་། ཐོས། ཞེས་པ་འདས་ཚིག་ཏུ་ངོས་འཛིན།) ཞེས་གསུངས་འདུག འོ་ན། བྱ་ཚིག་ད་ལྟ་བ་ལ་ད་དྲག་ཐོབ་པའི་ལུགས་སྲོལ་ཡོད་དམ། འདི་དག་ལ་ཁུངས་ལུང་རྒྱུ་མཚན་གང་ཡོད་གསལ་བཤད་གནང་རོགས་ཞུ།
དེ་མིན་རྣམ་ཐར་ལྟ་བུ་ལ་ད་དྲག་ཐོབ་པའི་རྒྱུ་མཚན་གང་ཡོད།
དེ་མིན་གསུང་རབ་ཀྱི་དཔར་རྙིང་ཁག་ཏུ་སྒོམ་ལམ་ལ་བསྒམ་ལམ་བྲིས་པ་མང་ཞིང་། བལྟ་བའི་མིག་ཅེས་པར་བ་སྔོན་འཇུག་ཅན་དང་། ཐུགས་དམ་བསྐོངས་གྱུར་ནས་ཞེས་བསྐངས་ལ་ན་རོ་བྲིས་པ་འདི་དག་ལ་འགྲེལ་བཤད་ཅི་ཡོད།
པྲ་ཏིས་སྔོན་གྱི་ཡིག་རྙིང་ཁག་ཏུ་ལསྕོགས་པ་ཞེས་ལ་ས་དབར་དུ་ཚེག་མེད་པ་དང་། མྱི་མྱིག་སོགས་བརྡ་རྙིང་དག་ལ་རྩོད་པར་མི་འདུག
མིག་བརྒྱད་ལགས། ཡི་གེ་གསར་བཅད་རྗེས་བརྡ་རྙིང་སྤྱོད་པ་འདི་བླ་དཔོན་གྱི་ཁྲིམས་དང་འགལ་བ་ཞིག་མིན་ནམ། བསྩལ་བརྡ་རྙིང་ལ་བསལ་གྱི་དོན་ཡིན་ན། བརྡ་གསར་ལ་སྩོལ་གྱི་འདས་ཚིག་ཤུགས་ལ་ཁས་བླངས་པ་མ་ཡིན་ནམ།
འདི་དག་སྤྱོད་ན་མི་རྣམས་ཐེ་ཚོམ་གྱི་དྲ་བར་འཇུག་པ་མ་ཡིན་ནམ།
རྣམ་པར་ཚོས་ངེས་དགོས་པ་ཞིག་ལ། སྔོན་གྱི་པར་རྙིང་ཁག་ཏུ་འདི་དག་མེད་ཅེས་ཞུ་གི་མིན། ཡོད་པར་རྒྱུ་མཚན་གང་ཡོད་གསལ་སྟོན་གནང་རོགས་ཞུ།
ད་་་་འདི་ན་རྩོད་པ་དང་བློ་སྐྱེད་ཅང་མི་འདུག་ཨ་ཁུ་ལོ་ལོ་ཚོ། དུས་གསུམ་ལ་འདི་དང་འདི་ཐོབ་ཀྱིན་རེད་ཅེས་ཤོད་ཁག་པོ་རེད་་་་་སྐབས་རེར་གཟུགས་འགྱུར་ཡོང་གིན་རེད་ལ་རྩ་ནས་གཟུགས་མི་འགྱུར་བར་ཡི་གེ་གཅིག་པ་རང་ཡང་དུས་གསུམ་ལ་འཇུག་ནི་ཡོང་གིན་རེད་པ། དུས་གསུམ་གྱི་ཁྱད་པ་དང་གཟུགས་འགྱུར་དང་མི་འགྱུར་གཉིས་ཀ་ལག་ལེན་བསྟར་སྐབས་གཟབ་དགོས་པའི་གནད་དོན་ཞིག་རེད།
