གཅན་བཟོད་རྒྱམ།
དེ་རིང་མལ་ལས་ལངས་ཏེ་ལ་དཝགས་ཀྱི་མཁས་པ་རྒན་ས་ཕུད་ཐུབ་དཔལ་ལྡན་ལགས་ཀྱི་དཔྱད་རྩོམ་༼འདས་པའི་ལོ་༢༥ རིང་ལ་དྭགས་ཀྱི་སྐད་ཡིག་གི་ཡར་རྒྱས་༽ཞེས་པའི་རྩོམ་ཡིག་དེ་བཀླགས་སྐབས་རྒན་ས་ཕུད་ཁོང་དང་བཀའ་མོལ་སྐབས་ཀྱི་སྐད་ཆ་རེའང་དྲན་འོང་བ་འདིར་མཉམ་དུ་སྤེལ་བར་བྱའོ།།
ཁོང་གི་རྩོམ་ཡིག་གི་དུམ་ཚན་གཉིས་བཤུས་པ།
༡༽ཡིད་སྐྱོ་བ་ཞིག་ནི་བརྒྱ་ཕྲག་ཉི་ཤུ་བ་འདིའི་གཞོན་སྐྱེས་ཀུན་གྱི་ནང་རང་གི་སྐད་ཡིག་སྦྱང་འདོད་ཡོད་པ་ཆེར་མི་མཐོང་། རང་གི་སྐད་ཡིག་མ་སྦྱངས་ན་ཐུ་མི་སཾ་བྷོ་ཊས་སྐུ་ལས་བརྒྱབས་པ་དོན་མེད་དུ་འགྱུར་རོ།།
ལོ་པཎ་ཀུན་གྱིས་སྲོག་དང་བསྡོས་ཏེ་གསེར་ཕངས་མེད་དུ་མཇལ། མ་འོངས་པའི་བུ་རྒྱུད་ཀུན་ལ་ཕན་པའི་རེ་བས་བསྒྱུར་བའི་བཀའ་བསྟན་རྩ་ཆེན་ཀུན་བཞུགས་ཁང་གི་ནང་ལུས། མཁས་དབང་སྐྱེས་ཆེན་ཀུན་གྱི་ཐུགས་བསམ་དང་། མ་འོངས་པའི་གཞོན་སྐྱེས་ཀུན་ལ་བཤད་པའི་ཞལ་ཆེམས་དང་། འདི་ཕྱི་གཉིས་སུ་ཕན་པའི་སློབ་སྟོན་ཟབ་མོ་ཀུན། སེམས་ལ་ཕན་པའི་སྤྲིངས་ཡིག་ཀུན་ཆུ་ཟོད་སུ་འགྱུར་རོ།།
༢༽ ཞེས་ཡང་དང་ཡང་ཤོག་ངོས་གཞན་ཞིག་ཏུ་འདི་ལྟར།
གང་ལྟར་དུས་རབས་འདིའི་ནང་རང་གི་སྐད་ཡིག་དང་རིག་གཞུང་ལ་དོ་སྣང་ཡོད་པ་ཀུན་གྱིས་ནི་ཐབས་ཚུལ་སྣ་ཚོགས་ཀྱིས་སྐད་ཡིག་དང་རིག་གཞུང་སྐྱོབ་ཐབས་ལ་འབད། རང་གི་སྐད་ཡིག་ལ་དོ་སྣང་མེད་མཁན། རིག་གཞུང་གི་ཁྱད་ཆོས་དང་རིན་ཏང་མ་ཤེས་མཁན། གཞན་སྐད་ཡིག་རེ་ལ་བློ་འཁྲུལ། ཡིད་ཚིམས་ནས་རང་གི་སྐད་ཡིག་དང་རིག་གཟུང་ལ་སྣང་ཆུང་གཏོང་བ་དང་། སྐྱོན་བརྗོད་བྱེད་མཁན་ཡང་ཡོད། འགའ་ཞིག་གིས་ལྟ་བ་བ་ཕྲ་དྲག་པས། ཡིག་སྐད་ཀྱི་དགོས་པ་མི་འདུག ཁ་སྐད་བཞིན་འབྲི་དགོས་ཟེར། འགའ་ཞིག་གིས་བོད་ཡིག་ནང་འབྲི་བ་ལ་ངོ་རྒོལ་བྱེད། ཨུར་དུའི་ནང་འབྲི་དགོས་ཟེར། ་བླུག་པ་དང་མེ་སྦར་བར་བྱེད། གལ་ཏེ་ཁ་སྐད་ནང་འབྲི་དགོས་ན་གཞན་ལྟ་ཅི་ལ་དྭགས་རང་ལའང་འབྲི་ཚུལ་མི་འདྲ་བ་མང་པོ་ཞིག་ཆགས་ཉེན་ཡོད། “ཟོར་བ་བོར་ནས་ལག་རྔས་”དང་“ནང་ལ་མཚལ་ཡོད་བཞིན་ཕྱི་ལ་བཙག་འཚོལ་”ཟེར་བའི་གཏམ་དཔེ་བཞིན་རང་གི་སྐད་ཡོད་བཞིན་དུ་ཡིག་གཟུགས་གཞན་གྱི་མ་ལྡང་བཞིན་དུ་འབྲི་ཟེར་ན་མིས་ཁྲེལ་རང་འཕྲུལ་དང་། གཞན་གད་ཀྱི་རྒྱུ་མ་ཡིན་ནམ།
དེ་ཀུན་གྱིས་ཡིག་སྐད་སུས་ཀྱང་མི་གོ ཁ་སྐད་ཀྱིས་འབྲི་དགོས་ཟེར་བ་ལའང་རྒྱུ་མཚན་མེད། སྔར་གྱི་རིག་གཟུང་གི་གཏེར་ཆེན་པོ་ཕྲག་དོག་བྱས་པ་མིན་ནམ། ལོ་སྟོང་དང་བཞི་བརྒྱ་ནས་མཁས་པ་དང་ལོ་པཎ་ཀུན་གྱིས་དཀའ་ངལ་ཁྱད་དུ་བསད། གསེར་དངུལ་ཕངས་མེད་བཏང་བ་ནི། ཡང་དག་པའི་ལྟ་བ་དང་སྤྱོད་པ་བཟང་པོའི་རིག་གཞུང་གི་གཏེར་ལ་ལྟ་བའི་མིག་བཅར་སྙིང་འདོད་པ་མིན་ནམ། དེ་ལྟ་བུའི་རིག་གཞུང་ཆུ་གཏེར་ལས། ཁ་སྐད་དམ་ཕལ་སྐད་ནང་ཆུ་ཐིགས་ཙམ་བླངས་ཏེ་བསྒྱུར་ཐུབ་བམ། ད་ལྟའི་སྐད་ཡིག་ནང་བྲིས་པའི་རིག་གཞུང་ཀུན་མི་འབོར་དུང་ཕྱུང་གྱིས་ཀློག་བཞིན་ཡོད། ལ་དྭགས་ཀྱི་ཁ་སྐད་ནང་བྲིས་ན་མི་ཇི་ཙམ་གྱིས་ཀློག་ཐུབ་བམ། ཡིག་སྐད་ནང་བྲིས་པ་ཀུན་སུས་ཀྱང་མི་གོ་ཟེར་ན། སྦྱངས་ན་མི་གོ་མེད། དེ་ཡང་སྦྱངས་ན་རང་གི་སྐད་ཡིག་ལྟ་ཅི། གཞན་གྱི་སྐད་ཡིག་ཀྱང་ཤེས་ཐུབ རང་གི་སྐད་ཡིག་ནི་དེས་ཀྱང་ཤེས་སླ་བ་ཡིན། རང་གི་སྐད་ཡིག་ལ་སྣང་ཆུང་བཏང་། སྦྱང་རྒྱུ་ཕར་བཞག སློབ་དེབ་ཀུན་ལ་ལག་པ་ཡང་མ་འཆང་བར་ཇི་ལྟར་ཤེས་སམ། མ་སྦྱངས་ན་དབྱིན་ཡུལ་པ་ཞིག་ཡིན་ཡང་ཨིན་སྐད་འབྲོ་ཀློག་ཤེས་སམ། དེ་བཞིན་མ་སྦྱངས་བར་རང་གཞན་སུའི་སྐད་ཡིག་ཡིན་རུང་འབྲི་ཀློག་མི་ཤེས་པ་ཐག་ཆོད་པ་ཡིན་ནོ།།
གོང་གི་འདི་ཁོང་གི་རྩོམ་ཡིག་གི་དུམ་ཚན་གཉིས་པོ་དེ་ཡིན།
གཤམ་ནས་ངས་ཁོང་ངོ་སྤྲོད་སྙིང་བསྡུས་ཤིག་བྱར་འབད།
རྩོམ་པ་པོ་ངོ་སྤྲོད་སྙིང་བསྡུས།
ལ་དྭགས་ཀྱི་མཁས་པའི་དབང་བོ་ས་ཕུད་དགེ་ཏུབ་བསྟན་དཔལ་ལྡན་ལགས་ཀྱི་ཕྱི་ལོ་༡༩༤༤ ལོར་ལ་དྭགས་རྒྱལས་གླེའི་བྱང་ཤར་ཕྱོགས་སྤྱི་ལེ་ལྔའི་མཚམས་སུ་ཡོད་པའི་ཡུལ་ས་ཕུད་ཅེས་པར་སྐུ་འཁྲུངས། ཆུང་དུས་ནས་བོད་ཡིག་སྦྱོང་བརྩོན་གནང་ཞིང་སྤྱི་ལོ་༥༡ ལོར་བོད་དུ་ཕེབས་ནས་གདན་ས་ཆེན་པོ་འབྲས་སྤུངས་སུ་ཆོས་ཞུགས་གནང་ནས་ཆོས་རིག་ཀུན་པོར་སློབ་སྦྱོང་གནང་། ༡༩༥༩ ལོར་བོད་ས་ཤོར་རྗེས་ཕྱིར་ལ་དྭགས་སུ་ལོག རྒྱ་གར་རྒྱལ་ས་ལྡི་ལི་དང་ཤྲི་ལངྒར་ཕེབས་ཏེ་ནང་ཆོས་གཙོས་དེང་དུས་སྦྱོང་ཡང་གནང་། ཕྱིར་ཕེབས་རྗེ་ལ་དྭགས་སུ་གཞུང་གི་ཡོད་ཏན་ལས་སྡེ་ཞེས་པའི་ནང་དུ་བོད་ཡིག་གི་དགེ་རྒན་གནང་ཞིང་སློབ་ཕྲུག་བརྒྱ་ཕྲག་ལ་བོད་ཡིག་སློབ་ཁྲིད་གནང་ཞིང་ཞོར་དུ་རྩོམ་ཡིག་འབྲི་འགོ་བཙུགས། ༡༩༨༠ ལོ་ནས་མངའ་སྡེ་གཞུང་གིས་ཤེས་རིག་ལས་ཁུངས་ལ་ཞུགས་ཏེ་ཤེསརིག་དང་རིག་གཞུང་ཡར་རྒྱས་གཏོང་བའི་ཐད་ཕྱག་ལས་རླབས་ཆེན་མཛད་ཅིང་། ལ་དཝགས་ལོ་དེབ་དང་ཤེས་རབ་ཟོམ་ཞེས་པའི་རྒྱལ་རབས་ལོ་རྒྱུས་དང་ནང་ཆོས་ཆོས་འབྱུང་། ཡུལ་སྲོལ་གོམས་གཤིས་དང་དགོན་པ་ལྷ་ཁང་། མཁར་དང་ཡུལ་སོ་སོའི་སྐོར་པ་དཔྱད་རྩོམ་དང་དཔེ་དེབ་༣༠ གྲངས་ལོང་བ་བརྩམས་གནང་མཛད། སྤྱི་ལོ་༢༠༠༤ ལོར་ཁོང་ལ་རྒྱལ་ཁབ་གཞུང་ནས་ཤེས་རིག་ཞབས་འདེགས་ཐད་རླབས་ཆེ་བའི་གསོལ་རས་གནང་། ༢༠༠༥ ལོར་ཁོང་གི་བརྩམས་ཆོས་༼ལ་དྭགས་ཀྱི་དུས་སྟོན་༽ཞེས་པར་དེབ་ལེགས་ཤོས་ཀྱི་གསོལ་རས་གནང་། ཁོང་གི་རྩོམ་ཚང་མར་ལ་དྭགས་ཀྱི་མཁས་པ་གཞན་དང་མ་འདྲ་བའི་རྩོམ་གཤིས་ཏེ་བོད་སྐད་ཡིག་གི་འགྲོ་སྟངས་བོད་མི་ཞིག་གིས་བྲིས་པ་ལྟར་ཚིག་གི་སྡེབ་སྦྱོར་དང་གཅོད་མཚམས། དོན་གྱིས་འདྲེན་སྟངས་སོགས་ཧ་ཅང་ཀློག་སྤྲོ་ལ་གོ་སླ་བའི་ཁྱད་ཆོས་ལྡན། ངས་༢༠༠༦ ལོར་ཁོང་གི་སྐུ་ཚེའི་ལོ་རྒྱུས་ནང་བོད་དུ་ཕེབས་པའི་སྐོར་དང་། འབྱུར་འགྱུར་གྱི་དགོངས་གཞི་སོགས་ལ་བཅར་འདྲི་ཏུང་ཙམ་བྱས་པ་ནས་ཁོང་དང་གྲོགས་པོར་གྱུར་། ད་ལོ་ཡང་ཁོང་ལ་ལ་དྭགས་གྱི་ཡུལ་སྲོལ་གོམས་གཤིས་དང་ལྷག་པར་དུ་སྔ་མོ་བོད་དང་ལ་དྭགས་ཀྱི་ཚོང་འབྲེལ་དང་ཆོས་སློབ་གཉེར་གནང་གི་ཕེབས་ཚོའི་སྐོར་ནས་བཅར་འདྲི་བྱས་མྱོང་། ངོ་མ་ཐུགས་གཤིས་འཇམ་ཞིང་མཁས་ཚིགས་མི་དོད་པ། སྐད་ཆ་ཅི་དྲིས་ལ་ལན་གསལ་བོར་གསུང་མཁན། རང་གི་རིག་གཞུང་ལ་གཅེས་སྤྲོད་དང་བདག་གཉེར་སྐོར་བ་ཤ་ཞེན་དང་རིས་ཞེན་ཆེ་བ། ལ་དྭགས་ཀྱི་འབྱུང་འགྱུར་མི་རབས་གསར་བས་རང་གི་རིག་གཞུང་ལ་དོ་སྣང་མེད་ཚུལ་དང་། ༸གོང་ས་མཆོག་གཙོས་བོད་ཀྱི་ཆོས་རྒྱུད་རིས་མེད་ཀྱི་བླ་སྤྲུལ་དང་མི་མང་པོ་རྒྱལ་གར་དུ་སྐྱབས་བཅོལ་གནང་བ་དེ་རྐྱེན་ངན་གྲོགས་སར་གྱུ་ཙུལ་དུ་ལ་ད༑གས་གཙོས་ཧི་མ་ལ་ཡའི་རི་རྒྱུད་དུ་གནས་བཅའ་བའི་གངས་ཅན་པ་ཡོངས་ལ་རིག་གཞུང་གཙོ་བྱས་བསམ་པའི་དཔལ་ཡོད་གྱི་ཐད་ནས་གཅིག་གྱུར་ཆེན་པོ་ཞིག་བྱུང་ཡོད་ལུགས་སོགས་མཁས་པའི་གསུང་གླེང་མང་དུ་གནང་རྒྱུ་འདུག་པས་ངོ་མ་ཡིད་འཕྲོག་པོ་བྱུང་། ཁོང་ནི་ད་ལོ་དགུང་ལོ་༧༠ ཡིན་ཞིང་། ད་དུང་ཡང་ཉིན་ལྟར་རྩོམ་འབྲིའི་བྱ་བར་ཐུགས་བྲེལ། ལྷག་པར་བླ་མ་ལོ་ཙ་བ་རིན་ཆེན་བཟང་པོའི་སྐོར་ལ་དཔྱད་རྩོམ་རབས་དང་རིམ་པ་བྲིས་ཡོད་ཅིང་། ད་ལོ་ནས་དམིགས་བསལ་གླེ་ཤེས་རིག་ལས་སྡེ་ནས་འགྲོ་སོང་བཏང་སྟེ་ཁོང་གིས་བླ་མ་ལོ་ཙཱ་བ་རིན་ཆེན་བཟང་པོའི་རྣམ་ཐར་དང་འབྲེལ་བའི་མཛད་རྗེས་སྐོར་ལ་ཉམས་ཞིབ་གནང་གི་ཡོད། དོ་སྣང་ཅན་རེ་ཡོད་ཚེ་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་དུའང་ཁོང་གི་བརྩམས་བཅུ་ཕྲག་ལོང་བ་དང་། གཞན་ལ་དྭགས་ཀྱི་མཁས་པ་མང་པོས་བཅད་ལྷུག་སྤེལ་མའི་བརྩམས་ཆོས་མང་དུ་མཇལ་རྒྱུ་འདུག་གོ།
གོང་བཀོད་འདི་མཁས་པ་ཁོང་གི་རྩ་ནས་ཤེས་བྱ་ཏོག་ཙམ་བླངས་པའི་ཐུགས་རྗེ་ལེགས་གསོལ་གྱི་ཚུལ་ཙམ་ཡིན་ན་ཡིག་ནོར་གང་ཡོད་བཟོད་པར་གསོལ་ལོ། །
ད་ནངས་རྩོམ་ཡིག་དེས་དྲངས་པའི་བསམ་ཚུལ་ཐུང་ངུ་ཞིག་བྲིས་ཏེ་དུས་བབ་ཟིན་བྲིས་སུ་བཞག་པ་འདིར་འདྲེན་བཀོད་བྱས་འདུག་པར་ཐུགས་རྗེ་ཆེ་ཞུ། འོན་ཀྱང་ང་ལ་ངན་གོམས་ཤིག་ཡོད་པ་དེ་བྲིས་ཚར་བའི་རྩིག་ལ་ཞུ་དག་མི་གཏོང་བ་དེ་རེད། དེ་བས་ཟིན་ཐོ་འདིར་ཡང་ཡིག་ནོར་དང་གཏགས་ནོར་མི་ཉུང་བ་ཞིག་ཤོར་འདུག་ན། ཀློག་མཁན་ཚང་མར་དགོངས་ཞུ་རྒྱུ་དང་། ལྷག་པར་དུ་དེང་སང་ཨ་རིག་དགེ་མཐོང་གིས་དྲ་ཐོག་གང་ས་ནས་བོད་ཡིག་གླེང་ཞིང་ཞུ་དག་གཏོང་བའི་སྒང་ཏག་ཏག་ལ་ངས་ཡིག་གཏགས་ནོར་བ་ལུང་པ་གང་བྲིས་འདུག ངོ་མ་འགྲིག་མ་སོང་ཡ། དགེ་མཐོང་ལགས་ལ་ལས་ཀ་ཐེབས་པ་སྤྲད་སོང་། དགོངས་དག་ཞུ། ཨོ་ད་དུང་ངའི་གྲོགས་དགའ་བོ་བསེ་རུ་དེང་སང་མཐོང་རྒྱུ་མི་འདུག དྲ་ཐོག་གི་དག་ཡིག་ཁྲིམས་དཔོན་ཆེན་མོ་ཁོང་ཡང་ཕེབས་ཏེ་བཀའ་བཀྱོན་གནང་སྲིད་པས་ངོ་མ་དགོངས་དག་ཞུ།
ས་ཕུད་དགེ་ཐུབ་བསྟན་དཔལ་ལྡན་ལགས་ཀྱིས། ལ་དྭགས་ཀྱི་དུས་སྟོན་ནང་ལ།
་་་་། ད་ནི་ལོ་གསར་གྱི་རྟགས་རྟེན་འབྲེལ་ཞིག་ཏུ་རྩིས་ནས་ཡུལ་འགའ་ཞིག་ནང་ཉམས་མེད་བྱེད་བཞིན་ཡིན་ནོ། ༼ཡིན་ནོ་འདི་ཡོད་དོ་ཡིན་དགོས་༽དེ་ཡང་ལ་དྭགས་ཀྱི་ཤེས་རིག་གི་ཁག་ཅིག་ཡིན་པས། ཉམས་མེད་ལུས་ཐུབ་ན་ལེགས། ད་ལན་ངས་ལ་དྭགས་ཀྱི་དུས་སྟོན་ཞེས་པའི་དེབ་འདིའི་ནང་གཤམ་སྟོད་གཞུང་གསུམ་གྱི་ལོ་གསར་གྱི་རྟགས་རྟེན་འབྲེལ་ཀུན་གྱི་སྐོར་ལའང་མདོར་བསྡུས་རེ་བྲིས་ཡོད། གཞན་ཡང་སྐྱེས་སྟོན། བག་སྟོན། ཤི་སྟོན། ༼ཡང་ཤིས་སྟོན་མིན་པའི་འཆི་དུས་ལ་གོ་ན་”སྟོན་”ཞེས་པའི་སྟོན་མོ་ནི་དགའ་དགའ་སྤྲོ་སྤྲོའི་ཟ་འཐུང་མཉམ་སྤྱོད་ལ་གོ་བས་བདེ་པོ་རང་མེད་༽ས་ག སྲུབ་ལྷ་སོགས་ཀྱི་སྐོར་ལའང་མདོར་བསྡུས་རེ་བྲིས་ནས་སྤེལ་ཡོད། དེ་ཡང་རང་གི་སྐད་ཡིག་དང་ཤེས་རིག་ཡར་ངོའི་ཟླ་ལྟར་གོང་དུ་འཕེལ་བ་དང་། རིག་གཞུང་ལ་ཞབས་འདེགས་སུ་འགྱུར་པ་དང་། ཀུན་ལ་ཕན་པའི་ཡིད་སྨོན་བཟང་པོ་བཅས་སྤེལ་པ་ཡིན། ་་་་་ཞེས་འཁོད་འདུག
འདི་ནི། ས་ཕུད་ལགས་ལ་དགག་འདོད་ཀྱིས་མིན་པར་སྤྱི་སྐད་གསར་ཐོན་ལ་དག་ཐེར་བྱ་ཁུལ་བྱས། སྤྱི་སྐད་སྤྱི་མཚུངས་ཀུན་མཚུངས་ཤོག
གཅན་བཟོད་རྒྱམ་ལགས། ཡིག་ནོར་མཐོང་མ་སོང་། གཏགས་ནོར་མང་ཙམ་འདུག ངས་བཅོ་ཆོག
“ལ་དཝགས” ལ་དྭགས། “རིན་ཏང་” རིན་ཐང་། “རིག་གཟུང་” རིག་གཞུང་། “ལྟ་བ་བ་” ལྟ་བ། “དུང་ཕྱུང་” དུང་ཕྱུར། “མ་སྦྱངས་བར་”མ་སྦྱངས་པར། “བཅར་འདྲི་ཏུང་ཙམ་”ཐུང་ཙམ། “སྙིང་བསྡུས་ཤིག་བྱར་འབད་”བྱ་རྒྱུར་འབད་ཡིན་ནམ་སྙམ། “དགེ་ཏུབ་བསྟན་” དགེ་ཐུབ་བསྟན། “མཁས་ཚིགས་”མཁས་ཚུགས། “རྐྱེན་ངན་གྲོགས་སར་གྱུ་ཙུལ་དུ་ལ་ད་།དག་གཙོས” རྐྱེན་ངན་གྲོགས་སུ་གྱུར་ཚུལ་དུ་ལ་དྭགས་གཙོས་བཅས་ཡིན་པ་འདྲ།
