(བོད་སྐད་ཡིག་ཚོགས་འདུའི་སྟེང་བཤད་འདོད་པའི་བསམ་འཆར་ཡི་གེར་བཀོད་པ།)
སྐལ་བཟང་ཉི་མ།
བོད་ཀྱི་སྐད་ཡིག་ཚོགས་འདུའི་བརྡ་སྦྱོར་སྔ་ས་ནས་མཐོང་ཞིང་ཚོགས་འདུ་ལ་ཞུགས་སྙིང་འདོད་པ་ཞིག་ཅིས་ཀྱང་རེད་མོད། སློབ་གྲྭའི་གཞུང་གིས་དགོངས་ཤོག་གནང་མིན་ལ་མ་ལྟོས་པར་རང་གི་སློབ་ཁྲིད་ཀྱིས་དུས་ངེས་མེད་དུ་ག་ས་གང་ལ་འགྲོ་ཆོག་ཆོག་གི་བར་གསེང་ཞིག་མི་སྟེར་བས། ཚོགས་འདུ་དེ་འདྲ་ཞིག་ཚོགས་ཀྱིན་ཡོད་ཨང་བསམ་བཞིན་བསམ་བཞིན་ཉི་མ་གཅིག་ཤོར་སོང་ལ། རེས་གཟའ་སྤེན་པ་གཉིས་པའི་གུང་གསེང་དང་བསྟུན་ནས་ནངས་སྔ་ལངས་ཀྱིས་ཆེད་དུ་ཚོགས་འདུ་ལ་མཉམ་ཞུགས་བྱས་པ་ཡིན།
ཚོགས་འདུ་ར་བའི་ནང་ཕལ་ཆེར་མི་རེ་རེའི་མདུན་ཐད་ཙམ་རེར་སྐད་སྦུག་རེ་བཞག་སྟེ་རང་རང་གི་བསམ་འཆར་སྨྲ་བརྗོད་ཀྱི་རང་དབང་དང་འདྲ་མཉམ། ཀུ་ཡངས་ཀྱི་རྣམ་པ་ཆེར་མངོན་པ་དེས་ཚོགས་ཞུགས་པ་ཀུན་ལ་སྤོབས་པ་དང་སྤྲོ་སྣང་ཚད་མེད་ཅིག་སྐྱེས་སུ་འཇུག་མོད། མི་རེ་རེས་སྐད་ཆ་རེ་བཤད་པའི་མཇུག་ཏུ་ང་ཚོས་དེ་རིང་ཡང་འདི་ལྟར་ཕན་ཚུན་ལ་སྐྱོ་གཏམ་རེ་བཤད་རེས་བྱེད་པ་རེད་ཨང་ཞེས་ཡིད་མ་མགུ་བའི་ཚོར་ཤུགས་དྲག་པོ་དེ་ཕྱིར་འདོན་པ་དེས། ཕན་ཚུན་གྱི་སེམས་བསམ་པའི་གཏིང་ལ་དུངས་བ་ཟབ་མོ་ཞིག་དང་སྐྱོ་བ་ཚད་མེད་པ་ཞིག་བྱོ་ཡོང་གིན་འདུག་ཨང་།
སྐབས་དེ་འདྲ་ལ་མི་སུ་འདྲ་ཞིག་ཡིན་རུང་གདུང་ཤུགས་དྲག་པོས་རང་རང་གི་སྐྱོ་གཏམ་བཤད་འདོད་པ་ནི་ཚད་མེད་པ་དང་འགོག་མི་བཏུབ་པ་ཞིག་ཏུ་གདའ་ཡང་། ཐེངས་འདིའི་ཚོགས་འདུའི་ནང་སློབ་མ་མིོ་ཉུང་བ་ཞིག་མཉམ་ཞུགས་བྱས་པ་དག་གི་སློབ་གྲྭའི་ནང་གི་དངོས་ཡོད་དཀའ་ངལ་སྐོར་གྱི་སྐྱོ་གཏམ་བརྗོད་རྒྱུ་གལ་ཆེན་དང་མི་མང་པོ་ཞིག་གིས་དེ་ལ་ཉན་རྒྱུ་དོན་ཆེན་དུ་བརྩིས་ཏེ་ཁོང་ཚོར་དུས་ཚོད་ཕུལ་སོང་བས། ང་ལ་རང་གི་སྐྱོ་གཏམ་བཤད་ཁོམ་ཡོད་མ་སོང་མ་གཏོགས། བཤད་རྒྱུ་མེད་པ་གཏན་མིན། ལྷག་པར་དུ་ཚོགས་འདུའི་ཐོག་མི་ཆེ་ཆུང་མང་ཆེ་བས་སྐྱོན་བརྗོད་དང་ཐེར་འདོན་བྱེད་ཡུལ་གྱི་གྲས་སུ་ཚུད་པའི་དགེ་རྒན་དཀྱུས་མ་ཞིག་ཏུ་སོང་། ཁྱེད་ཅག་གི་མཛུབ་ཀེར་གྱི་སྣེ་རུ་ཁྱེད་ཅག་གི་སྐྱོ་བ་ལས་ཀྱང་སྐྱོ་བ་ལ་ཚད་མེད་པའི་སྐྱོ་གཏམ་མོད་པོ་ཞིག་ང་ཡི་མགྲིན་སྒོ་ལ་ཡར་ཡར་དུ་འཚང་ཡོང་ཨང་།
ད་ལྟའི་ཆར་བོད་སྐད་ཡིག་སློབ་གསོའི་སྐྱོ་གནད་གླེང་བའི་སྐབས་དང་དུས་གང་འདྲ་ཞིག་ཡིན་རུང་གླེང་གཞི་གཙོ་བོ་བོད་ཡིག་དགེ་རྒན་གྱི་ཤེས་ཚད་དམའ་དྲགས་པ་དང་སློབ་ཁྲིད་ཐབས་རྩལ་ཞན་དྲགས་པ། ལྟ་བ་མཁྲེགས་དྲགས་པ་བཅས་དང་། བོད་ཡིག་སློབ་དེབ་ཀྱི་ཕྱིའི་ཇུས་འགོད་ཀྱི་རྣམ་པ་མི་མཛེས་བ་དང་ནང་གི་སློབ་ཚན་གྱི་ནང་དོན་སློབ་མའི་བློ་རིག་འཕེལ་བསྐྱེད་ཀྱི་ཚད་དང་མི་རན་པ་བཅས་རེད་འདུག་ལ། འདིའི་ཐད་དུས་ད་ལྟའི་བར་བགྲོ་གླེང་དང་ཐག་གཅོད་གང་མཚམས་ཤིག་བྱུང་བ་ལྟར་འགྱུར་བ་ཕྲན་ཙམ་རེ་འགྲོ་བཞིན་པའི་སྣང་བ་ཞིག་ཀྱང་ང་ལ་འཆར་རོ།།
དེས་ན་ང་ཚོས་ད་དུང་གནས་སྟངས་འདི་ཡར་རྒྱས་གོང་འཕེལ་དུ་གཏོང་དགོས་བསམ་ན་ལམ་ཁ་གཞན་དང་གཞན་ཡང་བསྟེན་དགོས་ཏེ། དེ་ཡང་དགེ་རྒན་དང་སློབ་དེབ་སྐྱོ་བོ་འདི་གཉིས་ཀྱི་དཔུང་རོགས་གཞན་ཞིག་ནི་སྤྱི་ཚོགས་སྟེང་གི་རྩོམ་པ་པོ་དང་ཤེས་ཡོན་པ་ཡིན་ཟེར་མཁན་དག་གི་གསར་རྩོམ་དང་གསར་འགྲེལ་སོགས་ཀྱི་ཤེས་བྱ་གྱ་ནོམ་པ་དེ་ལགས་མོད། རང་རེའི་བཙན་བྱོལ་སྤྱི་ཚོགས་ཁྲོད་གནས་སྟངས་འདིའང་དགེ་རྒན་དང་སློབ་དེབ་ཀྱི་གནས་སྟངས་དེ་ལས་དམའ་བ་མེད་ན་བརྒལ་མི་འདུག