མཁས་པའི་དབང་པོ་བསྟན་དར་ལྷ་རམས་པས།
ཡི་གེའི་འཇུག་ཚུལ་ཕ་མཐའ་མི་མངོན་ཞིང་།
ཞེས་གསུངས་པ་ལྟར། བཟང་སྤྱོད་ལས།
ཐམས་ཅད་སྐད་དུ་བདག་གིས་ཆོས་སྟོན་ཏོ།
སྩོལ་ལ་ཡང་ད་ཡང་འཇུག་ཏུ་ཡོད་དམ། རང་རེས་དཔྱད་དགོས། དོན་ལ་ཡང་ད་བཤུལ་ཡོད་པས་དོན་ཏོ། ཞེས་མང་དུ་སྣང་། དོན་ཡང་སྩོན་ཀྱིན་ཞེས་པ་དེ། སྩོན་བཞིན་ཞེས་པ་ལས་མཆེད་པར་སེམས། སི་ཏུན་པཎ་ཆེན་གྱིས། སྟོན་བཞིན། གཅོད་བཞིན། སོགས་བྲིས་པ་མཆིས། མཇུག་ཏུ་སི་ཏུའི་ཞལ་ལུང་དུ། རྗེ་དངུལ་ཆུ་ཆོས་བཟང་གིས། གཅོད་ཀྱིན་འདུག གཅོད་བཞིན། དགག་གིན། དགག་བཞིན། ད་ལྟ་དེ་ལས་སྒྲ་ཉམས་པ་གཅོད་ཀྱི། དགག་གི། ཞེས་སྒྲ་གདངས་ཉམས། བོད་ཀྱི་སྒྲ་ཚིག་ལྟ་ཅི་སྐད་རིགས་ཚང་པ་ཕལ་སྐད་དུ་འགྱུར་བ་ཆོས་ཉིད་ཡིན་ཀྱང་། རྒྱ་གར་དུ་སྐད་སྒྲ་ལ་ཤ་གཞེན་ཅན་དག་གིས་ཡི་གེ་ཚང་མ་མ་ཉམས་པར་འདོན་པས། ལེགས་སྦྱར་སྐད་དུ། ཇི་ལྟར་ཡི་གེར་བཀོད་པ་དེ་ལྟར་ཀློག་ཐུབ་པར་བཤད། དེ་བཞིན་དུ་བོད་ཀྱི་མཁས་པ་དག་གིས་ཀྱང་ཡི་གེའི་སྒྲ་གདངས་ཉམས་ནས་འདོན་པར་གཟིགས་ཏེ། ས་སྐྱ་རྗེ་བཙུན་བསོད་ནམས་རྩེ་མོས་སྔོན་འཇུག་རྗེས་འཇུག་ར་ལ་སའི་མགོ་ཅན་སྒྲ་གདངས་འཐོན་པར་ཀློག་དགོས་ཚུལ་གསུངས་པ་བཞིན་དུ་མཁས་པ་འགའ་རེས་ལག་ལེན་དུ་བསྟར་ཀྱང་། དར་ཁྱབ་ཆེ་བ་ཞིག་མ་བྱུང་། བོད་ཀྱི་གནས་ཡུལ་་དབེན་པ་དག་ཏུ་གནའ་བོའི་འདོན་སྟངས་དེ་ལུས་ཀྱང་། ཡུལ་དབུས་གཙང་སོགས་ཀྱི་སྐྱེ་བོས་མི་གོ་བར་མ་ཟད་དེ་ཉིད་་འཕྱས་འདོགས་པའི་གཞིར་ཡང་གྱུར། སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་དར་སྲོལ་ཆེ་ཞིང་། མཁས་པ་མང་པོས་འགྲེལ་པ་དཔེར་བརྗོད་བཅས་བྲིས་ཤིང་འབྲི་བཞིན་ཡང་། བོད་སྤྱིའི་སྐད་ཡིག་དེ་ཇེ་ཉམས་ཇེ་ཉམས་སུ་སོང་དང་འགྲོ་བཞིན་པ་ཡིན་འདུག། དེས་ན་རང་རེས་བྲིས་ནས་ཡོད་བཞིན་པའི་བཀའ་བསྟན་གསུང་འབུམ་དག་གི་སྐད་དེ་སྒྲ་གདངས་མ་ཉམས་པར་འདོན་ཞིང་འབྲི་བ་སོགས་རྩལ་ཅི་ཡོད་ཀྱིས་བསྲུང་དགོས་པར་མཐོང་བ་བདག་རང་གི་རྨི་ལམ་གྱི་བྱ་བ་ཞིག་གོ །
དག་ཡིག་ངག་སྒྲོན་ལས། བཀའ་སྩོལ་དངོས་གྲུབ་སྩལ་དང་སྩོལ།།སྦྱིན་པ་སྩལ་བགྱི་བགྱིད་དུ་དུ་སྩལ།།སྩལ་དུ་གསོལ་སོགས་སར་བཏགས་ཙའོ།།ཞེས་པའི་འགྲེལ་བ་ཁུ་ནུ་བླ་མ་བསྟན་འཛིན་རིན་པོ་ཆེས་མཛད་པ་ལས། སྩལ་དུ་གསོལ་གནང་བའམ་སྦྱིན་པར་མཛོད་དམ་ཞུ་ཞེས་པའི་དོན་ཡིན་ལ་དུས་གསུམ་གྱི་ཚེ་ཕལ་ཆེར་སྩལ་ཞེས་འབྱུང་ཞིང་སྔོན་འཇུག་སྦྱར་ན་འདས་མ་འོངས་གོ་བར་མ་ཟད་བསལ་བའི་དོན་ཡང་སྟོན། ཞེས་གསུངས་འདུག་པ་དང་། དག་ཡིག་ངག་སྒྲོན་འགྲེལ་བ་འདི་སྡེ་དགེ་ཆོས་རྒྱལ་ཆེན་པོའི་ལྷ་སྲས་ཚེ་དབང་བདུད་འདུལ་མཆོག་གིས་ཁུ་ནུ་རིན་པོ་ཆེའི་དྲུང་ནས་སྒྲ་རིག་གསན་སྐབས་འདི་ལྟར་རྩོམ་པར་དུ་བཀས་སྐུལ་ཏེ་གྲུབ་འཕྲལ། སྲས་མོ་གཡུ་སྒྲོན་ལགས་ནས་པར་དུ་བསྒྲུབས་ཤིང་སྤར་དཔོན་བླ་མ་ཏིང་འཛིན་ཆོས་གྲགས་ཀྱིས་ཞུས་དག་གནང་། བོད་རབ་བྱུང་བཅུ་དྲུག་པའི་མེ་གླང་ལོ་སྟེ་སྤྱི་ལོ་༡༩༣༧་ལོར་ཐོག་མར་ཤིང་པར་དུ་བཏབ། སྤྱི་ལོ་༡༩༩༠་ལོའི་ཟླ་བ་བཅུ་བའི་ནང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་དཔར་སྐྲུན་བྱས་འདུག །དེ་ནས་ད་བར་མཆན་འགྲེལ་དང་ཡང་འགྲེལ་ཁ་ཤས་ཤིག་བྱུང་འདུག།