བཀུར་འོས་པའི་རྒན་འབའ་སྲས་ལགས་ཀྱིས་སྐུ་ལ་མ་འཛེམས་པར་ངའི་ཡིག་གཏགས་ནོར་པ་རྣམས་བཟོ་བཅོས་ཡང་དག་པར་གནང་འདུག་པས་བཀའ་དྲིན་ཆེ་ཞུ།
༡༩༩༥ལོར་རྡ་སར་འཚོགས་པའི་བོད་ཀྱི་རྩོམ་པ་པོའི་རྒྱལ་ཡོངས་ཚོགས་འདུའི་སྟེང་ཁོང་ཕེབས་སོང་ལ། དེབ་མང་པོ་ཞིག་འགྲེམ་སྟོན་ཡང་གནང་སོང་།
སྐུ་སྤར་དེ་མཐོང་ནས། ས་ཕུད་པ་དགེ་སློང་དཔལ་འདྲ་བ་ཞིག་འདུག་བསམས། དངོས་གནས་ཡིན་འདུག ཁོང་ལ་དྭགས་པའི་ནང་ན། བོད་ཡིག་ལ་འབྲི་མཁན་ལུང་པ་ཆུང་བ་ལ་བལྟས་ཏེ། མཆོག་ཏུ་གྱུར་པ་ཞིག་ཏུ་ངོས་འཛིན་དགོས། ཁོང་གིས་བྲིས་པ་རྣམས་བོད་སྤྱིའི་སྐད་ལ་གོམས་པ་ཞུ་ཞིག་ཡིན་རུང་། གོ་མི་ཐུབ་ཞིག་མི་འོང་སྙམ། ཁོང་གི་བཀའ་མོལ་དེ་དག་ལ་དྭགས་ཙམ་ཡིན་པར་བོད་སྤྱི་ལ་མཁོ་བ་ཞིག་ཏུ་སྣང་། གཅིག་ན་ལ་དྭགས་པས་ལ་དྭགས་པ་ལ་བསྟོད་པར་ངོས་འཛིན་ཤས་ཆེ། ཁོང་གི་རྩོམ་ཡིག་ཅིག་ན། ལོགས་ལ་ས་ཡང་འཇུག་ཆད་ཡོད་པར། ཕྱི་ལོགས་ནང་ལོགས་ཡང་འཇུག་དགོས། ཡང་འཇུག་མེད་པ་གོ་ལོག་ཡིན། ཞེས་ལོ་ངོ་ཕལ་ཆེར་བཅུ་ཙམ་གྱི་སྔོན་དུ་བྲིས་པ་དྲན་ནོ། །དགེ་སློང་དཔལ་ལྡན་ལེགས་ལ་འཇུ་ཕྱག་འཚལ་མོལ། འཇུ་ཞེས་པ་བོད་སྤྱིའི་སྐད་དུ་ཡོད་པ་དེ་བོད་ཀྱི་ལུང་པ་གཞན་དུ་བཀོལ་བ་ཡོད་དམ།
༷ཞུ་ཞིག་ཅེས་པ་སུ་ཞིག་ཅེས་བཅོས།
རྐྱེན་ངན་གྲོགས་ཤར་ཞེས་འབྲི་འདོད་པ་འདྲ།
འོན་ཀྱང་གློག་ཀླད་དུ་འབྲི་སྐབས་་་་་ཤ་་་་་ཡིག་འབྲི་དུས་་་་་ས་ཡིག་དང་ལྷན་དུ་དབྱིན་སྐད་དུ་shift་ཤུགས་ཆེན་གནོན་དགོས་པར་རྟེན་སྐབས་འགར་ཤར་ཟེར་སར་་་་སར་ཅེས་གཏོང་ནོར་ཤོར་པ་དེ་འདྲ་ཡོང་གི་འདུག་པས་ཐུགས་ལ་འཇོག་དགོས།
རྒན་ལ་དྭགས་པ་ལགས།
༼ ཁོང་གི་བཀའ་མོལ་དེ་དག་ལ་དྭགས་ཙམ་ཡིན་པར་བོད་སྤྱི་ལ་མཁོ་བ་ཞིག་ཏུ་སྣང་། ༽
ལ་དྭགས་ཙམ་མ་ཡིན་པར་ཅེས་སུ་གོ་བ་ཡིན་ནམ།
ནམ་མཁའ་ལ་རྨུ་དང་འཇུ་ཞེས་ཟེར་ནས། དེ་ནས་ཡོང་བ་ལ་འཇུ་ཐག་སྐེས་ནས་འགྲོ་འོང་འདི་ལྟ་བུའི་བོད་ཀྱི་གཏམ་བརྒྱུད་རྙིང་པའི་ཚིག་རྣམས་འབྱུང་ས་མངའ་རིས་དང་ཡོད་ན་ཡང་དེར་མ་གཏོགས་ཡོད་མི་སྲིད། འཇུ་ནས་ཕེབས་མཁན་རིགས་ལ་ལ་དྭགས་པས་དུས་ད་ལྟ་ཡང་”འཇུ་ལེགས་”ཞེས་ངག་འདོན་དུ་ཡོད་པ་མིན་ནམ། དཔྱད་དགོས་འདུག ལྷག་པར་བོན་པོའི་རྒྱལ་རབས་ལ་དགའ་བ་ཚོས་སོམས་ཤིག
ངས་་ཡིག་གཏགས་མང་མོར་ནོར་འཕྱུགས་ཤོར་བར་བསྐྱར་དུ་དགོངས་དག་ཞུ། ལ་སྟོད་བུས་བཤད་པ་བདེན། ངས་ཡིག་གཏགས་སྐབས་དེ་འདྲ་མང་པོར་གཏགས་ནོར་ཤོར་འགྲོ་གི་འདུག
ལ་དྭགས་བློ་བཟང་ལགས་ཀྱིས་གསུངས་པ་བཞིན་རྒན་ས་ཕུད་ལགས་ཀྱི་བྲིས་པ་ཚང་མ་མི་གོ་བ་མེད་ཁར་གངས་ལྗོངས་བོད་སྐད་ཡིག་སྤྱིའི་འགྲོས་དང་ཧ་མཐུན་ལ། སྙན་ཚིག་རེར་གཉིས་ལ་དམིགས་ཀྱིས་ཚིག་འགྲོས་ཀྱི་ཁྱད་ཆོས་ལྡན་པར་དོ་སྣང་བྱུང་།
འོན་ཀྱང་དེང་སྐབས་ལ་དྭགས་ན་མཁས་མིང་འཛིན་པ་རེ་གཉིས་ཀྱིས་བྲིས་པ་ལ་དྭགས་ཀྱི་ཁ་སྐད་ནང་དུ་རྒྱུགས་དྲག་ནས་ཀློག་ཐུབ་ཀྱང་དོན་རྙེད་པ་དེ་འདྲ་ཇེ་མང་ནས་ཇེ་མང་དུ་འགྱོ་བཞིན་འདུག་ལ། ད་དུང་ཁོས་ཚོས་བཤད་ཚོད་ལ། ང་དང་ལ་དྭགས་ཀྱི་སྐད་ཡིག་ཅེས་དང་། དེ་ཡང་བྷོ་དྷེ་ཟེར་བཞིན་ཆེད་དུ་བོད་སྐད་ཡིག་གི་སྤྱི་འགྲོས་དང་མུ་མཐུན་པར་མི་མཐུན་པ་མང་དུ་བྲིས་ཡོང་གི་འདུག ངས་ཀོང་ཚོ་རེ་གཉིས་ལ། འདི་ལྟར་ན་ལ་དྭགས་ཀྱི་རིག་གཞུང་༼ལ་དྭགས་ལ་རིག་གཞུང་ལོགས་སུ་ཡོད་དམ།འདི་ལྟར་རྒྱུན་འཇམས་སུ་གྱུར་ཚེ་ལ་དྭགས་ཀྱི་རིག་གཞུང་སྲུང་སྐྱོབ་དང་ཡར་རྒྱས་ལ་གནོད་པ་ལས་ཁེ་ཅི་ཡང་མེད་པའི་བསམ་ཚུལ་བཤད་ཀྱང་ཉན་མཁན་མ་བྱུང་།༽གནོད་པ་འཚབ་ཆེན་ཐེབས་རྒྱུ་དང་། ལ་དྭགས་བྲིས་པ་ཚང་མ་ལ་དྭགས་པ་གཅིག་པུས་མ་གཏོགས་མི་གོ་བའི་དུས་ཤིག་ཤར་ཚེ། བོད་དམ་ལ་དྭགས་ཀྱི་རིག་གཞུང་དེ་མི་གྲངས་དུང་ཕྱུང་གྱི་རིག་གཞུང་ནས་མི་གྲངས་འབུམ་གཅིག་ལྷག་གི་རིག་གཞུང་དུ་འགྱུར་གི་རེད་སོགས་སེམས་གཏམ་མང་དུ་བཤད་མྱོང་།
ལ་དྭགས་པས་བོད་སྐད་ཡིག་ལ་༼བྷོ་དྷེ་༽ཞེས་བྲིས་ནས་ནང་དུ་ལ་དྭགས་ཀྱི་ཡུལ་སྐད་དམ་ཁ་སྐད་མང་དུ་བསྲེས་ཏེ་བོད་སྐད་ཡིག་གི་སུམ་རྟགས་ཀྱི་འགྲོ་ལུགས་དང་རིང་གྱེས་པའི་རྩོམ་ཡིག་མང་པོ་བྲིས་དང་འབྲི་བཞིན་པར་ཡང་སྐུ་ཉིད་ལ་དྭགས་པ་ཞིག་ཡིན་པའི་ཆ་ནས་གསུང་དྲོན་ཞིག་འབྱོན་པའི་རེ་བ་ཞུ། འདི་ནི་བོད་སྐད་ཡིག་དང་ལྷག་པར་དུ་ལ་དྭགས་ཀྱི་མི་རབས་རྗེས་མའི་ཆེད་དུ་ཡིན་ལགས།
གཅན་བཟོད་རྒྱམ་ལགས་ནས་རྟག་ཏུ་ཐུགས་སྣང་ཆེན་པོ་གནང་བཞིན་པར་དགའ་བོ་བྱུང། ཁྱེད་ཀྱི་བརྩམས་སྒྲུང་མཇུག་འབྲས་ང་ཚོའི་མཐུན་ཚོགས་ཀྱི་སྒྲུང་རྩོམ་ཕྱོགས་སྒྲིག་ནང་ལ་འགོད་ཆོག་ཞུ་བ་དང་ལྷན་དུ་ཁྱེད་རང་གི་ངོ་སྤྲོད་ཚིག་ཕྲེང་འགའ་ཞིག འོག་གི་གློག་འཕྲིན་ཁ བྱང་ཐོག་ལ་གཏོང་རོགས། གང་་མྱུར་མྱུར།
tibpen@yahoo.com
ལ་སྟོད་བུ་ལེགས་དང་། ཀརྡོ་རབ་འབྱམས་པ་མཆོག་བཅས་ལ་ཞུས་དག་མཛད་པ་དང་། འཇུ་ཞེས་པའི་ཚིག་ལ་བརྟག་དཔྱད་ལ་བཀའ་དྲིན་ཆེ། ཚིག་དེ་ཉིད་དཔེ་ཆོས་རིན་ཆེན་སྤུངས་པ་སཱ་ར་ནའཐ་སྤར་མ། ཤོག་གྲངས་༣༦ ན། ཁ་སྐད་དུ་ཇོ་བོ་འཇུ་ཁྱེད་ལ་སྐྱབས་སོ་ཟེར་ཞིང་། དོན་ལ་ཇི་སྙམ་མི་བྱེད་དེ། འོག་ནས་ཁྲེལ་ནས་ཕ་ཚོད་སོང་བ་དང་ཚིག་ངན་བཟློ། ཞེས་གསུངས་པ་ལྟར་འཕན་ཡུལ་སོགས་ན་འཇུ་ཟེར་བ་ད་ལྟ་ཡང་ཡོད་ཤས་ཆེ།
བདག་གིས་གནའ་བོའི་འདོན་ཚུལ་བཞིན་མིང་གི་རྗེས་སུ་ལ་དྭགས་པས་ལེགས་ཞེས་པ་བཞིན་འབྲི་ཡང་ཡོངས་གྲགས་ལགས་ཞེས་པ་དང་མི་མཐུན་ཡང་དོན་ལེགས་པ་དང་ཚིག་འགྱུར་སྟངས་ཀྱི་ལོ་རྒྱུས་ལ་ཕན་བསམས་ནས་བྲིས་དང་འབྲི་བཞིན་པ་ལགས། འདི་ཡང་དཔེ་ཆོས་རིན་ཆེན་སྤུངས་པ་དེ་ཉིད་ན། གཅིག་ཇོ་ལེགས་ཡིན། ཞེས་པ་ལྟར་ལགས།
གཅན་བཟོད་རྒྱམ་ལེགས། བོད་ཡིག་ཅེས་པ་བྷོ་དྷེ་ལ་ཆགས། ལོ་ཁ་ཤས་སྔོན་ལ་དྭགས་མེ་ལོང་ཟེར་བའི་དུས་དེབ་ཏུ་བོད་སྐད་བརྡ་སྤྲོད་དང་མི་མཐུན་པ་སྤར་ཏེ་འཐོན་པ་ཡོད་ཀྱང་། བོད་ཡིག་དག་ཆར་གཅེས་པ་དག་གི་ངོ་རྒོལ་ལམ་རྒྱུ་མཚན་གཞན་ཅི་ཡིན་མ་ཤེས་ཀྱང་། ད་ལྟ་དེ་ཉིད་མེད་པར་སོང་། ད་ལྟ་ལ་དྭགས་གསར་འགྱུར་ཞེས་པ་འཆི་མེད་རྣམ་རྒྱལ་མི་གཅིག་གིས་འདོན་གྱི་ཡོད་པ་དེ་ལ་ཡར་རྒྱས་་གཏོང་ཐུབ་ན་རྒྱལ་བ་འདུག་བསམ། གསར་ཤོག་དེ་ཁ་བརྡའི་རྩོམ་ཡིག་ཕལ་ཆེ་བ་ལས་བོད་ཡིག་བརྡ་སྤྲོད་ཐོག་དྲག་པ་མེད་ན་ཡང་ཞན་པ་མི་འདུག་སྙམ། གཙོ་བོ་ནི་གསར་ཤོག་དང་དུས་དེབ་སོགས་ཀློག་མཁན་འབྱུང་བ་ལ་རག་ལས་པ་ཡིན་འདུག རྒྱལ་བ་ཞེས་པ་འདིར་ལེགས་པའི་དོན་ཡིན་པ་མདོ་མཛངས་བླུན་ལ་གཟིགས།
ཨ་ཨ་གཅན་བཟོད་རྒྱམ་ལགས། མཉམ་ཏོག་ཙམ་འཇོག་རོགས། ངོ་མ་ཡིག་ནོར་ཟེར་ནོ་ཅིག་མང་གི་ཡ།
མཆན་བུ་༡༣པ་མཇལ་ནས་ཕྲལ་དུ་དྲན་པ་ཅིག་ཞུས་པ་ཡིན་ན། ང་དུས་ལོ་༨ནས་༡༣བར་ལ་སྙེ་ཤངས་བྲག་དཀར་དུ་བསྡད་དུས་སྙེ་ཤངས་ཀྱི་ཡུལ་སྐད་དེ་ཆུ་རྒྱུགས་རྒྱུགས་ཤེས་བགྱིད་ཡོད་ཀྱང་། ད་ཆ་བརྗེད་ངེས་རྐུན་པོས་འཁྱེར་ཚར་འདུག དེ་དུས་མིན་འགྲོ་གསལ་པོ་རང་མི་དྲན།
དེ་དུས་ཡུལ་མི་རྒད་མོ་ཚོས་གྲྭ་པའམ་བླ་མའི་མཉམ་དུ་བཀའ་མོལ་གནང་དུས། ལགས་ལགས་སོ། ཡི་ཚབ་ལ་འཇུ་འཇུ་ལབ་བགྱིད་འདུག་སྙམ། ཡང་། བཀའ་སློབ་བམ་ཕན་ཐོགས་ཅིག་བྱས་ན་དེའི་ལན་དུ། བཀྲ་དྲིན་ཆེ་འམ། ཐུགས་རྗེ་ཆེ་ཞེས་པའི་དོན་དུ། འཇུ་འཇུ། འཇུའུ། ཟེར་བ་ཐོས་སོང་སྙམ་ཡང་ད་ཡག་པོ་ཅིག་མི་དྲན།
འཇུ་ཞེས་པ་འདི་ཞང་ཞུང་གི་སྐད་ལས་བྱུང་བའི་ཚིག་སྙིང་གཅིག་ཡིན་པ་འདྲ། དེ་དུས་ད་ལྟ་ཡང་ལ་དྭགས་པ་ཚོས་ནོར་བུ་ལྟར་ཉར་ཚགས་ཐུབ་འདུག་སྙམ་ལགས།
རྒན་ལ་དྭགས་པ་ལགས།
ལོ་འདི་དག་གི་རིང་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་མདོ་བཀླགས་པ་ལས་དེང་སྐབས་རྒྱུན་ལྡན་བེད་མི་སྤྱོད་པའི་མིང་ཚིག་འདི་དག་ལ་དྭགས་ཀྱི་སྐད་དུ་འདུག་གམ་མི་འདུག འདུག་ན་དེ་དག་གི་དོན་དང་བཅས་པ་གསུངས་གནང་རོགས།
ཆད་ཐུབ། ཇེང་། གྱ་ཐོ། ཉོང་། ཡུ་བུ། ལན་ཀན། ཉེན། ག་ཞའ་གསང་། སྟོངས་པ། སྐྲུས། ཆུ་གང་། ལག་ཉ། མཉེལ། ལ་ཧུ། ལ་མོ། ལ་གོར། དྲིང་། སུག་མེལ། ལིག་ཤི་ཝེར། བྱིད། སླེ། ཚོན་མོ་སྟང་། སྤྲབས་པ། གོ་རེ་ལོང་། སྨྲེ། ཆེ་བཞི། གཞོངས་སྤྱོད་པ། བཟང་མཁན། དཀྲེན། རོ་ཉེ། སོ་སྟོ། གཞར་བ། ཐ་མ་ལག ཐོག་ཐོག བོན་པ། བེག
དོ་ཚིགས། ཡིད་ཀྱི་ཤིང་རྟ།
དེ་རིང་འདི་ཙམ་དྲན་བྱུང་།
ཟླ་བ་གཞོན་ནུ་ལེགས། བཀའའགྱུར་ཀློག་པ་མཛད་པར་སྤྲོ་བ་འཕེལ། དེ་ན་ཡོད་པའི་ཚིག་མ་ཤེས་ཀྱང་། རང་རེས་ཤེས་པའི་ཡི་གེའི་དག་ཆ་རྣམས་དེ་ན་ལེགས་པ་འདུག་སྙམ། ཇོ་ལེགས་ལ་ད་ལྟར་ཇོ་ལགས་ཟེར། དཔེ་ཆོས་རིན་ཆེན་སྤུངས་པ་ན་ཇོ་ལེགས་ཞེས་བྲིས། གཤམ་གསལ་ཚིག་དག་ལ་སྐབས་ཀྱི་བརྗོད་པ་ལ་གཟིགས་ཏེ། གོ་བ་རྒྱབ་དགོས་པ་གལ་ཆེ། ཨིན་སྐད་ཀློག་སྐབས་སུ་སྐབས་ཐོབ་ཀྱིས་ཚིག་གསར་པ་རྣམས་ཤེས་པར་འབད་དགོས་པར་བཤད།
ཆད་ཐུབ། རྒྱུན་ཆད་ཐུབ་པ་ལ་དྭགས་སོགས་བོད་ཡུལ་གར་ཡིན་གོ་ཐུབ། ཡུ་བུ། ལ་དྭགས་ལ་མ་མི་བཀོལ་ཡང། ཡུ་བུ་ཅག་ཅེས་ང་ཅག་དོན་ལ་དཔེ་ཆ་ན་མཐོང་། ལན་ཀན།འདི་ལ་ལི་ཤི་གུར་ཁང་དུ་པུ་ཤུ་ཞེས་བྲིས། ཆུ་སྐྱོར་ཡང་བྲིས། ཉེན། འདི་ལ་ལི་གུར་ཁང་དུ་རྨང་བྲིས། ཁང་པའི་རྨང་ལྟ་བུ། སྟོངས་པ། མེད་པར་སོང་བ་སྟོངས་ཞེས་ལ་དྭགས་ཟེར།སྐྲུས། འདི་སྐྲུ་བའི་བསྐུལ་ཚིག། ལ་དྭགས་ལ་ཟུར་ཆག་སྟེ། རུ་དང་རུས་ཟེར། ཆུ་གང་། ལ་དྭགས་ལ་མེད་ཀྱང་ཚིག་མཛོད་ན་སྙིང་སྟོབས་ལ་བཤད། ཚིག་འདི་བྱང་སེམས་སྤྱོད་ཡུལ་ན་ཡོད་པ་སྙིང་སྟོབས་ཞེས་བདག་གིས་ཨིན་སྐད་དུ་བསྒྱུར། ལ་གོར། འདི་མགྱོགས་པའི་དོན་ལ་དྭགས་ལ་བཀོལ། དྲིང་། དྲིན་དང་འདྲ་སྟེ། གཞན་དྲིང་མི་འཇོག་པ། ལྟ་བུ། ལག་ཉ། མཉེལ། ལ་ཧུ། ལ་མོ། ། སུག་མེལ། འདིལེགས་སྦྱར་ཚིག་ཟུར་ཆག་པ་ཨེ་ལ་ཕྲ་མོ་ཟེར་ཞེས་ལི་ཤི་གུར་ཁང་ན་འདུག ཡིད་ཀྱི་ཤིང་རྟ། རེ་བ་ཆེན་པ་ལ་ཟེར། གཞན་རྣམས་མ་ཤེས། ཁྱེད་ལ་ཚིག་མཛོད་ཅིག་ཡོད་ན་དེར་གཟིགས་ན་ཕལ་ཆེར་རག་ངེས་ལགས།
ཇེང་། གྱ་ཐོ། ཉོང་།ལིག་ཤི་ཝེར། བྱིད། སླེ། ཚོན་མོ་སྟང་། སྤྲབས་པ། གོ་རེ་ལོང་། སྨྲེ། ཆེ་བཞི། གཞོངས་སྤྱོད་པ། ག་ཞའ་གསང་། བཟང་མཁན། དཀྲེན། རོ་ཉེ། སོ་སྟོ། གཞར་བ། ཐ་མ་ལག ཐོག་ཐོག བོན་པ། བེག
དོ་ཚིགས།
དེ་རིང་འདི་ཙམ་དྲན་བྱུང་།
ལན་ཀན། ཞེས་པ་དེ་རྒྱ་སྐད་དུ་栏杆ཟེར་དེ་ཅི་ལྟར་སླེབས་པ་ཡིན་ཧ་གོ་མ་སོང་།
ཆད་ཐུབ་ཟེར་བ་དེ་གང་ཟག་གི་དོན་རེད། བདག་གིས་ལ་དྭགས་ཀྱི་སྐད་ནང་བཀའ་བསྟན་འགྱུར་གྱི་མིང་ཧ་ཅང་མང་བ་འདུག་ཟེར་གསུངས་པ་གོ་དུས་འདི་དག་ཀྱང་ཡོད་དམ་སྙམ་དུ་བསམས་ཏེ་དྲིས་པ་ལགས།
ཡུ་བུ་ཅག་ཅག་ཟེར་བ་དེ་ག་ས་གང་དུ་འདུག དེང་སང་གི་འུ་ཅག་ཅེས་པ་ཡིན་པར་སྣང་།
ཡིད་ཀྱི་ཤིང་རྟ་ཟེར་བ་དེ་འདོད་པའི་དོན་རེད། རེ་བ་ཆེན་པ་ཟེར་བ་དེའི་དོན་རྟོགས་མ་སོང་། དེའི་བོད་འགྱུར་དེར་རྒྱ་གར་བ་བངྒ་ལ་བ་ཞིག་གིས་བོད་ཀྱི་ལོ་ཙཱ་ར་འཕྱ་སྨོད་རོ་འདྲ་ཞིག་བྱས་ཡོད། དེ་ཡང་པ་ཚབ་ལགས་ཀྱི་འགྱུར་ལྟ་བུ་ཞིག་མིན་འགྲོ
དྲིང་ཟེར་བ་དེ་བརྟེན་པའི་དོན་འདུག་སྙམ། གཞན་ལ་དྲིང་མི་འཇོག་པ་གཞན་ལ་དྲིང་མི་འཇོག་པ་ཞེས་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་མཛད་པའི་ཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ་པ་རུ་གང་མང་མང་འབྱུང་བ་ཡིན།
དོ་ཚིགས་ཟེར་བ་འདི་ཁྱེད་ཀྱིས་རྗེས་སུ་ཡི་རང་ཞུ་སའི་མཁས་པའི་དབང་བོ་དགེ་ཆོས་ལགས་ཀྱིས་རྟག་ཏུ་བེད་སྤྱོད་པའི་ཚིག་ཅིག་ཡིན། འདི་ལ་དྭགས་སྤྱོད་མིན་ཤེས་འདོད་པ་ཡིན།
ཆད་ཐུབ། ཇེང་། གྱ་ཐོ། ཉོང་། ཡུ་བུ། ལན་ཀན། ཉེན། ག་ཞའ་གསང་། སྟོངས་པ། སྐྲུས། ཆུ་གང་། ལག་ཉ། མཉེལ། ལ་ཧུ། ལ་མོ། ལ་གོར། དྲིང་། སུག་མེལ། ལིག་ཤི་ཝེར། བྱིད། སླེ། ཚོན་མོ་སྟང་། སྤྲབས་པ། གོ་རེ་ལོང་། སྨྲེ། ཆེ་བཞི། གཞོངས་སྤྱོད་པ། བཟང་མཁན། དཀྲེན། རོ་ཉེ། སོ་སྟོ། གཞར་བ། ཐ་མ་ལག ཐོག་ཐོག བོན་པ། བེག
དོ་ཚིགས། ཡིད་ཀྱི་ཤིང་རྟ།
འདི་ཙམ་མ་ཟད། ད་དུང་འཐམས་པ། པུ་ཤེལ་ཙེ། ནིའུ་ལྡངས་(འདི་ཨ་མདོའི་སྐད་དུ་ད་ལྟ་རྟག་ཏུ་བེད་སྤྱོད་ཀྱིན་ཡོད)
ངས་འདིར་འདི་ལྟར་འདྲི་དོན་ནི་ལ་དྭགས་སྐད་ལ་འདི་དག་ཡོད་མེད་ཤེས་འདོད་པ་ཙམ་ཡིན།
ཐུགས་རྗེ་ཆེ།
རྒན་ལ་དྭགས་པ་བློ་བཟང་ལགས་ཀྱིས་་བཀའ་ལན་གནང་བར་བཀའ་དྲིན། ལ་དྭགས་པས་བྷོ་དྷེ་ཟེར་བ་བྲིས་ཏེ་ལ་དྭངས་མེ་ལོང་ཞེས་པའི་དུས་དེབ་འགྲེམས་སྤེལ་བྱས་བ་ནས་མཚན་ཉིད་སློབ་གྲྭ་གཙོས་ལ་དྭགས་ཀྱི་ཆོས་རིག་ཤེས་རྟོག་ཟབ་པས་པའི་སྐྱེ་བུ་མང་པོས་ངོ་རྒོལ་གནང་མཐར་ལ་དྭགས་མེ་ལོང་ལ་ཞེས་པ་དེ་འདོན་མཚམས་དགོས་ཐུག་སྐོར་ངས་གསལ་བོར་ཤེས། གཞན་ང་ལ་དྭགས་སུ་སྐྱེས་ཏེ་འཚེར་ལོངས་བྱུང་བ་མིན་ཡང་ལ་དྭགས་པ་ཚོས་དེང་སང་སྤྱོད་བཞིན་པའི་སྐད་དང་ཡི་གེ་ལ་ཅུང་རྒྱུས་མངའ་ཅན་དུ་གྱུར་ཡོད།
ཡང་སྐུ་ཞབས་འཆི་མེད་རྣམ་རྒྱལ་གྱིས་བཏོན་དང་འདོན་བཞིན་༼ལ་དྭགས་གསར་འགྱུར་༽དེ་ཁ་བརྡའི་དྲ་རྩོམ་དག་ལས་དྲག་པ་ཡོད་མེད་སོགས་སྐབས་འདིར་དོན་དང་འབྲེལ་བ་ཆེར་མེད་སྙམ་ནས་མི་གླེང་། ཡང་ངའི་བསམ་པར་སྐུ་ཉིད་ལ་དྲི་བ་དང་རེ་བ་གང་ཞུས་ལ་གསུང་ལན་ཐད་ཀར་མི་གནང་བའི་ཚོར་བ་སྔར་ཡང་འདུག་ལ། གོང་གི་དྲི་བ་དེར་ཡང་དེ་ལྟ་བུའི་ལན་ཐུང་ངུ་ཞིག་གིས་འཐུས་པ་བྱས་འདུག་ཀྱང་ཤེས་ཐུབ། ད་རེ་བ་ཞུ་རྒྱུ་ཞིག་ལ། ཁྱོད་ཀྱང་བོད་སྐད་ཡིག་རིག་གཞུང་ལ་ཐུགས་སྣང་དང་སྦྱངས་བ་མི་དམན་པ་ཡོད་ཡོད་འདྲ་འདུག་ན། བོད་སྐད་ཡིག་རིག་གཞུང་དང་ལྷག་པར་དུ་དེང་གི་ལ་དྭགས་ཀྱི་མཁས་བླུན་མང་པོས་བྲིས་དང་འབྲི་བཞིན་པའི་༼བོད་ཡིག་༽དེ་དག་མོ་ཞིག་དང་བརྡ་སྤྲོད་དང་མཐུན་པ་ཞིག་ཡོང་རྒྱུ་ནི་དམིགས་ཀྱིས་ལ་དྭགས་པའི་མི་རབས་གཞུག་མ་ཚོའི་འཚོ་གནས་དང་ཚེ་སྲོག་ལ་འབྲེལ་ཆེ་བ་འདུག་སྙམ་པས་སྐུ་ཉིད་ཀྱི་དེའི་ཐད་ལ་ཐུགས་མཉམ་དང་ཕྱག་ལས་ཆུང་ཙམ་རེ་གནང་ཐུབ་པའི་རེ་བ་ཞུ།
གཞན་བཀའ་འགྱུར་གྱི་ཐ་སྙད་དེ་ཚོར་ང་རྒྱུས་ཅང་མེད་པས་དེའི་སྐོར་ནས་ཚིག་གཅིག་ཀྱང་ཞུ་ཐབས་བྲལ།
ཡིག་ནོར་ཡོད་ཚེ་དགོངས་དག་ཞུ།
རྒན་ལྷ་མོ་ལགས་ཀྱིས་ངའི་རྩོམ་འཆལ་དེར་ཐུགས་སྣང་གནང་བ་བཀའ་དྲིན་ཆེ་ཞུ། ངས་བྲིས་པའི་འཇུག་འབྲས་ཟེར་བ་དེར་ཆོག་མཆན་འདྲ་ཞུ་མི་དགོས་གང་འདོད་དུ་བཀོལ་སྤྱོད་གནང་རོགས་ཞུ། གཞན་ང་ལ་ངོ་སྤྲོད་འདི་ཡིན་ཞིག་འབྲི་རྒྱུ་མི་འདུག ཕ་ཡུལ་མདོ་སྨད་གཅན་ཚ་ནས་རེད། འཇུག་འབྲས་ཟེར་བ་དེ་༢༠༠༢ ལོར་ས་ར་མཐོ་སློབ་ཏུ་བྲིས་པ་ཡིན། བརྗོད་བྱ་ང་ང་ཡུལ་དུ་ཡོད་སྐབས་དངོས་མཐོང་གནས་ཚུལ་ཞིག་ལ་གཞི་བཅོལ་བ་ཡིན། བཀའ་དྲིན་ཆེ།
བཟོད་རྒྱམ་ལགས། རྒྱ་གར་ལ་ནམ་ཡོང། སློབ་སྦྱོང་ཅི་བྱས། ད་ལྟའི་ལས་ཀ་ཅི་ཡིན་་་སྐྱེས་ལོ་སོགས་་་གསང་བ་ཡིན་ནམ་་་་ཧ་ཧ་ཧ་་་
རྒན་ལྷ་མོ་སྐྱབས་ལགས། ངའི་གསང་བའི་ལོ་རྒྱུས་ཐུང་ངུ་ཞིག་ཁྱོད་ཀྱི་དྲ་བྱང་དེའི་ཐོག་བཏང་ཟིན། འབྱོར་ལན་ཡོད་པ་ཞུ།
སྔོན་ཆད་ཡིན་ན་བཟོད་རྒྱམ་འདི་ཁ་བརྡ་ཚང་ལ་ཁ་བརྡ་ཡིས་ཀི་ཡོང་བར་ཧ་ཅང་དགའ་། བར་སྐབས་ཤིག་ནས་མིག་གིས་མཐོང་ཡག་ཞེ་དྲག་མིན་འདུག མ་སོང་ས་ནས་དེ་རིང་གི་གནས་ཚུལ་འདིར་བལྟས་ཡོང་ན། བཟོད་རྒྱམ་འདི་སྐད་ཡིག་གི་ལ་ཞེན་ལ་དོ་སྣང་སྔར་ལས་ཆེ་རུ་སོང་མ་གཏོགས་ཆུང་དུ་སོང་མི་འདུག་ག
ཧྲ་གི་ཡ། ཧྲ་གི ངོ་མ་ཧྲ་གི ཡར་རྒྱས་དང་གོང་འཕེལ་ཟེར་བ་དེ་རེད། སེམས་ཀྱིས།
ཨ་རོ། ང་འདྲི་རྒྱུ་ཞིག་ལ། དེང་སང་ཁྱེད་་་འབར་མའི་སྐད་ག་འདྲ་འདུག ཧཧཧ།
གཅན་བཟོད་རྒྱམ་ལེགས།