གཅིག་ཡོད་པ་ནི་ཕལ་ཆེར་རྒན་ཆབ་བྲག་ལྷ་མོ་སྐྱབས་ཀྱི་<<རྩོམ་རིག་སྐོར་གྱི་ཐ་སྙད་འགའ་>>དང་། <<ཚིགས་བཅད་འབྲི་སྟངས་ངོ་སྤྲོད་རགས་ཙམ་བྱེད་པ།>> <<སྒྲུང་གཏམ་འཁྲིད་ཐབས་སྐོར་གྱི་གནད་འགག་འགའ།>> <<སྒྲུང་གཏམ་སློབ་ཚན་ལ་དབྱེ་ཞིབ་བྱེད་ཐབས་སྐོར།>> <<སྒྲུང་རྩོམ་འབྲི་སྦྱོང་སྐོར་>>སོགས་ཧ་ཅང་མོད་པོ་ཞིག་ཡོད་པ་དེ་ལས་གཞན་བཙན་བྱོལ་གྱི་མཁས་པ་དང་རྩོམ་པ་པོ་གཞན་དང་གཞན་གྱི་དྲ་ཚིགས་དང་ཟིན་བྲིས། བརྩམས་ཆོས། རྩོམ་ཡིག་སོགས་སུ་དེ་འདྲ་མཐོང་དཀོན་ཙམ་གདའ། བོད་ནང་ལ་མཚོན་ན་ད་ལྟའི་ཆར་རྩོམ་པ་པོ་དང་ཐ་ན་མཁས་པ་རྒན་གྲས་རྣམ་པས་ཀྱང་སློབ་གྲྭའི་སློབ་མའི་དཔེ་ཀློག་དང་། རྩོམ་ཡིག་འབྲི་སྦྱོང་། རྩོམ་རིག་དང་བརྡ་སྤྲོད། ལོ་རྒྱུས་བཅས་སློབ་ཁྲིད་དང་རང་སྦྱོང་ཐད་ལ་སྨན་པའི་རྩོམ་ཡིག་དང་དཔེ་དེབ་ཅི་འདྲའི་མང་པོ་འདོན་སྤེལ་བྱེད་ཀྱིན་འདུག་པ་ཀུན་གྱིས་མཐོང་གསལ་རེད། དེ་བས་འུ་ཚོས་ཀྱང་བོད་ནང་གི་རྩོམ་པ་པོ་དང་མཁས་བ་འདི་དག་ལ་ཁ་མིག་ཡར་ལྟ་བྱ་དགོས་འདུག སྤྱི་ཚོགས་སྟེང་གི་རྩོམ་པ་པོ་དང་ཤེས་ཡོན་ཅན་དག་གིས་དགེ་རྒན་གྱི་སློབ་ཁྲིད་དང་སློབ་མའི་རང་སྦྱོང་ལ་རོགས་འདེགས་བྱེད་བཏུབ་པའི་གསར་རྩོམ་འདོན་སྤེལ་ལ་ཤུགས་རྒྱག་དགོས་པ་གཅིག གཞུང་གིས་གཏན་ལ་ཕབ་པའི་སློབ་གཞི་དེ་དག་ལའང་ཡག་པོ་མི་འདུག་འཚམ་པོ་མི་འདུག་ཅེས་སྐད་ཆ་རྡོག་རྡོག་རེ་གཉིས་ཀྱིས་དམའ་འབེབས་བྱེད་པ་ཙམ་མ་ཡིན་པར། སློབ་དེབ་རེ་རེའི་ཕྱོགས་དང་མཚམས་གང་ཞིག་གམ། ཡང་ན་སློབ་ཚན་བྱེ་བྲག་པ་གང་དང་གང་འཚམ་མི་འཚམ་གྱི་བསམ་འཆར་འདོན་པ་དང་གཉིས། རང་རང་གི་ཆེད་སྦྱངས་དང་འབྲེལ་ཡོད་སློབ་ཚན་རེ་རེ་བཞིན་གསར་དུ་འགྲེལ་བ་དང་། སློབ་ཚན་རེ་རེར་དབྱེ་ཞིབ་བྱེད་པ། སློབ་ཚན་རེ་རེ་ཁྲིད་ཐབས་བརྗོད་པ། སློབ་ཚན་རེ་རེར་སློབ་ཁྲིད་འཆར་འགོད་བཟོ་བ་བཅས་དང་གསུམ་སོགས་འབྲེལ་ཡོད་ཤེས་བྱ་སྣ་ཚོགས་དེང་སང་གི་བརྒྱུད་ལམ་འདྲ་མིན་ནས་མཉམ་རུབ་བྱ་ཐུབ་ཚེ། དགེ་རྒན་དང་སློབ་དེབ་སྤུས་ཀ་སྐྱོ་མིན་ལ་མ་ལྟོས་པར་སློབ་ཁྲིད་ཀྱི་བྱ་བ་ལེགས་འགྲུབ་དང་སློབ་མའི་རང་སྦྱོང་གི་ཤུགས་རྐྱེན་མཐོར་འདེགས་བྱ་ཐུབ་རྒྱུ་ཉག་གཅིག་རེད་ལ། སློབ་ཁྲིད་དང་རང་སྦྱོང་གི་སྤུས་ཀ་ཡག་ཏུ་གཏང་ཐུབ་ན་བོད་སྐད་ཡིག་སློབ་གསོ་གྲ་ཇེ་དག་ཏུ་མ་ཡོང་ག་མེད་རེད།
ཁོ་བོས་སྐྱོ་གཏམ་འདི་འདྲ་ཞིག་བཤད་ནས་མཚམས་འདིར་སླེབས་དུས་ད་དུང་བརྗོད་སྙིང་འདོད་པ་ནི། བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པ་གཞུང་འབྲེལ་ཡིན་མིན་གྱི་ཚོགས་པ་ཁག་གི་བསྒྲགས་ཡིག་གི་དག་ནོར་ཉེན་རྟོག་དཔོན་ལྟ་བུ་དང་། དེ་སྔོན་བོད་ཀྱི་དུས་བབ་དྲ་ཚིགས་སུ་བསེ་རུ་དང་བསྟན་འཛིན་ཚེ་དཔག་གཉིས་དྲ་རྩོམ་དག་ནོར་གྱི་ཉེན་རྟོག་དཔོན་དུ་བཞེངས་པ། ད་ལྟ་ཨ་རིག་དགེ་མཐོང་ལགས་ཁ་བརྡ་དྲ་བའི་དག་ནོར་ཉེན་རྟོག་དཔོན་དུ་དང་བླང་བྱས་འདུག་པ་ལྟ་བུ་གཞན་ཡང་དགོས་པར་འདུག་སྟེ། དེ་ཡང་སློབ་གྲྭ་ཁག་གི་དཔེ་མཛོད་ཁང་ན་སྤུངས་བཞག་པའི་གཞུང་འབྲེལ་ཡིན་མིན་གྱི་ཚོགས་པ་དང་སྡེ་ཚན་ཁག་གིས་བཀྲམས་པའི་དཔེ་དེབ་དང་ཤོག་བྱང་དག་གི་དག་ནོར་ལའང་ཉེན་རྟོག་དཔོན་ཞིག་དགོས་གལ་ཆེ་ཞིང་། ལས་ཀ་འདི་མཛད་དཀའ་མེད་ཚེ་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པས་ལྷག་བསམ་གྱིས་བསྒྲུབ་ཀྱང་འཐུས་སྙམ། ཁོང་ཚོས་གནས་དང་དུས་ངེས་མེད་དུ་གད་སྙིགས་བཞིན་གཡུག་ཡོང་བའི་ཤོག་བྱང་དང་དཔེ་དེབ་དེ་དག་གི་ཚིག་སྦྱོར་དང་བརྗོད་དོན་གོང་བསྒྲིགས་སྟངས་སོགས་མི་ལེགས་པའི་ཐོག་ལ་དག་ནོར་གྱིས་ཁེངས་ཏེ་གདའ་བས། སློབ་མ་ཚོའི་དཔེ་ཀློག་གི་སྤྲོ་སྣང་ལ་བགེགས་བྱེད་པ་དང་། སློབ་མ་ཚོའི་