མཁས་པའི་དབང་པོ་ཨ་ལགས་ཚེ་རྟན་ཞབས་དྲུང་རིན་པོ་སོགས་ཀྱིས་ངག་སྒྲོན་འགྲེལ་བ་འདི་ལ་མཐོང་ཆེན་མཛད་པ་ལྟར་བོད་ནང་གི་མཁས་པ་དུ་མས་ཀྱང་ཚད་མར་འཛིན་པའི་བརྡ་སྤྲོད་པའི་གཞུང་ཞིག་ཏུ་གྱུར་ཡོད་པ་རེད། ཕྲན་གྱིས་སྤྱི་ལོ་༡༩༩༥་ལོར་ཁུ་ནུ་རིན་པོ་ཆེའི་དངོས་སློབ་མཁས་དབང་ཞྭ་བ་དངོས་གྲུབ་ལགས་ཀྱི་དྲུང་ནས་དེའི་ཁྲིད་རྒྱུན་ཆ་ཚང་བ་ཞིག་ཞུས་ནས་དེའི་རྒྱུན་ད་བར་དོན་གཉེར་ཅན་རེ་ཟུང་ཞིག་ལ་སྤེལ་ཁུལ་བྱས་པ་ཡིན།
ལ་དྭགས་རྒན་བློ་བཟང་འཇམ་དཔལ་ལགས་ལན་གནང་བར་ཐུགས་རྗེ་ཆེ།
སྤྱིར་བཤད་ན་རྒན་ལགས་མཐོང་རྒྱ་དང་། ཐོས་རྒྱ་ཅན་ཞིག་ཡིན་ཚད་འདུག འོན་ཏེ་རྟགས་ཀྱི་འཇུག་པའི་སྐོར་ལ་རང་རྐྱལ་འཕེལ་བའི་འཛིན་མཚམས་ཤིག་མེད་པར་མ་ཟད། སློབ་སྦྱོང་ཡང་བྱེད་ཨེ་མྱོང་བསམ་པ་ཞིག་ལས་མི་འདུག དཔེར་ན། ཉིད་ཀྱིས་བཟང་སྤྱོད་ལས།
ཐམས་ཅད་སྐད་དུ་བདག་གིས་ཆོས་སྟོན་ཏོ།། སྩོལ་ལ་ཡང་ད་ཡང་འཇུག་ཏུ་ཡོད་དམ། རང་རེས་དཔྱད་དགོས། ཞེས་དང་། དོན་ཡང་སྩོན་ཀྱིན་(སྩོན་མ་རེད། སྩོལ་རེད) ཞེས་པ་དེ། སྩོན་བཞིན་ཞེས་པ་ལས་མཆེད་པར་སེམས། ཞེས་གསུངས་ཚུལ་འདི་ལས་སྐུ་ཉིད་ལ་ཁུངས་མེད་པར་གསལ་སྟོན་བྱས་འདུག ཡོངས་གྲགས་སུ་ན་ར་ལ་གསུམ་རྗེས་འཇུག་ཅན་གྱི་བྱ་ཚིག་འདས་སྐུལ་གང་རུང་ལ་ད་དྲག་ཡོད་པ་ལས། གཞན་ད་ལྟ་བ་ལ་ཐོབ་ཚུལ་ཁུངས་ལུང་རྒྱུ་མཚན་གསལ་སྟོན་གནང་རོགས་ཞུས་པ་ཡིན། ཡིན་ཀྱང་ལན་མི་འདུག
ཡང་རྒན་ལགས་ཀྱིས་དེས་ན་རང་རེས་བྲིས་ནས་ཡོད་བཞིན་པའི་བཀའ་བསྟན་གསུང་འབུམ་དག་གི་སྐད་དེ་སྒྲ་གདངས་མ་ཉམས་པར་འདོན་ཞིང་འབྲི་བ་སོགས་རྩལ་ཅི་ཡོད་ཀྱིས་བསྲུང་དགོས་པར་མཐོང་བ་བདག་རང་གི་རྨི་ལམ་གྱི་བྱ་བ་ཞིག་གོ །ཞེས་གསུངས་འདུག