ལ་དྭགས་ཀྱི་ཤེས་ཉམས་རྒུད་དོ་སྣང་མཛད་པར་རྗེས་སུ་ཡི་རང་། སྔར་ལོ་ངོ་ལྔ་བཅུ་དྲུག་ཅུ་ཙམ་སྔོན་དུ་བདག་གི་གྲོང་ཡུལ་དེར་སློབ་གྲྭ་ཙམ་ཡང་མེད་པ་ཡིན། སྲང་ལམ་དུ་མི་རྒན་པ་དག་ལ་འདྲི་བཞིན་ངས་རང་གི་ཀློག་སྦྱངས་པ་ཡིན། ད་ལྟ་ནི་ཡུལ་གང་ཡོད་ལ་སློབ་གྲྭ་ཡོད་འདུག དིང་སང་མཁས་དབང་བཀྲ་ཤིས་རབ་རྒྱས། དགེ་སློང་དཔལ་ལྡན་སོགས་མི་གྲངས་ཉུང་མཐར་ཡང་ཉི་ཤུ་སུམ་ཅུ་རྩོམ་ཡིག་འབྲི་ཐུབ་པ་ཡོད་ངེས། ལུང་པ་ཆུང་བར་དཔགས་ཏེ། གྲུབ་འབྲས་ཆེ་བར་ངོས་འཛིན་དགོས། རྒྱ་གར་གཞུང་གིས་འགྲོ་སོང་འོག་དགོན་པ་སོ་སོར་བོད་ཡིག་སློབ་གྲྭ་དང་། ཅོག་ལམ་གསར་དུ་མཚན་ཉིད་སློབ་གྲྭ་ཆེན་མོ་སོགས་ལ་མཐུན་རྐྱེན་ཡོད་པས། མཁས་པ་འགའ་ཤས་ལེགས་པ་བྱུང་དང་འབྱུང་བཞིན་པ་ཡིན་འདུག ལ་དྭགས་གཤམ་ཕྱོགས་སུ་གནའ་བོའི་འབོད་ཚུལ་མ་ཉམས་པར་ཡོད་པ་ཡི་གེ་དག་པོ་ལ་ཕན་པས། ༢༠༠༧ ལོར་ཡི་གེ་ཀློག་ཚུལ་སྔོན་འཇུག་རྗེས་འཇུག་བཅས་སྒྲ་འཐོན་པར་བྱས་ཏེ། སློབ་པ་པོ་སོ་སོས་སྦྱངས་ཏེ། སློབ་མ་སོ་སོ་ལ་སློབ་པར་ཞུ་བ་འཐེན་པར་ལ་དྭགས་གཤམ་ཕྱོགས་དང་། གླེ་སོགས་ཀྱི་སློབ་གྲྭ་ཁ་ཤས་ལ་ཡང་ཕྱིན་པ་ཡིན། ཁྱེད་ཀྱི་གཞེན་བསྐུལ་བཞིན་གཙོ་བོ་དུས་དེབ་དང་། ལྷག་པར་གསར་ཤོག་ཅིག་ཡི་གེ་དག་པར་བྲིས་ཏེ། ཀློག་པ་ལ་ལོབས་ཡོད་པ་ཞིག་བཟོ་ཐུབ་ན་གང་ལེགས་འབྱུང་ངེས་ལགས། ང་ཆུང་ཆུང་སྐབས་ལ་དྭགས་ཧ་ཅང་དཔལ་འབྱོར་དབུལ་པོ་ཡིན། ད་ལྟ་ནི་དཔལ་འབྱོར་སྔར་ལས་ཧ་ཅང་ལེགས་ཀྱང་མ་ཚིམ་པར་དཔལ་འབྱོར་ལ་བལྟས་ཏེ། སྒེར་སློབ་གྲྭ་མང་པོར་བོད་ཡིག་མི་སྦྱོང་བར་ཨིན་སྐད་སྦྱོང་བར་གཙོ་བོར་བྱེད།
མང་ཆེ་བ་ནི་ས་ཕུད་དགེ་སློང་དཔལ་ལྡན་གྱིས་གསུང་བ་ལྟར་བོད་ཡིག་ལ་དོ་སྣང་མི་བྱེད། ད་ལྟ་ནི་ལ་དྭགས་ལྟ་ཅི་བོད་ཡུལ་ཡོངས་དང་རྒྱ་གར་སོགས་སུ་འཁོད་པའི་བོད་མི་རྣམས་ཀྱི་གནས་སྟངས་ཀྱང་དེ་འདྲ་ཆགས་འདུག མདོ་སྨད་པ་དར་མ་དང་། གཞོན་ནུ་རྣམས་ཀྱིས་བོད་ལྗོངས་གཞན་དག་ལས་བོད་ཡིག་ལ་བརྩོན་ཏེ་རྩོམ་ཡིག་འབྲི་བ་མང་དུ་འདུག ཁྱེད་རྣམས་ཀྱིས་བཀའ་བསྟན་གྱི་དག་ཆ་བཞིན་དུ་འབྲི་བ་འབྱུང་ན། བོད་ཀྱི་རིག་གཞུང་ལ་ཕན་ངེས་བསམས་ཏེ། དག་ཆ་དག་ལ་སྐྱོན་བརྗོད་བྱས་པ་དེ་ཡིས་ང་ལ་ཚིག་རྩུབ་རྩུབ་ཀྱིས་སྐྱོན་བརྗོད་བྱེད་མཁན་མང་པོ་དང་། དག་ཆ་ལ་སྐྱོན་བརྗོད་བྱས་པས་བོད་སྤྱིའི་སྐད་ལ་ཕན་པ་འདུག་ཅེས་བསྔགས་བསྟོད་བྱེད་མཁན་ཡང་མང་དུ་མཐོང་།
ལ་དྭགས་པ་བླ་བཟང་ལགས་ཀྱིས་བཀའ་ལན་གནང་བར་དགའ་སྤྲོ་ཆེ། ལ་དྭགས་ལ་སྔོན་ཆེད་སློབ་གྲྭ་མེད་པར་མི་དམངས་བྱིངས་ཀྱིས་རང་གི་སྐད་ཡིག་རིག་གཞུང་ལ་སློབ་གཉེར་གནང་མི་ཐུབ་པའི་སྐོར་དེ་སྔོན་ཆེད་ནང་དུའང་བྱུང་མྱོང་པའི་ལོ་རྒྱུས་ཤིག་རེད། བོད་ནང་དུའང་རྒྱ་རྒན་དེ་ཚང་གིས་༼བཅིངས་འགྲོལ་༽ཡིན་ན་དེ་བྱས་རྗེས་གང་སར་སློབ་གྲྭ་ཡོད་ཅིང་མི་དམངས་བྱིངས་ཀྱིས་བོད་སྐད་ཡིག་རིག་གཞུང་ཤེས་པའི་གོ་སྐབས་སམ། དོ་སྣང་དང་ཤེས་མཁན་མང་དུ་སོང་ནས་དེང་གི་དུས་འདི་འདྲ་ཞིག་ཏུ་གྱུར་བ་རེད། ལ་དྭགས་ཕྱོགས་ལ་དུས་ནམ་ཞིག་ལ་སློབ་གྲྭ་ཁང་མེད་པ་ནས་ཡོད་པར་གྱུར་ཅིང་། དེ་ནས་ཡར་རྒྱས་གོང་འཕེལ་དུ་སོང་ནས་དེང་སྐབས་གཞུང་བཙུགས་དང་སློབ་གྲྭ་མང་པོ་དང་། སྒེར་བཙུགས་སློབ་གྲྭའང་འགའ་རེ་ཡོད་ཡོད་མ་ཟད། རང་གི་སྐད་ཡིག་རིག་གཞུང་ལ་དོ་སྣང་དང་ཤེས་མཁན་ཇེ་མང་དུ་གྱུར་འདུག་པའང་བཤད་ཅི་དགོས། དེ་དག་ནི་དཀའ་ཆེད་བློ་བཟང་བཟོད་པ་དང་དཀའ་ཆེན་ཡེ་ཤེས་དོན་གྲུབ་སོགས་སྐུ་གཤེགས་མཁས་པ་ཚོ་དང་། དེང་གི་སྐུ་འཚོ་བཞུགས་གནང་བཞིན་པའི་མཁས་པ་བཀྲ་ཤིས་རབ་རྒྱས་དང་དགེ་ས་ཕུད་ཐུབ་བསྟན་དཔལ་ལྡན། ངག་དབང་ཚེ་རིང་ཤག་པོ་དང་དགེ་ངག་དབང་རྒྱ་མཚོ་སོགས་བརྩིས་ཀྱིས་མི་ལངས་པ་ཁྱོད་ཀྱིས་བཤད་པ་ལྟར་རེད། འོན་ཀྱང་མཁས་པར་རློམ་པ་རེ་འགས་༼བྷོ་དྷེ་༽འདི་རྒྱ་གར་གྱི་རྩ་ཁྲིམས་ཁོངས་སུ་འཇུག་དགོས་སྐོར་བཤད་བཞིན་༼བོད་ཡིག་༽དེ་ཡང་༼བྷེ་དྷེ་༽བསྒྱུར། དེའི་ནང་དུ་བོད་ཀྱི་བརྡ་སྤྲོད་ཀྱི་འགྲོ་ལུགས་དང་མི་མཐུན་ཞིང་། ལྷག་པར་དུ་ཁྱོས་ཀྱིས་གསུང་བསྡད་པ་ནང་བཞིན་༼བཀའ་བསྟན་༽གྱི་ཚིག་དོན་གྱི་འགྲོས་དང་ཡང་མི་མཐུན་པ་མང་པོ་ཆུང་ལོག་ནང་བཞིན་རྒྱུགས་ཡོང་གི་འདུག་པ་དེ་ཚོར་སྐུ་ཉིད་གཙོས་ལ་དྭགས་ཀྱི་མཁས་པ་དང་སེམས་ཤུག་ཅན་ཚོས་དམིགས་བསལ་གྱིས་འགན་འཁུན་ནས་ཕྱག་ལས་རེ་གནང་ན་བསམ་ནས་གཞན་ལའང་ཞུས་མྱོང་ཞིང་། སྐུ་ཉིད་ལའང་དེ་བཞིན་རེ་བ་ཞུ་བཞིན་ཡོད། ཨོ་རེད། སྐུ་ཉིད་ཀྱིས་ཀྱང་ཡི་གེ་འབྲི་དུས་བརྡ་སྤྲོད་དང་མུ་མཐུན་ཞིང་༼བཀའ་བསྟན་༽གྱི་འབྲི་ཚུལ་དང་དེ་བས་མུ་མཐུན་པ་རེ་གཉིས་བྲིས་ཡོང་གི་འདུག་མོད། ང་ལ་དེ་དག་གི་སྐོར་ཁ་རྩོད་བྱས་ནས་འདུག་ལོང་མི་འདུག་པས་སྐུ་ཉིད་ཀྱིས་ཀྱང་ཐུགས་ཉམས་རེ་འཇོག་རོགས་ཞེས་ཞོར་དུ་ཞུའོ།།
འདོད་ལྷ་ལགས་ཀྱིས་དགོངས་ཚུལ་གསུངས་འདུག་པར་དགའ་ནས་ཡོད། ངས་འབར་སྐད་འདི་ཡིན་ཞེས་བཤད་མི་ཤེས་མོད། བོད་དང་འབར་མའི་སྐད་ཁུངས་ཟེར་བ་ཞིག་ལ་དོ་སྣང་བྱས་དང་བྱེད་བཞིན་ཡོད། རྗེས་མ་འུ་གཉིས་ཐུག་དུས་ངས་ཁྱོད་ལ་འབར་སྐད་རེ་གཉིས་ཀྱང་བཤད་ཤེས་ན་ཐང་ཡ། ཧ་ཧ་ཧ