རྒྱུད་ལ་འཇག་གིན་པའི་སྐད་ཡིག་གི་རྨང་གཞིའི་གཤིས་ཀ་སྐྱོན་ཅན་དུ་བསྒྱུར་བ། སློབ་མ་ཚོས་གསར་དུ་སྦྱོང་བཞིན་པའི་དག་ཡིག་ཐེ་ཚོམ་ཅན་དུ་གཏོང་བ་སོགས་ཀྱི་སྐྱོན་བྱུང་དང་འབྱུང་གིན་ཡོད་ཅིང་། འདིའང་བོད་སྐད་ཡིག་སློབ་གསོའི་བགེགས་བར་ཆད་གཅིག་ཙམ་དུ་སོང་དང་འགྲོ་བཞིན་པ་ཞིོག་ལགས་ན། བདག་གི་སྐྱོ་གཏམ་འདིའང་ཀུན་གྱིས་ཐོས་ཤིང་གོ་བར་སྨོན་ཞེས་ཀྱང་ཐལ་ལོ།།
སྐལ་བཟང་ཉི་མ་ལགས་ཀྱི་གསུངས་པ་ནི་སྐྱོ་གཏམ་ཞིག་ག་ལ་ཡིན། ཁ་བརྡ་དྲ་བར་སྤེལ་བའི་དཔྱད་བརྗོད་ཡག་ཤོས་གཅིག་ཏུ་འདོད་དེ། ཁོང་གི་མི་རིགས་དང་སྐད་ཡིག་ལ་བཅངས་པའི་ལྷག་བསམ་དང༌། དེའི་གལ་གནད་རང་བཞིན་གནད་དུ་ཐིངས་པ་ཞིག་བཤད་འདུག་པས། ཁོ་བས་རྩོམ་པ་པོ་ཁོང་ལ་རྗེས་སུ་ཡི་རང་དང་བསྔགས་བརྗོད་གྲངས་མེད་ཞུ་འདོད་བྱུང༌། རྗེས་ཕྱོགས་ཀྱང་རྩོམ་པ་པོ་རྣམས་ཀྱིས་འདི་དང་འདི་འདྲའི་དཔྱད་བརྗོད་སྤེལ་གནང་ཡོང་བའི་རེ་བ་ཤིན་ཏུ་ཆེ།
དེང་གི་ཆར་སྐད་ཡིག་ཉམས་ཆག་རང་བཞིན་སྐོར་བཤད་སྐབས། ཚང་མས་དཔེ་དེབ་འགྲིགས་མིན་གྱི་སྐད་ཆ་མང་པོ་འཆད་ཀྱིན་འདུག ཁོ་བོས་བསམ་པར་བོད་ཀྱི་ཡི་གེ་དཔྱིས་ཕྱིན་པར་སྦྱང་དགོས་སྙམ་ན། སྔར་གྱི་སུམ་རྟགས་ཀྱི་འཕྲད་དང་རྣམ་དབྱེའི་ཐོབ་ཐང་དང༌། རྩ་འགྲེལ་ཡང་འགྲེལ་ལ་སོགས་པར་སྔར་སྲོལ་བཞིན་སྦྱང་བ་བྱེད་རྒྱུ་མ་གཏོགས། དེ་ལས་གཞན་པའི་ལས་སླ་བོའི་ལམ་ཁ་ཞིག་བཙལ་དུ་ཨེ་ཡོད་སྙམ་ཞིང༌། བོད་ཀྱི་རིག་གཞུང་ནི་ཐུན་མོང་མ་ཡིན་པ་རྩ་བ་བློ་འཛིན་གྱི་སྒོ་ནས་དེའི་འགྲེལ་བ་དང་ཡང་འགྲེལ་སྦྱང་གོམས་བྱེད་དགོས་པ་ཞིག་ཡིན་པས། བློར་འཛིན་སྐྱོར་སྦྱངས་ཀྱི་དཀའ་བ་དང་དུ་ལེན་མ་ཐུབ་ཚེ་ཀ་ངོ་ཡིག་ངོ་ཆོད་ཙམ་ལས་ཁུངས་འཕེར་བའི་བོད་ཀྱི་མཁས་པའམ་རྩོམ་པ་པོ། སྐད་ཡིག་སྨྲ་བ། ལོ་རྒྱུས་སྨྲ་བ་སོགས་རིག་གཞུང་གི་ངོ་བོ་རྒྱུད་འཛིན་ཐུབ་རྒྱུ་ཤིན་ཏུ་དཀའ་སྙམ།