འོ་ན། སྔོན་གྱི་ཡིག་རྙིང་དག་ལ་བསྟུན་དགོས་ན། ལ་སོགས་ལ་ལསྩོགས་དང་། སེལ་བའི་འདས་ཚིག་སྩེལ་ཞེས་འབྲི་གི་ཡིན་ནམ། དོན་ངོ་མ་བཀྲ་ཤིས་ལས་ཐེ་ཚོམ་དང་སྒྲོ་འདོགས་སྐྱེ་གཞི་འདི་རེད་མི་འདུག་གམ།
དེ་མིན་ན་བསྟན་བཅོས་ཀྱི་ཐ་སྙད་དང་ཆོས་སྐད་ལ་ཆ་འཇོག་བྱེད་མཁན་དེ། ཚྭ་ལ་སོང་དང་ཚོང་ལ་སོང་། །དེ་དུས་འདན་མ་མི་འདུག་ལགས། །
རྒན་འཇམ་དཔལ་ལགས། གཤམ་གྱི་མིག་བརྒྱད་པའི་མཆན་གྱི་དོན་སྙིང་།
དག་ཡིག་ངག་སྒྲོན་ལས། བཀའ་སྩོལ་དངོས་གྲུབ་སྩལ་དང་སྩོལ།།སྦྱིན་པ་སྩལ་བགྱི་བགྱིད་དུ་དུ་སྩལ།།སྩལ་དུ་གསོལ་སོགས་སར་བཏགས་ཙའོ།།ཞེས་པའི་འགྲེལ་བ་ཁུ་ནུ་བླ་མ་བསྟན་འཛིན་རིན་པོ་ཆེས་མཛད་པ་ལས། སྩལ་དུ་གསོལ་གནང་བའམ་སྦྱིན་པར་མཛོད་དམ་ཞུ་ཞེས་པའི་དོན་ཡིན་ལ་དུས་གསུམ་གྱི་ཚེ་ཕལ་ཆེར་སྩལ་ཞེས་འབྱུང་ཞིང་སྔོན་འཇུག་སྦྱར་ན་འདས་མ་འོངས་གོ་བར་མ་ཟད་བསལ་བའི་དོན་ཡང་སྟོན། ཞེས་གསུངས་འདུག་པ་དང་། ཞེས་སྩལ་ལ་སྔོན་འཇུག་སྦྱར་ན་འདས་ཚིག་ཏུ་གསུངས་མི་འདུག་གམ། འོ་ན་བླ་མ་རིན་པོ་ཆེས་བཀའ་བསྟན་མ་འཇལ་བས་སམ། ཐུགས་ཞིབ་གནང་རོགས་ཞུ།
བསོད་ནམས་རྡོ་རྗེ་ལེགས།
ཁྱེད་ཀྱིས་གསུངས་པ་བདེན་པར་འདུག བདག་གིས་སློབ་གྲོགས་སྐུ་གཤེགས་མངའ་རིས་གར་ཞ་པ་དངོས་གྲུབ་ཚེ་རིང་མཆོག་དང་ལྷན་དུ་ཁུ་ནུ་བླ་མ་རིན་པོ་ཆེ་ནས་སི་ཏུ་པཎ་ཆེན་གྱི་རྟགས་འཇུག་གི་རྣམ་བཤད་ཞུས་ཏེ་གསུང་སྐད་ཐོས་ཀྱང་། བསམ་པ་དང་སྒོམ་པ་གཉིས་ཁུངས་འཁྱོལ་པ་ཞིག་མ་བྱུང་བ་ཡིན། གཤམ་གསལ་ཡིག་ནོར་དེ་བཅོས་པར་ཐུགས་རྗེ་ཆེ། སྟོན་ཏོ། ཞེས་པར་ད་ཡང་འཇུག་གམ། ད་ལྟ་ད་བཤུལ་ཡོད་པ་གཞིར་བྱས། སྟོན་ནོ། ཞེས་པ་མ་ཡིན་པར་སྟོན་ཏོ། ཞེས་པ་ལ་དཔགས་ན། སྩོལ་གྱིན་མ་ཡིན་པར་སྩོལ་ཀྱིན་ཞེས་བྲིས་པ་དེ་ཁྱེད་རྟགས་ཀྱི་འཇུག་པར་ཐོས་བསམ་སྒོམ་གསུམ་གདན་ས་ཆེན་པོར་སྦྱངས་པའི་གྲུབ་འབྲས་ཀྱིས་གོ་དོན་འཕེར་བ་འོང་ངེས་བསམས་ནས་བྲིས། ཡིག་ནོར་དེ་དག་ལ་ཞུས་དག་མཛོད། མཆན་ཡིག་འདི་སྒོ་མ་རྒྱབ་གོང་དུ་ཁྱེད་ཀྱིས་ཀློག་ཐུབ་པའི་རེ་འདུན་བཅས།
དོན་ཡང་སྩོན་ཀྱིན་(སྩོན་མ་རེད། སྩོལ་རེད) ཞེས་པ་དེ་བདེན་པའོ།
གསང་འདུས་རྩ་རྒྱུད་ཀྱི། །སྒོམ་པའི་མཆོག་ནི་བཀའ་སྩལ་ཏོ།།ཞེས་པའི་སྩལ་ལ་ད་དྲག་སྦྱར་བ་དང་སྔོན་འཇུག་མེད་པར་ངེད་ལ་དོགས་པ་བྱུང་ནས། རྒྱུད་སྟོད་གྲྭ་ཚང་དུ་དམ་ཆོས་འགྲེལ་བ་བཞི་སྦྲགས་དཔར་སྐྲུན་བྱེད་སྐབས་ངེད་ཅག་ཞུ་དག་པ་སྐོར་ཞིག་གིས་སྐུ་འབུམ་དཔར་མ་དང་གཙང་དཔར་མ། དགའ་ལྡན་དཔར་མ་སོགས་དཔེ་རྙིང་མང་པོ་ཞིག་དང་བསྡུར་ནས་ལྟ་རྒྱུ་བྱུང་ལ་ཚང་མ་དེ་ག་རང་རེད། སྤྱིར་ན་སྩལ་ལ་སྔོན་འཇུག་ཡོད་ཀྱང་བཀའ་སྩལ་ཞེས་པའི་སྩལ་ལ་སྔོན་འཇུག་མེད་པ་དག་ཡིག་ངག་སྒྲོན་དང་མཐུན་ཚབས་ཆེ་སྙམ། སྩལ་དུ་གསོལ་ཞེས་པ་ལྟ་བུ་མ་འོངས་བའི་དོན་ཅན་དུ་གོ་བས་ངག་སྒྲོན་ལས་སྔོན་འཇུག་མ་སྦྱར་བ་དང་། བས་འཕུལ་ཅན་ལ་འདས་ཚིག་གིས་མ་ཁྱབ་ལ། བརྩེགས་འཕུལ་ཅན་ལ་ཡང་འདས་ཚིག་ཡིན་པས་ཁྱབ་པ་མི་འདུག །དཔེར་ན། བཀའ། བཅུ་ལྟ་བུ་མིང་རྐྱང་ཡིན་པས་འདས་བའི་དོན་ལ་མི་འཇུག་པ་དང་། བསྟོད་བྱའི་ཡོན་ཏན། བསྟོད་བྱེད་སྙན་ཚིག་ལྟ་བུ་གཟུགས་མི་འགྱུར་བའི་བྱ་ཚིག་ཡིན་པ་དང་། ཨ་ལགས་ཚེ་རྟན་ཞབས་དྲུང་རིན་པོ་ཆེས་མཛད་པའི་ཐོན་མིའི་ཞལ་ལུང་གི་ཨེ་ཁྱབ་སུམ་ཅུའི་ནང་། མགོ་ཅན་གྱི་འདས་ཚིག་ཡིན་ན་ཁྱོད་ལ་སྔོན་འཇུག་ངེས་ཅན་དུ་ཡོད་པས་ཨེ་ཁྱབ། གསུངས་པ་ལ་དཔྱད་པར་བྱ་བའི་གནས་སོ། །