ལ་དྭགས་པའི་སྐུར་ཡིག་ལ་གཏེར་རྟགས་འཇོག་པ་དེ་ལ་དྭགས་བློ་འཇམ་ནས་བསྒྱུར་བཅོས་ཡག་པོ་གཏོང་ཐུབ་ན་ཡག་པོ་འདུག
གཏེར་རྟགས་ཞེས་པ་དེ་ལེགས་པར་མ་གོ། དབུ་ཅན་མདུན་ཤོག་རེ་རེ་བཞིན་ཆོས་མགོ་ཞེས་པ་ཡོད་པ་དེ་ནི་རྒྱ་ཡིག་གི་ཨོམ་ཡིག་དེ་བོད་སྐད་དུ་བྲིས་པ་རྟེན་འབྲེལ་དབང་གིས་མུ་མཐུད་ནས་འབྲི་བར་མངོན། བོན་སྒོ་གསལ་བྱེད་ཅེས་པའི་དབུ་མེད་བྲིས་མ་ཡོད་པ་དག་ན་ཡང་། དབུ་ཅན་ཚུགས་ཟླུམ་པ་དང་། དབུ་མེད་ཚུགས་ཟླུམ་པ་མིན་པ་ཙམ་ལས་གཞན་ཁྱད་ཆེར་མ་མཐོང་། དེ་བཞིན་གཏོང་ཡིག་རྣམས་ཀྱི་མགོར། ༧ རྟགས་འདི་འདྲ་དང་དེའི་འོག་ཏུ་ར་བཏགས་ལྟ་བུ་རིང་པོར་འཐེན་ནས་བྲིས་པའི་དབྱིབས་དེ་ལ་གཏེར་རྟགས་་ཟེར་རམ།
ཞར་ལ་བོད་དང་བོད་པ་ཞེས་པའི་ཐ་སྙད་ལ་བརྟག་པ།
ལ་དྭགས་པས་ལ་དྭགས་པ་རང་དང་བོད་རིགས་ཡིན་ནོ་ཅོག་ལ་བོད་ཡིན་ཟེར་ཡང་བོད་པ་ཡིན་མི་ཟེར། དེ་བཞིན་མདོ་སྨད་དུ་ཡང་། བོད་རིགས་སུ་ཡིན་ལ་བོད་ཅེས་ཀྱང་། བོད་པ་ཡིན་མི་ཟེར་བའི་རྩོམ་ཡིག་ཅིག་བཀླགས་པ་དྲན། དིང་དུས་མོན་ཡུལ་ཨ་རུ་ཎའ་ཅ་ལ་སྟེ། ཤར་རི་བོ་ནས་ནུབ་ལ་དྭགས་བར་གྱི་རི་བོ་གངས་ཅན་གྱི་མི་མངས་འཐུས་མི་རྣམས་ཀྱིས་བདག་ཅག་གི་བཧོ་ཊའི་སྐད་ལ་ངོས་འཛིན་དགོས་ཞེས་རྒྱ་གར་གཞུང་ལ་སྙན་ཞུ་བཏང་། སྐད་རྒྱབ། རྒྱ་གར་གཞུང་ནས་ངོས་འཛིན་བྱེད་པར་ལྟ་རྟོགས་བྱས་ཀྱང་། འབྲས་ལྗོངས་པའི་བོད་རིགས་ལབ་ཅ་ཞེས་པའི་་མི་རིགས་ཤིག་ཡོད་པ་དེས་བཧོ་ཊའི་སྐད་ཁས་མ་བླངས། དེས་མི་གྲངས་མ་ལྡངས་པས་བཧོ་ཊའི་སྐད་དེ་རྒྱ་གར་གྱི་སྐད་རིགས་སུ་ངོས་འཛིན་བྱེད་མ་ཐུབ་པར་ལུས་འདུག
གལ་ཏེ་རྒྱ་གར་གཞུང་ནས་ཧི་་མ་ལ་ཡ་བཧོ་ཊའི་སྐད་ལ་ངོས་འཛིན་ཐོབ་ན། བོད་ཡིག་ཤུགས་ཆེ་བར་འགྲོ་བ་མ་གཏོགས་དེ་ཉིད་ཉམས་པ་མི་སྲིད། མི་རིགས་དེ་རྣམས་གཅིག་འགྱུར་བྱེད་པ་ལ་སྐད་ཡིག་གཅིག་དགོས། ལུང་ཕྱོགས་སོ་སོའི་ཁ་སྐད་དེ་དག་ནི་གཅིག་གིས་གཅིག་ལ་མི་གོ་བས། དེ་དག་ལ་སྐད་ཡིག་འགྱུར་དགོས་ན། བཀའ་འགྱུར། བསྟན་འགྱུར། གསུང་འབུམ་བཅས་ཀྱི་སྐད་ཀྱི་ཚིག་དང་བརྗོད་པ་རྣམས་བཀོལ་ཐུབ་པ་དགོས། མཆན་བུ་ཐེ་རེལ་ཞིག་འདི་ལྟར་ལགས་སོ།
མི་མངས་ཞེས་པར་ཉིན་ཁ་ཤས་སྔོན་དུ་ད་གྲོགས་ཤིག་གིས་མི་མང་ཞེས་དག་བཅོས་བྱས་ཀྱང་། མི་མང་པོ་གང་ལ་ཡོད་པའི་སྡེ་དེ་ལ་མི་མངས་དང་། རྒྱུད་མང་པོ་གང་ལ་ཡོད་པའི་སྒྲ་སྙན་ལ་རྒྱུད་མངས་དང་། སྒོ་མང་པོ་གང་ལ་ཡོད་པའི་མཆོད་རྟེན་ལ་སྒོ་མངས་དང་། སོ་མང་པོ་གང་ལ་ཡོད་པའི་སྐྲ་ཤད་ལྟ་བུ་ལ་སོ་མངས་ཞེས་གྲགས་པ་བཞིན་ནོ།།
ལ་དྭགས་བློ་བཟང་ལགས་ཀྱིས་དགོངས་ཚུལ་གསུངས་བར་དགའ། བྷོ་དྷེ་རྒྱ་གར་རྩ་ཁྲིམས་ནང་དུ་ཚུད་བར་ངེས་པར་དུ་མིང་བརྗེ་དགོས་དོན་མ་མཐོང་མོད། འདིའི་སྐོར་ལ་བསམ་ཚུལ་ཞིག་འབྲི་བཞིན་ཡོད་པས་རྗེས་སུ་གླེང་།
གཞན་མི་མང་པོ་ལ་མངས། སོ་མང་པོ་ལ་སོ་མངས་སོགས་བྲིས་པ་ཧ་ཅང་འཐད་པས་གནས་སོ།། ད་དུང་ལ་སྐད་ལས་ང་མི་འཐད། དེ་ངའི་བློ་ལ་འཐད་པོ་བྱུང་། ལྟ་བུ་སོགས་ཚིག་ལེགས་ཤིང་དོན་ཧ་ཅང་གསལ་བོར་པའི་མིང་ཚིག་མང་པོ་འདུག་པས་ག་ལེར་བྲི་བའི་ཐབས་ལ་འདད་དོ།།
ད་དུང་ལ་དྭགས་ཀྱིས་མཁས་པ་ཚོས་མི་དམངས་ཞེས་འབྲི་བཞིན་པ་འདི་ཡང་ཧ་ཅང་སྣང་བར་སོང་མོད། འདིར་དེའི་སྐོར་ནས་མང་དུ་གླེང་ན་མཁས་དབང་ཟམ་གདོང་རིན་པོ་ཆེས་དམངས་ནི་གྲལ་རིམ་གྱི་ཚིག་ངན་པ་ཞིག་ཡིན་པས་མི་མང་ཞེས་བྲིས་ན་བཟང་ཚུལ་སྐོར་ཉོག་འགྲོ་བས་སྐྱུར་ལ་ཐོངས།
མི་མང་དང་སོ་མང་ལས་མི་མངས་དང་སོ་མངས་ཡག་ན། མང་གཙོ་ལས་མངས་གཙོ་འདི་དག་གམ། ཡང་ན་གཙོ་མངས་ས་དགོས་ཀྱང་མང་གཙོ་ལ་མིན་ཞེས་བཞེད་དམ།
དེ་ལ་དམངས་གཙོ་སྟེ་དམངས་ཀྱི་བསམ་པ་གཙོ་བོར་བཟུང་དགོས་ན་དམངས་གཙོ༼འབངས་གཙོ་༽དང་དོན་གཅིག་མཚུངས་རེད་སྙམ། དམངས་ཞེས་པའི་ཡི་གེ་འདི་རྒྱ་གར་གྲལ་རིམ་གྱི་ཚིག་ཅིག་ཡིན་པ་བདེན་མོད། རྒྱ་དཀར་ནག་ནས་འགྱུར་ཡོང་བའམ། འཁྱར་ཡོང་བ་ཡིན་མིན་མི་ཤེས། ཏུན་ཧོང་ཡིག་རྙིང་དའང་དམངས་ཅིག་ཅིག་མིག་མིག་ཟེར་བའི་ཚིག་འདི་མང་དི་ཐོན་ཡོང་གི་འདུག དམངས་གཙོ་འདི་མང་གཙོ་ལ་བསྒྱུར། དེ་ཡང་མངས་གཙོར་འགྱུར་ཡང་སྐྱོན་ཨེ་ཡོད་དམ་སྙམ། འོན་ཀྱང་མངས་གཙོར་འགྱུར་བ་ལས་མདངས་གཙོ་སྟེ་ཐ་སྙད་རྙིང་པ་དེ་རང་འཇག་བཞག་ན་བཟང་སྙམ། ཡང་ཐ་སྙད་གཅིག་གི་འགྲོས་ཡོད་ཚད་མ་རིག་བགྲེས་བྱེད་ནུས་མིན་ཡང་མི་ཤེས།
ལ་དྭགས་འཇམ་དཔལ་ལགས་ཀྱི་མཆན་བུ་༢༨ནང་ལ།
༼འབྲས་ལྗོངས་པའི་བོད་རིགས་ལབ་ཅ་ཞེས་པའི་་མི་རིགས་ཤིག་ཡོད་པ་དེས་བཧོ་ཊའི་སྐད་ཁས་མ་བླངས། དེས་མི་གྲངས་མ་ལྡངས་པས་བཧོ་ཊའི་སྐད་དེ་རྒྱ་གར་གྱི་སྐད་རིགས་སུ་ངོས་འཛིན་བྱེད་མ་ཐུབ་པར་ལུས་འདུག༽