ཁ་ཡོད་ལག་ཡོད་ཀྱི་སྐད་ཆ་རེད།
སེམས་གཏིང་གི་འབོད་སྐུལ་རེད།
སྤྱི་ཚོགས་ཀྱི་ཉམས་མྱོང་ཡོད་པའི་སྐད་ཆ་རེད།
གནས་སྟངས་ངོ་མ་ཤེས་པའི་འབེལ་གཏམ་རེད།
སྐལ་བཟང་ཉི་མ།
ཨ་རོག ཤུགས་རྒྱོབས།
སྤྱི་ཚོགས་འདིའི་ནང་ཁ་རྒྱགས་པ་ཤོད་མཁན་དེ་ཇེ་མང་ནས་ཇེ་མང་རེད།
རང་གིས་རང་ངོ་མི་ཤེས་པ་དེ་ཡང་ཇེ་མང་ནས་ཇེ་མང་རེད།
སྤྱི་དོན་ཁ་ལ་ཁྱེར་ནས་སྒེར་དོན་སྒྲུབ་མཁན་དེ་ཡང་ཇེ་མང་ནས་ཇེ་མང་རེད།
གཞུང་དང་ཚོགས་པ་ཁག་ལ་ཁ་གཏོང་མཁན་དེ་ཡང་ཇེ་མང་ནས་ཇེ་མང་རེད།
ད་གཟབ་གཟབ་བྱོས། གཟབ་གཟབ་བྱོས།
ཐ་ན་རང་གི་གྱོན་གོས་གྱོན་སྟངས་མི་ཤེས་མཁན་དེ་ཚོས་ཀྱང་གཞུང་ལ་ཁ་གཏོང་གི་འདུག
རང་གི་ལྟོ་བ་རང་གིས་གསོ་མི་ཤེས་པ་དེ་ཚོས་ཀྱང་གཞུང་ལ་ཁ་གཏོང་གི་འདུག
མིག་གཉིས་ཡོད་ཀྱང་གཅིག་ལས་བེད་སྤྱོད་མི་གཏོང་མཁན་དེ་ཚོས་ཀྱང་གཞུང་ལ་ཁ་གཏོང་གི་འདུག
ད་ཁ་ལ་བདག་པོ་རྒྱོབས།
ལག་ལ་བདག་པོ་རྒྱོབས།
འདི་ནི་རྒན་པོའི་སེམས་ཀྱི་སྐད་ཆ་ཡིན།
འདི་ནི་རྒན་པོའི་ངུ་སྐད་ཡིན།
འདི་ནི་རྒན་པོའི་གཞེན་སྐུལ་ཡིན།།
ཁ་ནས་ཐོན་ཚད་མ་ཤོད།
སེམས་ནས་དྲན་ཚད་མ་བྱེད།
ལག་ལ་ཡོང་ཚད་མ་བྲིས།
གཙོ་བོ་སྤྱི་སྒེར་གཉིས་ཀའི་འཕྲལ་ཕུགས་ཀྱི་དོན་ལ་སོམས།།
ད་དེ་རིང་ནས་སླེབས་པ་དང་པོ་ཡིན་ལ། འདིར་འདི་འདྲ་བྲིས་པ་ཡང་དང་པོ་ཡིན།
ཚང་མ་ཁ་དྲོ། བཀྲ་ཤིས།
ཚེ་རིང་། ལོ་བརྒྱ།
བདེ་མོ་བྱོས།
རྗེས་སུ་ནམ་ཡང་ཐུག་གི་མ་རེད། ཚང་མ་གནས་འདིར་འཆམ་མཐུན་ངང་བཞུགས་རོགས།།
how
ཧ་ཅང་གི་ཡག་པོ་འདུག། ཡིན་ན་ཡང་གཟུངས་ཕྱུགས་སྐྱིད་ལ་རྩོམ་པ་པོ་ཞིག་གི་མིང་དེ་གང་ནས་ཐོག་ནས། བོད་ཀྱི་བུད་མེད་རྩོམ་པ་པོ་ཚང་མའི་ཞབས་འདྲེན་རེད།