ད་བ་སའི་རྗེས་ལ་ཀྱིན་དང་། ག་ངའི་རྗེས་ལ་གིན། ན་མ་ར་གྱིན་ཐོབ་ན། འ་དང་མཐའ་མེད་གང་ཐོབ་མ་སོམས་རང་གི་སྨྲ་ལྕེ་ལ་བརྟགས་ནས་གསུངས་རོགས།
ད་ལྟ་བ་ལ། ང་ འགྲོ་གི་ ཡོད། ལས། ང་ འགྲོ་ཀི་ ཡོད། འདི་འབྲི་སྟངས་བཟང་། དེ་བས། ང་ འགྲོ་བགྱིད་ ཡོད། འདི་ཉིད་ལེགས།
ཡང་།
བྱེད་བཞིན་པ་ལ། ང་ འགྲོ་གིན་ ཡོད། ལས། རྗེས་འཇུག་བཅུ་དང་མཐའ་མེད་རྗེས་སུ་ཡང་ཕན་ཐོགས་ཆེ་བ། ང་ འགྲོ་བགྱིན་ ཡོད། ཅེས་བཀོལ་ན་སྒྲ་དྲག་ཞན་ཀྱི་གྱི་གཉིས་ཀའི་བར་གྱི་བགྱིན་འདིས། ལ་དོན་གྱི་ལ་ལྟར་གཅིག་གིས་ཀུན་དོན་བྱེད་ཐུབ་ལགས།
མཆོག་ཏུ་བཀུར་འོས་རྒན་བློ་བཟང་འཇམ་དཔལ་ལགས། དྲང་པོ་ཞུ་ན་ཁོ་བའི་སྙིང་ནས་ཁྱོད་ལ་དད་གུས་ཚད་མེད་ཞུ་གི་ཡོད། ཡིན་ཀྱང་དུས་གསུམ་གྱི་སྐོར་འདིར་ཁ་གསལ་བོ་ཞིག་རྩ་བ་ནས་མེད་པས་གཞན་ལ་བཤད་ཀྱང་འདོད་བློ་གང་བ་ཞིག་དང་། རང་གིས་བྲིས་ཀྱང་བློ་བདེ་སེང་ངེ་བ་ཞིག་རྩ་བ་ནས་ཡོང་གི་མི་འདུག་པས། སྔོན་གྱི་བཀའ་བསྟན་དང་། དེང་སྐབས་ཀྱི་དུས་གསུམ་རྣམ་གཞག་སྐོར་འདིར་མི་མཐུན་པའི་དཀའ་ངལ་ཞིག་འདུག ཁོ་བོས་བསམ་པར་དེང་སྐབས་ཀྱི་རྣམ་གཞག་འདིར་རིགས་བསྒྲེ་བཏང་ཆོག་པ་ཞིག་འདུག་པས་རྒྱུ་མཚན་བློ་ངོར་བབ་པ་འདྲ་ཞིག་འདུག བཀའ་བསྟན་ནང་གི་དག་དང་། དུས་གསུམ་འགྲོ་སྟངས་སོགས་ལ་རྒྱུས་མེད་པས་སམ་རྒྱུ་མཚན་ཁུངས་ཐུབ་ཅིག་མ་རྙེད་པས་རང་གི་འདོད་ཚུལ་བཀོད་པ་ཙམ་ཡིན།
ཡང་གཅིག་ཞུ་ན། དཔེར་ན། སྩལ་ལྟ་བུར་སླར་བསྡུའི་ཏོ་ཐོབ་ན། ལ་དོན་ཏུ་དང་། ཨི་ལྡན་ཀྱི། འབྱེད་སྡུད་ཏམ། ལྷག་བཅས་ཏེ། ཚིག་ཕྲད་ཅིང་སོགས་རྣམ་པ་ཐམས་ཅད་དུ་ཐོབ་གིན་ཡོད་དམ།