འདིས་རྐྱེན་བྱས་ནས་ཞུ་འདོད་པ་ནི། ༡༩༨༧ནས་༩༠འི་བར་ལ་ལ་དྭགས་པ་དང་གར་ཞྭའི་མཁས་དབང་བཀྲ་ཤིས་དཔལ་འབྱོར་སོགས་དང་ལྷན་དུ་ལ་དྭགས་ཅོག་ལམ་གསར་དང་མ་ནྰ་ནི་དང་། སིམ་ལ་བཅས་ལ་རྒྱ་གར་རྒྱལ་ཡོངས་མཁས་པའི་ཚོགས་འདུ་ལྟ་བུའི་ནང་ཞུགས་མྱོང་བ་དང་། མ་ནའ་ལིའི་ཚོགས་འདུ་དེ་ང་ཚོ་གར་ཞྭ་མཚན་ཉིད་སློབ་གྲྭའི་སློབ་སྤྱི་དམ་པ་དེ་ན་བསྙུང་མནར་བྱུང་ནས་ཁོང་གི་ཚབ་ཏུ་སློབ་གྲྭའི་མིང་ཐོག་ནས་ཚོགས་འདུའི་གྲ་སྒྲིག་ལས་འགན་རང་ཐོག་ཏུ་འབབ་ནས་དྭགས་པོའི་ཐར་རྒྱན་གསུང་སྐབས་དང་ཁེལ་བས་༸གོང་ས་མཆོག་དང་རྒྱ་གར་བློན་ཆེན་སོགས་ཚོགས་འདུའི་མཛད་སྒོའི་དབུ་འབྱེད་དུ་གདན་འདྲེན་ཞུས་ཐུབ་པའི་ཚོགས་འདུའི་སྐབས་ཀྱི་གྲོས་ཆོད་གཅིག་ནི་བོད་སྐད་དམ་བྷོ་ཊའི་སྐད་འདི་རྒྱ་གར་དབུས་གཞུང་གིས་ངོས་ལེན་གྱིས་རྒྱ་གར་དངུལ་ལོར་བཅས་ལའང་འཁོད་ཐུབ་པར་སྙན་ཞུ་ཕུལ་མྱོང་ཡང་། དུས་ད་ལྟ་ཡང་བོད་རིགས་ལབ་ཅས་རྐྱེན་གྱིས་དེ་མུར་ལུས་པ་ནི་བློ་ཕམ་པའི་གནས་ཙམ་མ་ཟད། ཕྱི་མི་ལ་ཡང་ང་ཚོས་ནང་མཚང་ཕྱིར་སྟོན་ལ་ངོ་ཚ་དགོས་པའི་གནས་སུ་ཡང་མཐོང་། དེ་ཡང་སྲིད་དོན་པའི་ངན་གཡོ་དང་དཔལ་འབྱོར་ཡར་རྒྱས་འཛུགས་བསྐྲུན་ལ་ཐག་ཡོད་སྲིད།
མི་གྲངས་མ་ལོང་ན་རྒྱ་གར་གཞུང་ནས་ཀྱང་ངོས་འཛིན་སོགས་ཀྱིས་ཕན་འདོགས་ཐབས་བྲལ་ཡང་། ད་ཆ་འབྲས་ལྗོངས་འདི་སྔར་དང་མི་འདྲ་བའི་༸གོང་ས་མཆོག་གདན་འདེན་ཞུས་པ་དང་། ལབ་ཅའི་མི་མངས་ཚོ་ལ་སེམས་འགུལ་གསར་པ་ཐེབས་ཡོད་པ། ཡང་ཐབས་ཤེས་གཞན་ཅིག་ནི། བཙན་བྱོལ་བོད་མི་གང་མང་མང་རྒྱ་གར་མེ་སེར་བླངས་ནས་གྲངས་ཀ་ལོང་ཐབས་ཡོད་དམ་མེད། ཡང་ཕྱི་བཞུགས་ཧི་མ་ལའི་ཤེས་ཡོན་པ་ཚོས་འབོད་བསྐུལ་གནོན་ཤུགས་སྤྲད་ཐུབ་ན་དགེ་མཚན་མེད་པ་མ་རེད་སྙམ་ལགས། བྷོ་ཊའི་སྐད་ལ་སེམས་པས་མ་བཟོད་ནས་བསམ་འཆར་ཙམ་མོ། །
གསུང་སྐབས། གསུང་ཆོས་སྐབས།་སང་། ཐག་ཡོད་འདི་ཐུག་ཡོད་སྲིད།
དགེ་བསྙེན་ཀརྡོ་ལེགས་དང་། གཅན་བཟོད་རྒྱམ་མཆོག་གིས་བགྲོ་གླེང་མཛད་པར་ཡིད་སྤྲོ། འདིར་གསལ་བཤད་དགོས་པ་ཞིག་ནི། མང་དང་། མངས་དང་། དམངས་ཞེས་གསུམ་ལས་དང་པོ་ཁྱད་ཆོས་དང་། ཐ་མ་གཉིས་མིང་དུ་ངོས་གཟུང་དགོས་པར་སྣང་། དང་པོ་ནི་བདག་གི་མཆན་ན་ཡོད་པའི་མི་མངས་དང་། རྒྱུད་མངས། ལྟ་བུ་དང་། དམངས་ནི་གདོལ་པའི་མིང་གི་རྣམ་གྲངས་ལྟ་བུར་འཆི་མེད་མཛོད་ན་གསུངས་ཤིང་། སྤྱོད་འཇུག་ཏུ་གཡོག་པོ་ལྟ་བུར་གསུངས་སོ།།
དབང་ཞེས་པ་རྒྱ་ནག་སྐད་དུ་རྒྱལ་པོ་ལ་འབོད་ཅིང་། སྔར་རྒྱ་སྐད་དུ་ཡང་། བོད་སྐད་གནའ་བོའི་ཀློག་སྟངས་བཞིན་དུ་སྔོན་འཇུག་ད་དེ་ཡང་འབོད་དོ་ཞེས་རྒྱ་ནག་གྲོང་ཁྱེར་ཤང་ཧེ་ནས་འོངས་པ་བོད་ཀྱི་རིག་གཞུང་སྐད་ཀྱི་སློབ་མ་ཞིག་གིས་བཤད་ཅིང་། དིང་སང་གི་རྒྱ་སྐད་དུ་ད་འབོད་པ་དེ་ཉམས་ཏེ། ཝང་། ཞེས་སྔོན་མ་ཞིག་ཐོས། རྒྱ་སྐད་དུ་ཡོད་པའི་སྐད་དོད་དུ། ཡོ། ཞེས་བོད་ཡུལ་འགའ་རེར་ཁ་སྐད་དུ་ཡོད་ཅེས་རྗེས་འཇུག་གསལ་པོར་མ་འབོད་ན་། ཡོ་དང་ཁྱད་པར་མེད་པར་སྣང་། རི་པིན་གྱི་གྲངས་ཀ་དེ་བོད་ཀྱི་གྲངས་ཀ་དང་ཕལ་ཆེར་མཐུན་པར་འདུག ཉི་ཞེས་པར་བོད་རིན་གཉིས་ཀས་མཐུན་པར་འབོད། རི་པིན་རང་གི་སྐད་དུ། ཡུལ་དེ་ལ་ཉི་ཧོང་སྟེ། ཉི་མའི་འབྱུང་ཁུངས་ཞེས་སོ། །འདི་བོད་སྒྲ་དག་གསལ་པོར་འབོད་དགོས་པ་རང་གི་ཡིད་ལ་སྒོམ་ཕྱིར་དང་སྐལ་བ་མཉམ་པ་གཞན་ལའང་ཕན་སྙམ་པ་རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་ལད་མོའོ།།
སྐུ་གཤེགས་མཁས་དབང་གར་ཞྭ་པ་དངོས་གྲུབ་ལགས་དང་ལ་དྭགས་པ་མཁས་དབང་རྒན་བློ་བཟང་འཇམ་དཔལ་ལགས། རྒྱ་གར་གྲངས་ཉུང་མི་རིགས་ཀྱི་དབུ་ཁྲིད་བླ་མ་ཆོས་འཕེལ་བཟོད་པ་དང་། སྤེ་ཏིའི་སེམས་པ་རྡོ་རྗེ་དང་གར་ཞྭ་པ་བཀྲ་ཤིས་དཔལ་འབྱོར་སོགས་ལྷག་པར་ཧི་མ་ལའི་ནང་པའི་ཆོས་ཚོགས་ཁག་གིས་སྔ་ཕྱི་རིམ་པར་བྷོ་ཊའི་སྐད་ཡིག་ཐོག་ལ་ཡར་རྒྱས་ཀྱི་འབད་རྩོལ་ཤུགས་ཆེ་གནང་སྟེ། ད་ཆ་ཕྱོགས་ཡོངས་ནས་རང་གི་སྐད་ཡིག་ལ་དོ་སྣང་ཤུགས་ཆེ་རུ་ཕྱིན་པ་དང་ཕྱོགས་མཚུངས་གདན་ས་ཁག་གི་ཧི་མ་ལའི་དགེ་བའི་བཤེས་གཉེན་རྣམ་པ་དང་སློབ་ཕྲུག་ཚོས་བྷོ་ཊའི་སྐད་ཡིག་ཐོག་ལ་སྲུང་སྐྱོབ་དང་༧གོང་ས་མཆོག་གི་བཀའི་མེ་ཏོག་སྤྱི་བོར་བཅིངས་བའི་ཉེར་འབྲས་སུ་ལྟ་སྤྱོད་རྣལ་མའི་མི་རབས་གསར་བ་མང་པོ་ཞིག་འཕེལ་བཞིན་པ་དད་གུས་སྤྲོ་གསུམ་གྱི་གནས་སུ་མཆིས་ལགས་སོ།།
མིག་བརྒྱད་པས་ག་ཞྭ་པ་དངོས་གྲུབ་དམ་པ་ཁོང་གླེང་ཡོང་ན་ངས་ཀྱང་ཁོང་གི་ཞལ་གསུང་དྲོན་རེ་ཁད་ཀྱིས་དྲན་འོང་གི་འདུག
ག་ཞྭ་པ་དངོས་གྲུབ་དམ་པ་འདི་ངོ་མ་བོད་སྐད་ཡིག་རིག་གནས་ལ་ཤ་ཞེན་ཆེ་ཞིང་མཁྱེན་རྒྱ་ཅན་ཞིག་ཡིན་མོད། དུས་ཀྱིས་མ་ཟིོན་པ་མ་གཏོགས་འདི་འདྲ་བ་ནི་ཧི་མ་ལ་ཡིའི་རི་རྒྱུད་འདི་ལ་དགོས་པའི་མཁས་པ་ཆེན་པོ་ཞིག་ཡིན་ཡ། ༡༩༧༠ དོན་གྲངས་ནང་ལ་རྒྱ་གར་པན་ཇབ་གཞུང་གིས་ཁོང་ལ། ག་ཞྭ་དང་ཁུ་ནུ་པེ་ཏི་ཕྱོགས་ལ་རང་སྐད་ཐོག་ནས་སློབ་དེབ་བཟོ་རོགས། འགྲོ་སོང་ནས་མཐུན་རྐྱེན་གང་དགོས་གཞུང་ནས་སྩོལ་འཐུས་ཞེས་ཐེངས་འགར་བཤད་ཀྱང་། ཁོང་ག་ཞྭྭ་དང་ཁུ་ནུ་པེ་ཏེ་ལ་བོད་སྐད་ཡིག་ལས་ལོགས་སུ་སྐད་ཡིག་ཅིག་ཅམ། སློབ་དེབ་བཟོ་ཐབས་མི་འདུག ག་ཞྭ་ལྟ་བུར་མཚོན་ན་སྐད་ཀྱི་བརྒྱ་ཆའི་༩༠ ཡན་བོད་སྐད་ནང་དུ་བསྡད་འདུག་པས། རང་སྐད་ཅིག་སློབ་དགོས་ན་བོད་སྐད་ཡིག་འདི་སློབ་ན་ལས་གཞན་པའི་སློབ་དེབ་ཅིག་ལོགས་སུ་བཟོ་རྒྱུ་མི་འདུག་ལ། བཟོ་དགོས་པའང་ད་ལྟ་ད་དུང་མི་འདུག་ཅེས་བཤད་པ་ཡིན་ཞེས་མཁས་དབང་དམ་པ་ཁོང་གི་ཞལ་ནས་གསུང་མྱོང་། ཁོང་ལྟ་བུ་རེ་དེང་སྐབས་ཡོད་ན་བོད་སྐད་ཡིག་སྤྱི་དང་དགོས་སུ་ཧི་མ་ལ་ཡིའི་རི་རྒྱུད་ཀྱི་སླད་ཡིག་འདི་ལ་དགོས་ཕན་ཆེན་པོ་ལྡན་ངེས་སྙམ།