འདི་དག་ལ་མཐའ་གཅིག་ཏུ་ཁྱབ་པའང་མི་འདུག དེས་ན་སྐབས་རེར་ད་དྲག་ཡོད་པ་འདྲ་བོ་དང་། མཚམས་སུ་མེད་པ་འདྲ་བོ་འདི་ངོ་མ་དཀའ་གནས་ཤིག་རེད་འདུག
མིག་བརྒྱད་པ་ལགས། སྩལ་དུ་གསོལ་ཞེས་པའི་སྩལ་མ་འོངས་པའི་དོན་ཅན་མ་རེད། སྐུལ་ཚིག་རེད། དེས་ན་སྔོན་འཇུག་མེད་པར་གྱུར་པ་རེད། གུས་པའི་ལུགས་ལ་བསྩལ་ཞེས་པ་འདི་དུས་གསུམ་བྱེ་བྲག་པ་རེད། འདས་ལ་བསྩལད་དང་། མ་འོངས་ལ་བསྩལ། ད་ལྟར་སྩོལ། སྐུལ་ཚིག་ལ་སྩོལད་ཅེས་འབྲི་ན་བཟང་སྙམ།
བརྩེགས་འཕུལ་ཅན་ལ་འདས་ཙིག་གི་ཁྱབ་མིན་བཤད་པར་སྙིང་པོ་ཅི་ཡང་མེད་དོ། །
བཀའ་སྩལ་ཏོ།། སྩལ་དུ་གསོལ། ཞེས་པའི་སྩལ་ལ་བས་འཕུལ་མི་ཐོབ་པ་དང་ཐོན་མིའི་ཞལ་ལུང་དུའང་དེ་བཞིན་བྱུང་འདུག་ལ། དག་ཡིག་ངག་སྒྲོན་དུ་སྩལ་དུ་གསོལ་ཞེས་པའི་སྩལ་ནི་མ་འོངས་པའི་དོན་ཅན་ལ་ཚིག་གྲོགས་གསོལ་ཞེས་སྦྱར་བས་སྐུལ་ཚིག་ལ་འགྲོ་བ་དང་། སྦྱིན་པར་མཛོད་ཅེས་པ་སྦྱིན་པ་ནི་མིང་རྐྱང་དང་མཛོད་ཅེས་པ་ཁོ་ནས་སྐུལ་ཚིག་ལ་འགྲོ་བ་རེད། ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། ཆོས་ཀྱི་འཁོར་ལོ་བསྐོར་བར་གྱུར་ཏོ། །ཆོས་ཀྱི་འཁོར་ལོ་སྐོར་ཅིག་ལྟ་བུའོ།།
འགྲུབ་པར་གྱིས་ཤིག་ལྟ་བུའི་མ་འོངས་པའི་དོན་ཅན་ལ་ཚིག་གྲོགས་དབང་གིས་རྗོད་པ་པོ་ལ་བལྟོས་ཏེ་སྐུལ་ཚིག་ལ་འགྲོ་བ་དང། འགྲུབ་པར་བྱེད་ལྟ་བུ་མ་འོངས་བའི་དོན་ཅན་ལ་ཚིག་གྲོགས་དབང་གིས་བྱེད་པ་པོ་ལ་བལྟོས་ཏེ་ད་ལྟ་བ་དང་། འགྲུབ་པར་འགྱུར་ལྟ་བུ་མ་འོངས་བའི་དོན་ཅན་ལ་ཚིག་གྲོགས་དབང་གིས་དངོས་པོ་གཞན་ཞིག་འབྱུང་བ་སྟོན་པ་མིན་ནམ་སྙམ་ཡང་དཔྱད་པར་མཛོད།